དངུལ་ཆུ་ངག་དབང་རྡོ་རྗེ།(༡༧༢༠-༡༨༠༣)

༄༅། །ན་མོ་གུ་རུ་མུ་ནི་ཨིན་དྲ་ཡ། ངག་གི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་འདུད། །བསྟན་པའི་ཆ་རྐྱེན་ཡི་གེའི་དག་བྱེད་གཞུང༌། །བློ་ལྡན་གཞོན་ནུ་དོན་གཉེར་ཅན་རྣམས་ལ། །ཕན་ཕྱིར་མཁས་པའི་ལེགས་བཤད་ལས་བཏུས་ནས། །མདོ་ཙམ་བཀོད་ལ་བདག་བློ་རྒྱས་པར་མཛོད། །གསུང་རབ་བརྡ་ལ་མ་སྦྱངས་ན། །རྗོད་བྱེད་ཚིག་གི་སྒྲ་འདྲ་ཡང༌། །བརྗོད་བྱ་དོན་ལ་ཁྱད་པར་ཡོད། །དེ་ཕྱིར་ཡི་གེའི་དག་བྱེད་དགོས། །དེ་ཡང་ཀ་སོགས་གསལ་བྱེད་ལ། །དབྱངས་ཨ་ཨི་ཨུ་ཨེ་ཨོ་དང༌། །ཡ་ར་ལ་ཝའི་སྨད་འདོགས་རྣམས། །གང་རུང་ཡོད་ཀྱང་འཕུལ་དང་མགོ ། མེད་ན་ཐམས་ཅད་རྐྱང་པ་ཡིན། །སྔོན་འཇུག་ག་ད་བ་མ་འ། །ཡོད་པ་ཐམས་ཅད་འཕུལ་ཅན་ཡིན། །ཐོད་དུ་ར་ལ་ས་གསུམ་པོ། །ཡོད་པ་ཐམས་ཅད་མགོ་ཅན་ཡིན། །དེ་དག་ངེས་པར་བྱས་པ་ལ། །རྐྱང་པ་འཕུལ་ཅན་མགོ་ཅན་གསུམ། །ཀ་ནས་རིམ་བཞིན་སྤྲོ་བར་བྱ། །

ཐོག་མར་ཀའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཀ་བ་ཀ་ཙ་ཀ་ར་དང༌། །ཀ་མ་ལ་དང་ཀ་པཱ་ལ། །ཀ་ཅ་ཀ་ཏན་ཀ་ཤི་ཀ།༑ཀོ་འུ་ཤི་ཀ་ཀེ་ལ་ཤ །རྩི་ཤིང་ཀ་ཤ་ཀུ་ཤ་དང༌། །ཀ་འུ་ཀུན་དོང་མང་ཚིག་ཀུན། །ཀ་ལ་པིངྐ་ཀྲོང་ཀྲོང་ལྟ༑ ༑བྱེ་འུ་ཅོག་ཀ་ཀྱུར་ཀྱུར་སྒྲོག །ཀེ་རེ་ལངས་དང་ཀུ་ཅོ་འདོན། །ཀྱལ་ཀ་ཀླན་ཀ་ཀུ་རེ་བྱེད། །འཐབ་ཀྲོལ་ཕུང་ཀྲོལ་ཀྲག་ཀྲོག་སྒྲ། །དྲང་མིན་ཀྱོག་པོ་ཀྲབ་ཀྲབ་འཁྲབ། །ཀོང་པོའི་ཀོང་རྣ་འདི་ཀོ་དང༌། །སྟོད་ཀོར་ཀླད་ཀོར་ཀླད་ཀྱི་དོན། །འབྲས་བུ་ཀུ་ཤུ་གུར་ཀུམ་དང༌། །ལན་ཀན་ཐན་ཀོར་ཉེན་ཀོར་འཁོར། །རུས་ཀྲང་སྐྱིལ་ཀྲུང་ཀྲང་ངེ་སྡོད། །མར་མེའི་ཀོང་བུ་ལྕགས་ཀྱུ་དང༌། །ཞབས་ཀྱུ་ཀེང་རུས་ཀླད་པ་ཟ། །ཀོ་བ་ལྷམ་གྱི་ཀྲད་པ་ཡིན། །ནགས་ཀླུང་ཆུ་ཀླུང་རྦ་ཀློང་དང༌། །ཀླུ་དང་ཀླ་ཀློ་ཀླག་ཅོར་ཆེ། །ཡི་གེ་ཀློག་དང་གོས་ཀྱིས་ཀླུབས། །ཀྲིག་ཀྲིག་ཀློང་ཡངས་ཀློང་དུ་གྱུར། །ཀྱེ་ཧོ་ཀྭ་ཡེ་བོད་པའི་ཚིག ། འབྱམས་ཀླས་མཐའ་ཀླས་དོ་ཀེར་ཅན། །ཀྱོང་མོ་ཡུངས་ཀར་ཐལ་ཀར་མདོག །ཐུགས་ཀ་ལ་སོགས་ཀ་རྐྱང་ཡིན། །
   དས་འཕུལ་ཀ་ཡིག གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །ཐོ་ཡིག་དཀར་ཆག་དཀོར་ནི་ནོར། ། དཀར་ཡོལ་ཆག་དཀྲུམ་ཁ་མདོག་དཀར། །མི་ནུས་དཀའ་དང་མི་རྙེད་དཀོན། །དཀྲོང་བསྐྱེད་དཀྱིལ་འཁོར་དབུས་ཀྱི་དཀྱིལ། །སྤྱན་དཀྱུས་རིང་དང་དཀྱུས་མ་དང༌། །རྒྱུག་སར་རྒྱུགས་པའི་དཀྱུ་སར་དཀྱུས། །ཕན་ཚུན་དཀྲུགས་དང་ཁྲག་ཁྲུག་དཀྲུགས། །དཀོས་ཐག་ཀུན་དཀྲིགས་ཉོན་མོངས་མིང༌། ། གོས་ཀྱིས་དཀྲིས་དང་འཁྲིགས་པའི་དཀྲིགས། །ཞོ་སོགས་དཀྲོགས་དང་རོལ་མོ་དཀྲོལ། །སྟ་ཟུར་དཀུ་དང་རི་གཟར་དཀན། །ཁོང་ཡངས་པ་ཡི་དཀྱེལ་ཆེ་སོགས། །ད་ཡིས་འཕུལ་བའི་ཀ་ཡིག་ཡིན། །
   བས་འཕུལ་ཀ་ཡིག རྣམ་བཀྲ་བཀྲ་ཤིས་བཀྲག་མདངས་དང༌། །ཆལ་མར་བཀྲམ་དང་དྲི་མ་བཀྲུས། །བལ་བཀལ་ཁྲལ་བཀལ་ཁལ་སོགས་བཀལ། །རྒྱལ་བའི་བཀའ་དང་ཁྲལ་སོགས་བཀལ། །ལོགས་སུ་བཀར་དང་གོང་དུ་བཀུར། །སྣོད་བཀང་གཞུ་བཀང་ཐུགས་དམ་བཀང༌། །བསད་པའི་བཀུམ་དང་བཀྲོངས་པ་དང༌། །བཅིངས་པའི་བཀྱིགས་དང་རྩ་བ་བཀོག །བདེ་ལ་བཀོད་དང་དཔེ་སོགས་བཀོད།། བཀུར་སྟི་བྱས་དང་འོད་སོགས་བཀྱེ། །ནོར་མེད་བཀྲེན་དང་ལྟོགས་པའི་བཀྲེས། །ཟུར་དུ་བཀོལ་དང་བྲན་དུ་བཀོལ། །མདུན་དུ་བཀུག་དང་དུམ་བུར་བཀས། །གནང་བཀག་སྨན་བཀུ་བཀུས་ཏེ་བོར། ། བཀའ་དྲིན་བཀའ་བཀྱོན་བརྒྱད་བཀག་གནང༌། །ལུས་སོགས་བཀན་དང་གོས་སོགས་བཀབ། །ལམ་སོགས་བཀག་དང་སྤ་གོང་བཀོང༌། །འཁྲིད་པའི་བཀྲི་དང་བཅིངས་པ་བཀྲལ། །ངག་བཀྱལ་མདོ་སྡེ་བཀླགས་པ་སོགས། །བ་ཡིས་འཕུལ་བའི་ཀ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །ར་མགོ་ལྡན་པའི་ཀ  རྐང་བཞི་རྐང་པ་ཡ་རྐན་དང༌། །ཆིག་རྐྱང་རྐུན་པོའི་རྐུབ་ཚོས་རྐུབ། །ཆུ་ལ་རྐྱལ་དང་རི་དྭགས་རྐྱང༌། །ཕྱ་རྐྱལ་གན་རྐྱལ་རྐོང་པའི་ནད། །རྒྱུ་རྐྱེན་སྣོད་རྐྱན་རྐེད་པ་རྐྱོང༌། །ཆུ་ཡི་རྐ་དང་ས་རྐོ་སོགས། །ར་མགོ་ལྡན་པའི་ཀ་ཡིག་ཡིན། །
   ལ་མགོ༌ལྡན་པའི་ཀ མགྲིན་པའི་ལྐོག་མ་ལྐོག་ཤལ་དང༌། །ངག་ལྐུགས་བྱ་བྱེད་ལྐོག་གྱུར་རྣམས། །ལ་མགོ་ལྡན་པའི་ཀ་ཡིག་ཡིན། །
   ས་མགོ་ལྡན་པའི་ཀ རྒྱལ་བའི་སྐུ་དང་སྐུར་འདེབས་དང༌། །སྐར་མ་སྐ་རགས་ལོ་ཡི་སྐག ། འཛིན་བྱེད་སྐམ་པ་སྐུད་པ་དང༌། །ཐོད་སྐམ་སེམས་སྐྱོ་སྐྱོ་མ་སྐྱུགས། །ཁ་སྐོམ་སྐོམ་བཏུང་ཇ་སོགས་སྐོལ། །སྐྱང་ནུལ་ཆུ་སྐྱོར་སྐྱོགས་ཀྱིས་སྐྱོམ། །དགེ་སྐོས་མཐའ་སྐོར་སྐོར་བ་བྱེད། །སྐྱེ་ཤིང་སྐྱེར་པ་སྐྱེད་ཚལ་དང༌། །སྐྱི་དཀར་སྐྱ་བོ་སྐྱར་ཁ་མདོག །ཆོས་སྐྱོང་འཇིགས་སྐྲག་སྐྱོན་ལས་སྐྱོབ། །འཚོ་སྐྱོང་ནོར་སྐྱོང་ས་སྐྱོང་དང༌། །འདབ་ཆགས་ཆུ་སྐྱར་སྐྱུང་གའི་སྐད། །མཐེབ་སྐྱུ་རོ་སྐྱུར་སྒྱིད་སྐྱུར་དང༌། །གོས་སྐོན་ཁ་སྐོང་རེ་བ་སྐོང༌། །མགོ་ཡི་སྐྲ་དང་སྐྲན་གྱིས་སྐྲངས། །སྐེ་དང་སྐེད་པ་འཛེག་པའི་སྐས། །རྒྱལ་གྱི་སྐུགས་དང་སྦ་བའི་སྐུངས། །རང་སྐལ་བདེ་སྐྱིད་སྐྱོས་མ་སྐྲོད། །འཇིགས་སེལ་སྐྱེལ་མ་སྐྱས་ཆེན་འདེགས། །ཇི་སྐད་སྐད་ཅིག་སྐྱ་རེངས་དང༌། །གྲུ་ཡི་སྐྱ་བ་སྲབ་ཀྱི་སྐྱོགས། །མགྱོགས་པའི་སྐྱེན་དང་རྒྱ་སྐྱེགས་ཚོས། །ངོ་ཚའི་སྐྱེངས་དང་བྱ་སྐྱིབས་དང༌། །སྐབས་སུ་སྐྱབས་འགྲོ་སྐྱོར་སྦྱང་བྱེད། །སྐྱེས་བུ་སྐྱི་གཡའ་གསེར་སྐྱེམས་སྐྱོལ། །སྐེམ་བྱེད་ཤ་སྐེམ་སྐྱིལ་ཀྲུང་སོགས། །ས་མགོ་ལྡན་པའི་ཀ་ཡིག་ཡིན། །
   བས་འཕུལ་ར་མགོ་ལྡན་པའི་ཀ འདོད་པའི་བརྐམ་དང་བརྐུ་བྱ་བརྐུས། །སྲ་བརྐྱང་གོས་དང་ལག་སོགས་བརྐྱངས། །བརྐོ་བྱ་ས་བརྐོས་ཤིང་ལ་བརྐོས། །བས་འཕུལ་ར་མགོ་ལྡན་པའི་ཀའོ། །
བས་འཕུལ་ས་མགོ་ལྡན་པའི་ཀ ཡན་ལག་བསྐུམས་དང་ཆོས་ལ་བསྐུལ། །དྲིན་གྱིས་བསྐྱངས་དང་གནས་སུ་བསྐྱལ། །བྱུག་པ་བསྐུ་བསྐུས་བྱ་བ་བསྐྱུངས། །བསྐྱེད་པའི་བསྐྲུན་དང་གར་བའི་བསྐ། །དབང་བསྐུར་འཕྲིན་ཡིག་འགན་སོགས་བསྐུར། །ཆུ་སོགས་བསྐྱིལ་དང་ནོར་བསྐྱིས་བསྐྱིན། །གོས་བསྐོན་རྟར་བསྐྱོན་ཆུ་སོགས་བསྐམས། །ཕྱིར་བསྐྲད་རྒྱང་བསྐྱུར་འཕོ་བསྐྱས་བྱེད། ། དུས་ཀྱི་བསྐལ་པ་ཡང་བསྐྱར་དང༌། །སེམས་བསྐྱེད་རྒྱར་བསྐྱེད་བརྗེད་པའི་བསྐྱུད། །མཐའ་ནས་བསྐོར་དང་རྒྱལ་སར་བསྐོས། །ཁ་བསྐང་ཐུགས་དམ་བསྐངས་པ་སོགས། །བས་འཕུལ་ས་མགོ་ལྡན་པའི་ཀའོ། །ཀ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཁའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །འདབ་ཆགས་ཁྭ་དང་ཁྲུང་ཁྲུང་ཁྲ། །ཁྲ་བོ་ཁྲི་ཁྲག་ཁྲག་ཁྲིག་གྲངས།། ཁ་ཁྲམ་ཁྲལ་འཇལ་ཁྲག་ཁྲུག་དཀྲིག །གོ་ཁྲབ་ཁྲམ་ཤིང་ཁྲེས་པོ་ཁྱེར། །ཁྲོ་བོ་ཁྲོས་དང་ཁྲོན་པ་དང༌།། དག་བྱེད་ཁྲུས་དང་འཇལ་བྱེད་ཁྲུ། །ཁྲོལ་ཚགས་སིལ་ཁྲོལ་ཚོགས་པའི་ཁྲོམ། །རི་ཁྲོད་ཁྲེལ་མེད་ཆུ་སོགས་ཁྲེམས། །ཡུལ་ཁྲིམས་ཚུལ་ཁྲིམས་སྐར་མ་ཁྲུམས། །རྩིས་ཀྱི་ཁྲམ་ཁ་འབྲུ་ཡི་ཁྲེ། །གདན་ཁྲི་སྣ་ཁྲིད་ཁོང་ཁྲོ་ཁྲག །ཟངས་ཁྲོ་ལ་སོགས་ཁ་རྐྱང་ཡིན། །
   མས་འཕུལ་ཁ། གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །མཁན་པོ་མཁས་པ་ཀུན་མཁྱེན་དང༌། ། དཔེ་མཁྱུད་ས་མཁར་མཁྲང་དང་མཁྲེགས། །ལྟ་མཁན་ཉེར་མཁོ་མཁལ་གཤམ་དང༌། །ནང་ཁྲོལ་མཁལ་མ་མཁྲིས་པའི་ནད། །ལག་པའི་མཁྲིག་མ་ནམ་མཁའ་སོགས། །མ་ཡིས་འཕུལ་བའི་ཁ་ཡིག་ཡིན། །འཁར་བ་འཁར་གསིལ་འཁར་རྔ་དང༌། །དཀྱིལ་འཁོར་དུ་འགོད་འཁོད་དང་འཁུལ། །མཐའ་འཁོབ་འཁོབས་ཆེ་བྲན་དུ་འཁོལ། །ཐོས་པའི་འཁུམས་དང་བླ་སོགས་འཁུམས། །ཞེ་ནས་འཁུ་དང་འཁང་ཞིང་འཁོན། །གྲང་བའི་འཁྱགས་དང་འཁྱམས་ཤིང་འཁུར། །ཤིང་སོགས་འཁྱོམ་དང་འཁྱོར་ཞིང་འཁྱོག །སྤྲིན་འཁྲིགས་ཕན་ཚུན་འཁྱུད་དང་འཁྲིལ། །ནོར་འཁྲུལ་སེམས་འཁྲུགས་འཐབ་འཁྲུག་འཁྲུགས། །བལ་འཁེལ་འཁོས་ཆུང་འཁྲི་བ་ཆོད། །འཁྲ་སར་འཁྲས་དང་དྲི་མ་འཁྲུད། །གློག་འཁྱུག་གདུགས་སོགས་འཁྱིར་དང་འཁྱིལ། ། སྐུ་འཁྲུངས་བྲོ་འཁྲབ་དཀྲོལ་བའི་འཁྲོལ། །བསྐྲད་པའི་འཁྲང་དང་བསྐྱུར་བའི་འཁྱུར། །ནོར་ལ་འཁྲན་དང་ལྷག་མ་འཁྲི། །ན་བའི་འཁུན་དང་འཁྲིག་པ་རྒྱོ། །སྣུམ་འཁུར་འཁུར་འཁྱེར་ཉི་འཁྱིམས་སོགས། །འ་ཡིས་འཕུལ་བའི་ཁ་ཡིག་ཡིན། །ཁ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

གའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །གྲོགས་པོ་གྲོས་མཁས་གྲུང་ལ་གྲིམས། །གྲུབ་ཐོབ་གྲུབ་མཐའ་གྲགས་པ་ཆེ། །ཆོས་གྲྭར་དངོས་གྲུབ་གྲུ་ཆར་འབེབས། །རིམ་གྲོ་གྲལ་དུ་གྲོ་མས་བྱས། །རྩི་ཤིང་གྲ་མ་གྲུ་བཞི་དང༌། །རལ་གྲི་གྲོ་གས་གྲིལ་ཞེས་གྲག །གྲུ་ཁའི་གྲམ་པ་ངམ་གྲོག་གཡང༌། །གཟུགས་ཀྱི་གྲིབ་མ་མི་གཙང་གྲིབ། །རྩེ་མོའི་གྲ་དང་འབྲུ་ཡི་གྲོ། །སྲོག་ཆགས་གྲོག་མ་གྲུལ་བུམ་དང༌། །གྲིབ་གནོན་གྲངས་མེད་ཤི་བའི་གྲོངས། །གྲང་ནད་གྲུམ་བུའི་ནད་ལས་གྲོལ། །གྲོད་པ་ཆག་གྲུམ་གྲབས་གཤོམ་བྱེད། །སྐར་མ་ནམ་གྲུ་གྲོ་བཞིན་གྲེ། །ལག་པའི་གྲུ་མོ་གྲེ་བ་འཛེར། །ཡུལ་གྲུ་གྲོང་ཁྱེར་ཐབས་གླགས་རྙེད། །གླེང་གཞི་བགྲོ་གླེང་གླིང་བུ་གླུ། །འཛམ་གླིང་ཆུ་གླིང་གཟུགས་ཀྱི་གླུད། །གླ་རྩི་གླ་བ་གླང་ཆེན་གླེན། །གླ་རྔན་ལན་གླན་ལྷན་པ་གླན། །ལེབ་མོར་གླེབས་དང་གློས་ཕབ་གློད། །གླེགས་བམ་སྒོ་གླེགས་སྦང་མའི་གླུམ། །ནང་ཁྲོལ་གློ་བ་ཆམ་ལུད་གློ། །གཞོགས་ཀྱི་གློ་དང་ནམ་མཁའི་གློག །མ་ངེས་གློ་བུར་གཡལ་བའི་གླལ། །ཕོ་གླང་གླང་ཤུ་ག་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །དགེ་སློང་དགུན་དུས་དགོན་པ་ལ། །དགའ་ཞིང་དགྱེས་པ་དགེ་ལ་དགོངས། །དགོངས་དགྲོལ་བཅིངས་དགྲོལ་མདུད་པ་དགྲོལ། །ཕྱི་དྲོའི་དགོང་དང་དབྱིབས་དགྱེད་དགུར། །རི་དྭགས་དགོ་བ་གད་མོ་དགོད། །རྒྱན་དགོད་གོས་དགབ་ཟོང་སོགས་དགྲམ། ། ལོགས་སུ་དགར་དང་དུམ་བུར་དགས། །མཚན་དང་ནམ་མཁའ་ལོའི་མིང་དགུང༌། །མདུན་དུ་དགུག་དང་དགུ་ཚིགས་དགུ། །སྣོད་དགང་དགང་གཟར་སྐྱེ་དགུ་དང༌། །འདོད་དགུ་ལ་སོགས་མང་ཚིག་དང༌། །མཛའ་མིན་དགྲ་དང་དགག་སྒྲུབ་སོགས། །ད་ཡིས་འཕུལ་བའི་ག་ཡིག་ཡིན། །བཀའ་བགྲོ་གསུང་བགྲོས་གད་མོ་བགད། །བྱ་བའི་བགྱི་དང་བགྱིས་དང་བགྱིད། །གོས་བགོ་བགོས་དང་བགྲོད་ལམ་བགགས། །ཚོད་བགམ་དུས་བགྱངས་གནོད་བྱེད་བགེགས། །རྒས་པའི་བགྲེས་དང་མིག་སོགས་བགྲད། །བགྲང་འཕྲེང་བགྲངས་དང་འབྲས་སོགས་བགྲུས། །བགོ་བཤའ་བགོས་པའི་བགོ་སྐལ་སོགས། །བ་ཡིས་འཕུལ་བའི་ག་ཡིག་ཡིན། །
   ལུས་ཀྱི་མགོ་དང་མགུལ་མགུར་མགོན། །བཟོ་བོའི་མགར་བ་དགའ་བའི་མགུ། །ཡ་མགལ་མགལ་མེ་མགལ་དུམ་དང༌། །མགྲོན་བུ་གཏོར་མགྲོན་མྱུར་བའི་མགྱོགས། །མ་ཡིས་འཕུལ་བའི་ག་ཡིག་ཡིན། །ཐོག་མའི་འགོ་དང་གཤམ་གྱི་འགབ། །འགག་དང་རེ་འགའ་འགྲམ་དུ་འགྱེལ། །འགྲིམ་འགྲུལ་འགྲོ་འགྲེང་འགྱིང་འགྲོས་བྱེད། །འགྲུབ་འགྱུར་སེམས་འགྱུ་སྟེང་ནས་འགེམ། །ཕན་ཚུན་འགྲན་འགྲས་འགྱེད་དང་འགྱོད། །གཡོ་འགུལ་སྐབས་འགོལ་ཟས་ཀྱིས་འགྲངས། །ལམ་གྱི་འགྲུལ་པ་འགྱངས་འགོར་ཆེ༑ ༑འགན་ཁུར་ནང་འགུགས་བདེ་ལ་འགོད། །འཕེལ་འགྲིབ་འགལ་དང་བརྩོན་འགྲུས་འགྲིབ། །འགོང་པོའི་འགོ་ནད་འགོས་ན་འགུམ། །འགྲོད་གར་བྲོ་འགྲེ་སྣོད་འགེང་འགགས། །འགྲམ་པ་འགྲམ་གཞི་ནད་ཀྱི་འགྲམ། །དགོངས་འགྲེལ་འགྲོལ་དང་ཆུ་སོགས་འགྲེམ། །རིགས་འགྲེ་འགྲོགས་དང་འགྲས་འགེམས་སོགས། །འ་ཡིས་འཕུལ་བའི་ག་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །རྒྱལ་བ་སངས་རྒྱས་རྒྱལ་མཚན་རྒྱན། །བྱ་རྒོད་རྒོད་མ་དམུ་རྒོད་དང༌། །འཕྲོ་རྒོད་རྒན་པོ་ཕོ་རྒོད་རྒས། །དར་རྒུད་ཕས་རྒོལ་ཆུ་ལ་རྒོལ། །ཤེས་རྒྱུད་འཕྲེང་རྒྱུད་ལུ་གུ་རྒྱུད། །གཏམ་རྒྱུད་ལོ་རྒྱུས་རྒྱུད་མང་དང༌། །རྒྱུད་སྡེ་རྒྱུགས་ལེན་ཟས་ཀྱི་རྒྱུགས། །ལུས་ཀྱི་རྒྱབ་དང་ཕྱག་རྒྱ་རྒྱབ། །ང་རྒྱལ་རྒྱགས་ནས་རྒྱང་རིང་རྒྱུག །ལྗོངས་རྒྱུ་རྒྱ་ཚྭ་རྒྱགས་ཕྱེའི་རྒྱུ། །ཉ་རྒྱ་རྒྱ་གྲམ་རྒྱན་པོ་རྒྱ། །རྒྱུ་མ་རྒྱུས་པ་རྒྱངས་ཤིང་རྒྱངས། །སྨིག་རྒྱུའི་ཆུ་རྒྱུན་རྒྱ་ཡུལ་དང༌། །རྒྱ་པ་རྒྱ་ཆེ་རྒུན་འབྲུམ་སོགས། །ར་མགོ༌ལྡན་པའི་ག་ཡིག་ཡིན། །
   ནང་ཁྲོལ་ལྒང་པ་སྨན་གྱི་ལྒ། །ལ་མགོ༌ལྡན་པའི་ག་ཡིག་ཡིན། །
   སྟོན་སྒོམ་སྒམ་སྒོམ་སྒོམ་ཆེན་གྱི། །སྒོ་རུ་ཆོས་སྒྲ་སྒྲོག་པ་སྒུག །ཟབ་པའི་སྒམ་དང་ཤིང་གི་སྒམ། །མཁས་པའི་སྒྲན་དང་འགྲན་པའི་སྒྲུན། །སྒལ་ཚིགས་རྟའི་སྒ་ས་ཡི་སྒང༌། །གོང་བུར་སྒོང་དང་བུ་རམ་སྒོར། །སྒོར་མོར་སྒྲིམ་དང་ཕྱོགས་སུ་སྒྲིལ། །སྒོག་པ་སྒོ་ང་ཆས་ཀྱིས་སྒེག །མནའ་མའི་སྒྱུག་མོ་སྒྱིད་ལུག་དང༌། །ཐབ་ཀྱི་སྒྱེད་བུ་སྒུལ་སྐྱོད་སྒྱེལ། །གཡོ་སྒྱུ་སྒྱུ་རྩལ་སྒྱུ་མ་སྒྲུང༌། །སྒྲོག་བྱེད་སྒྲོག་གུ་ལྕགས་སྒྲོག་དང༌། །བྱ་སྒྲོ་སྒྲོ་སྒྱེ་སྒྱེའུ་ཚུགས་སྣོད། །ཀླུ་སྒྲུབ་སྒྲུབ་ཐབས་སྒྲུབ་པར་བྱེད། །སྡིག་སྒྲིབ་སྒྲོན་མེ་སྒྲིབ་བྱེད་དང༌། །སྤྱི་སྒོས་ད་སྒོས་ཕྱོགས་གཅིག་སྒྲིག །དབང་སྒྱུར་འཁོར་སྒྱུར་སྒྱུར་བྱེད་དང༌།། སྐྱུགས་པའི་སྒྲེགས་པ་རུས་པའི་སྒྲོམ། །གཅེར་བུའི་སྒྲེན་མོ་ཆུ་ལས་སྒྲོལ། །མཐུན་པར་སྒྲག་དང་སྒྲ་སྐད་སྒྲོག །ལུས་ཀྱི་སྒྱིད་པ་སྒྱོགས་རྡོ་སོགས། །ས་མགོ་ལྡན་པའི་ག་ཡིག་ཡིན། །
   ཆུ་བརྒལ་བརྒལ་ལན་ལེ་བརྒན་དར། །ཕྲེང་བ་བརྒྱ་ཕྲག་བརྒྱུས་པས་བརྒྱན། །བརྒྱད་ཅུ་བརྒྱད་དང་དྲན་མེད་བརྒྱལ། །འོ་བརྒྱལ་ལམ་བརྒྱགས་མྱུར་བར་བརྒྱུགས། །བླ་བརྒྱུད་གད་བརྒྱངས་བརྒྱུད་མར་འབྱུང༌། །བརྒྱད་བཀག་དབྱུག་པ་བརྒྱབ་པ་སོགས། །བས་འཕུལ་ར་མགོ༌ལྡན་པའི་གའོ། །
   མནའ་བསྒགས་ལམ་བསྒགས་བྱ་བའི་བསྒང༌། །བུ་རམ་བསྒར་དང་གཅིག་ཏུ་བསྒོངས། ། གྲངས་སུ་བསྒྲངས་དང་རྒྱལ་མཚན་བསྒྲེངས། །ཆུ་བསྒྲལ་ཆོས་བསྒྲགས་ཏིང་འཛིན་བསྒོམས། ། བཀའ་བསྒོ་བསྒོས་དང་བག་ཆགས་བསྒོས། །ཚོས་བསྒྱུར་མདོག་བསྒྱུར་རིགས་པ་བསྒྲེ། །སྒྲིབ་པས་བསྒྲིབས་དང་འོད་སོགས་བསྒྲིབས། །གཅིག་ཏུ་བསྒྲིགས་དང་སྲད་བུ་བསྒྲིམས། །བློ་བསྒྲིམས་བསྒྲུབ་བྱ་བསྒྲུན་མི་ནུས། །གཞན་གྱིས་མི་བསྒུལ་གན་རྐྱལ་བསྒྱེལ། །བས་འཕུལ་ས་མགོ་ལྡན་པའི་གའོ། །ག་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ངའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་བཤད་མི་དགོས། །གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །སྙན་དངགས་དངངས་སྐྲག་དངོམ་ཆེ་དང༌། །དངོས་མེད་དངོས་དོན་དངོས་གཞི་དང༌། །དངོས་བཤམས་དངོས་གྲུབ་རིན་ཆེན་དངུལ། །ཚར་དུ་དངར་དང་དངན་འཐེན་དང༌། །ཆུའི་ངོགས་དངོ་དང་གྲི་ཡི་དངོ༌། །ད་ཡིས་འཕུལ་བའི་ང་ཡིག་ཡིན། །མངའ་རིས་མངའ་ཞབས་མངའ་ཐང་དང༌། །མངའ་མཛད་མངའ་བདག་ཐུགས་ལ་མངའ། །མངོན་སུམ་མངོན་གྱུར་མངོན་མཚན་ཅན། །མངོན་ཤེས་མངའ་བརྙེས་མངོན་སྤྱོད་ལས། །མངག་གཞུག་བྲན་ལ་བྱ་བ་མངགས། །མངོན་པའི་སྡེ་སྣོད་མངན་མི་བགྲང༌། །སྐྱེ་གནས་མོའི་མངལ་རོ་མངར་སོགས། །མ་ཡིས་འཕུལ་བའི་ང་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །ཕྱུགས་ཀྱི་རྔ་མ་རྔ་ཡབ་དང༌། །འཁར་རྔ་ལ་སོགས་བརྡུང་བྱའི་རྔ། །གླ་རྔན་བཀྲེས་རྔབ་ཧམ་པའི་རྔམ། །རྔམ་བརྗིད་ཚམ་རྔམ་ནས་ཡོས་རྔོད། །རྟ་ཡི་རྔོག་མ་དྲེའུ་རྔོག་སྟན། །རྔན་ཆན་དབུགས་རྔུབ་ལུས་ཀྱི་རྔུལ། །རྔུལ་གཟན་མཐུག་རྔམས་ནད་ཀྱི་རྔོ། །རྔོན་པ་རྩྭ་རྔ་རྔོ་མི་ཐོགས། །ར་མགོ་ལྡན་པའི་ཡིག་ཡིན། །
   གྲངས་ཀྱི་ལྔ་ནི་ལ་ལྔར་ངེས། །ཞལ་སྔ་སྤྱན་སྔ་སྔ་སོར་སྔུན། །སྔོན་ཚེ་གསང་སྔགས་སྔ་ཕྱི་སྔོ། །སྔ་དྲོ་སྔས་ལ་སྔུར་སྒྲ་ཆེ། །ཁ་དོག་སྔོ་སྔོན་སྐྱོ་སྔོགས་བྱེད། །ས་མགོ་ལྡན་པའི་ང་ཡིག་ཡིན། །
   འདྲིད་པའི་བརྔོད་དང་བཙས་མ་བརྔས། །འགབ་ཀྱི་བརྔབ་དང་ཆང་འཐུངས་བརྔུབས། །བས་འཕུལ་ར་མགོ་ལྡན་པའི་ངའོ། །
   སྔུག་བསྔལ་བསྔགས་བརྗོད་བསྔོ་བྱ་བསྔོས། །བསྔོ་བགྲང་ཁ་རོག་རྣམ་པར་བསྔོས། །བས་འཕུལ་ས་མགོ་ལྡན་པའི་ངའོ། །ང་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཅའི་བརྡ་བཤད་པ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཅ་ཅོ་མུ་ཅོར་ཅོད་པན་དང༌། །སྐྲ་མེད་སྤྱི་ཐེར་ཐོར་ཅོག་ཅན། །ཅེ་ཅད་ཅང་ཤེས་ཅིག་ཤོས་དང༌། །བབ་ཅོལ་ཐོ་ཅོ་ཅང་ཏེའུ་སྐྲོག །ཧ་ཅང་ཅུང་ཟད་ཅོ་འདྲི་དང༌། །བེ་ཅོན་ཅོག་པུར་ཅིག་ཅར་འཇོག །སྐད་ཅིག་ཐང་ཅིག་ལན་ཅིག་དང༌། །ལྷན་ཅིག་ཆབས་ཅིག་ཐབས་ཅིག་ཏུ། །ཁ་ཅིག་ཅས་ཅུས་ཅམ་མེ་ཞོག །སུམ་ཅུ་དྲུག་ཅུ་བདུན་ཅུ་དང༌། །བརྒྱད་ཅུ་ཅི་སྨྲས་ཡོད་དོ་ཅོག །ཁྱེད་ཅག་བདག་ཅག་མིག་ཅེ་རེ། །ཅི་སྟེ་ཅིས་ཀྱང་ཅལ་སྒྲ་སྒྲོག །གང་ཅི་རྣམ་གྲངས་འདྲི་བའི་ཅི། །ཅིའི་ཕྱིར་ལ་སོགས་ཅ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །གཅན་གཟན་སྒྲ་གཅན་ལ་གཅན་པ། །ཡིད་ལ་གཅགས་ནས་ནང་དུ་གཅུན། །ཕྱག་ཏུ་གཅུར་ནས་ལག་པ་གཅུས། །གཅད་བྱ་ཤིང་གཅོད་དུམ་བུར་གཅོག ། གཅལ་དུ་བཀྲམ་དང་གཅུད་ལ་བོར། །གཅེས་འཛིན་གཅོང་ནད་གྲངས་ཀྱི་གཅིག །འཁོན་གཅུགས་ཡིད་གཅུགས་གཅམ་བུའི་ཚིག །གཅོམ་བསྐྱུངས་གྲོས་གཅོམ་གཅོང་རོང་གཡང༌། །ཚར་གཅོད་གཅུ་གལ་གཅིན་གཅི་བ། །རྣམ་གཅོད་ཡོངས་གཅོད་ཁྲིམས་གཅོད་དང༌། །སྔོན་སྐྱེས་གཅེན་དང་རྗེས་སྐྱེས་གཅུང༌། །ར་གཅིག་གོས་མེད་གཅེར་བུ་སོགས། །ག་ཡིས་འཕུལ་བའི་ཅ་ཡིག་ཡིན། །
   བཅོམ་ལྡན་དགྲ་བཅོམ་འཁོར་བཅས་ཀྱིས། །ཁྲིམས་བཅས་བཅའ་ཡིག་ལག་ཏུ་བཅངས། །ཉེས་པ་བཅབས་དང་ཆུ་བཅུར་བཅུག །ནང་དུ་བཅུག་བཅུམ་བཅིང་བས་བཅིང༌། །བཅའ་གཞི་བསྟན་བཅོས་ལས་བཅོལ་བཅོས། །བཅུད་ལྡན་བཟའ་བཅའ་སོ་ཡིས་གཅེམ། །ཤིང་སོགས་བཅད་བཅག་ཚིགས་སུ་བཅད། །རྣམ་བཅད་མིག་བཅར་ལོགས་སུ་བཅར། །དྲི་མ་ཕྱིར་བཅིལ་ཞབས་ཀྱིས་བཅགས། །བཅུ་དང་བཞི་བཅུ་ལྔ་བཅུ་དང༌། །དགུ་བཅུ་བཅོ་ལྔ་བཅོ་བརྒྱད་སོགས། །བ་ཡིས་འཕུལ་བའི་ཅ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །གཉེན་ལྕུག་ལྕང་མ་ལྕུག་ཕྲན་དང༌། །བསྐུལ་ལྕག་མགོ་ལྕོགས་བློ་ཡིས་ལྕོགས། །དུད་འགྲོའི་ལྕི་བ་ལྗིད་ལྕི་བ། །ལྕགས་རི་གྲིའི་ལྕུགས་ལྕུག་མ་ལྕགས། །མེ་ལྕེ་ལྕེ་འབབ་འཆི་ཕྱིར་ལྕེབ། །སྦ་ལྕག་ལྕམ་པ་སྒོའི་ལྕིབས་ཕུར། །ཉ་ལྕིབས་སྦལ་ལྕོང་ཁ་ནང་ལྕེ། །ལྕམ་སྲིང་ལྕོག་རྩེ་ལྕང་ལོ་ཅན། །ལག་ལྕིབས་སྐྲ་ཡི་ལྕང་ལོ་སོགས། །ལ་མགོ་ལྡན་པའི་ཅ་ཡིག་ཡིན། །ཅ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཆའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཆོ་ལོའི་ཆུན་པོ་ཆན་པས་ཆོད། །ཆོལ་ཟངས་ནད་ཆིངས་ཆུ་ཞེང་ཆེ༑ ༑མྱོས་འགྱུར་ཆང་དང་ཆམ་ལ་ཕབ། །ཆམ་ནད་ཟན་ཆང་འབྲས་ཆན་དང༌། །ཆབ་འོག་ཆབ་རོམ་ཆལ་ཆིལ་ཆོག །སྲོག་ཆགས་ཆ་གའི་ཁ་ཆེམས་ཆུབ། །ཆར་ཆུ་ཆབ་སོགས་ཆ་བརྡ་མང༌། ། ཆིབ་པ་ཆིབས་སོགས་ཆ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །དཀོན་མཆོག་མཆོད་དང་བཀའ་མཆིད་དང༌། །འགྲོ་བའི་མཆི་དང་ཡོད་པའི་མཆིས། །སྐྱེ་མཆེད་སྐུ་མཆེད་མེ་མཆེད་དང༌། །ནོར་བུ་མཆིང་བུ་རྒྱ་མཚོའི་མཆིང༌། ། ནང་ཁྲོལ་མཆིན་པ་མཆེར་པ་དང༌། །མིག་གི་མཆི་མ་ཁའི་མཆིལ་མ། །མཆིག་དང་མཆིག་གུ་རྩལ་གྱིས་མཆོང༌། །མཆིས་བྲང་མཆོང་གི་རྒྱན་གྱིས་མཆོར། །མཆིལ་ལྷམ་གཞུ་མཆོག་ཡི་གེའི་མཆན། །ལྕགས་ཀྱུའི་མཆིལ་བ་ཁ་མཆུ་སོགས། །མ་ཡིས་འཕུལ་བའི་ཆ་ཡིག་ཡིན། །
   འཆག་སར་འཆག་དང་ལག་ཏུ་འཆང༌། །ཆོས་འཆད་གར་འཆམ་ཚུལ་འཆོས་དང༌། །འཆར་སྒོ་གྲོས་འཆམས་གནས་འཆའ་དང༌། །ཉི་མ་འཆར་དང་གསོ་འཆད་འཆི། །ཞགས་པས་འཆིང་དང་སྟོབས་ཀྱིས་འཆུན། །འདོད་ལ་འཆུམས་དང་ཁས་འཆེ་འཆེས།  །ལས་འཆོལ་ཆུ་འཆོར་གནས་སུ་འཆུར། །གཏད་མེད་འཆལ་འཆོལ་ཤིང་འཆུས་སོགས། །འ་ཡིས་འཕུལ་བའི་ཆ་ཡིག་ཡིན། །ཆ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཇའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཇི་ལྟར་ཇི་ཡོད་ཇི་སྐད་དང༌། །ཇི་ལྟ་ཇི་སྙེད་ཇི་བཞིན་གཟིགས། ། དང་པོའི་ཇེ་དང་ཇེ་མཐོར་སོང༌། །ཇོ་བོ་ཇོ་མོ་ཇོ་ཇོ་དང༌། །རྐུ་བའི་ཇག་པ་བཏུང་བྱའི་ཇ། །ཇི་འོས་ལ་སོགས་ཇ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །འཕྲད་པའི་མཇལ་དང་གོ་བའི་མཇལ། །ལུས་ཀྱི་མཇིང་པ་རྗེས་ཀྱི་མཇུག །མི་མཇེད་ཞིང་དང་མཇུག་མ་མཇེ། །མ་ཡིས་འཕུལ་བའི་ཇ་ཡིག་ཡིན། །
   སྐྱེ་ཤིང་འཇག་མ་ཁྲིས་འཇགས་དང༌། །མ་ཚོར་འཇབ་དང་རེག་བྱ་འཇམ། །འཇིག་རྟེན་འཇིག་འཇིགས་ཐོབ་འཇལ་འཇོམས། །བློས་འཇལ་ཚད་འཇལ་ནམ་མཁའི་འཇའ། །དབྱིབས་འཇོང་འཇོལ་འཇོལ་འཇོ་སྒེག་དང༌། །སེར་སྣའི་འཇུངས་དང་འདོད་པ་འཇོ། །སྲད་བུའི་འཇུར་དང་ཁུང་དུ་འཇུག ། འདམ་གྱི་འཇི་བ་འཇིམ་པ་འཇགས། །ལག་པ་འཇུ་འཇུས་གནས་སུ་འཇོག །ཟས་འཇུ་མཆུས་འཇིབས་རྒྱ་མཚོའི་འཇིངས། །སྙན་འཇེབས་ཤ་འཇུམས་ཞི་བའི་འཇིལ། །རྩ་འཇིང་གཉེན་དང་མཁས་པའི་འཇེམ། །ཁྲིམས་འཇལ་སྨད་འཚོང་འཇུད་མཐུན་སོགས། །འ་ཡིས་འཕུལ་བའི་ཇ་ཡིག་ཡིན། །
   གསུམ་པ་མགོ༌ཅན་འདི་ལྟ་སྟེ། །རྗེ་བཙུན་རྗེ་དཔོན་ལྷ་རྗེ་དང༌། །རྡོ་རྗེ་རྗེས་འཇུག་བཀུར་སྟིའི་རྗེད། །རྗེད་བྱེད་སྙིང་རྗེ་ལག་རྗེས་དང༌། །ཤ་རྗེན་རྗེ་ངར་རྒུད་པའི་རྗུད། །བང་བའི་རྗང་དང་རྗེའུ་རིགས་དང༌། །རྗེས་སུ་འགྲོ་དང་རྗེད་བྱེད་སོགས། །ར་མགོ་ལྡན་པའི་ཇ་ཡིག་ཡིན། །
   ཡུལ་ལྗོངས་སྨན་ལྗོངས་ལྗོན་ཤིང་དང༌། །ལྗང་བུ་ལྗན་ལྗིན་ལྕི་བའི་ལྗིད། །ཁ་དོག་ལྗང་ཁུ་རོ་འཛིན་ལྗགས། །ལ་མགོ་ལྡན་པའི་ཇ་ཡིག་ཡིན། །
   རབ་བརྗིད་གཟི་བརྗིད་བརྗིད་ཆགས་དང༌། །བརྗེད་ངས་མི་བརྗེད་བརྗོད་བྱ་བརྗོད། །ཕན་ཚུན་བརྗེ་དང་བརྗེས་པ་སོགས། །བས་འཕུལ་ར་མགོ་ལྡན་པའི་ཇའོ། །ཇ་ཡི་བརྡ་རྣམས་མདོར་བསྡུས་རྫོགས།།
ཉའི་བརྡ་བཤད་པ་ལ།
   དང་པོ་རྐྱང་པ་འདི་ལྟ་སྟེ། །ཉ་དང་ཉུང་མ་ཉུང་ངུ་ཉོ། །ཉིང་ཁུ་ཉག་ཅིག་ཉལ་ཉིལ་དང༌། །སྤོས་ཉུག་ཆུ་ཉོག་ལག་པ་ཉབ། །ཉ་ག་ཉིང་དགོས་ཉག་ཕྲན་མདའ། །ཉམ་ཉེས་ཉོན་མོངས་ཉིང་ཤ་དང༌། །ཉིང་ལག་ལ་སོགས་ཉ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །གཉའ་ཤིང་གཉེར་པ་ཁྲོ་གཉེར་དང༌། །བཤེས་གཉེན་དཔུང་གཉེན་ཉེ་འབྲེལ་གཉེན། །དཔང་པོའི་གཉའ་བོ་དོན་གཉེར་དང༌། །བཀའ་གཉན་གཉན་ནད་དུད་འགྲོ་གཉན། །གཉིད་ཀྱི་གཉེན་པོ་གཉུག་མ་གཤིས། །ནང་ཁྲོལ་གཉེ་མ་གཉིས་ལ་སོགས། །ག་ཡིས་འཕུལ་བའི་ཉ་ཡིག་ཡིན། །
    བསྐུ་མཉེ་ཀོ་བ་མཉེད་མཉེས་མཉེན། །མཉན་པ་ཐུགས་མཉེས་རྣ་བས་མཉན། །མཉན་ཡོད་གནས་དང་ངལ་བའི་མཉེལ། །མཉེས་གཤིན་པ་དང་མཚུངས་པའི་མཉམ། །མཉམ་གཞག་མཉམ་མེད་ཤིང་མཉེན་སོགས། །མ་ཡིས་འཕུལ་བའི་ཉ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །ནོར་རྙེད་རྙེད་བཀུར་གསར་རྙིང་དང༌། །ཆུ་རྙོག་སོའི་རྙིལ་རྙི་དང་རྙོང༌། །ར་མགོ་ལྡན་པའི་ཉ་ཡིག་ཡིན། །
   སྙིང་པོ་གཏམ་སྙན་སྙན་ཤལ་དང༌། །ཐ་སྙད་སྙན་ཚིག་ཇི་སྙམ་སེམས། །རེག་བྱ་སྙི་དང་སྔས་ལ་སྙེས། །གཉེན་གྱི་སྙིད་མོ་གོ་སྙོད་སྨན། །བུ་སྙོལ་ཆང་སྙོལ་རྒྱལ་མཚན་སྙོལ། །བཏང་སྙོམས་སྙོམ་འཇུག་སྙོམ་ལས་དང༌། །བསོད་སྙོམས་སྙུགས་སྲོངས་སྙེག་སར་སྙོགས། །སྙིགས་དུས་སྙུན་ནད་སྐུད་པ་སྙོད། ། འབྲུ་ཡི་སྙེ་མ་སྙིམ་པ་སོགས། །ས་མགོ་ལྡན་པའི་ཉ་ཡིག་ཡིན། །གཟུགས་བརྙན་སྣང་བརྙན་སྒྲ་བརྙན་དང༌། །གཞན་ལ་བརྙས་སྨོད་མངའ་བརྙེས་དང༌། །གཡར་པོའི་བརྙན་པོ་བརྙས་པ་སོགས། །བས་འཕུལ་ར་མགོ་ལྡན་པའི་ཉའོ། །
   དགེ་བསྙེན་བསྙེན་གནས་བསྙེན་རྫོགས་དང༌། །ཟས་བསྙོད་བསྙོན་དོར་ནས་སོགས་བསྙོར། ། བཤད་པའི་བསྙད་དང་བརྗེད་པའི་བརྙེལ། །ཕན་ཚུན་བསྙམས་དང་ཐང་ལ་བསྙལ། །ཕར་ལ་བསྙབས་དང་སྙུན་གཞིས་བསྙུན། །བསྙེན་སྒྲུབ་བསྙེན་བཀུར་ཕྱེ་མར་བསྙིལ། །ཕྱིར་བསྐྲད་བསྙིལ་དང་འཇིགས་པའི་བསྙེངས། །ལྷུང་བཟེད་བསྙིགས་དང་རྗེས་བསྙེགས་སོགས། །བས་འཕུལ་ས་མགོ་ལྡན་པའི་ཉའོ། །ཉ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཏའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །གཙུག་ཏོར་རྩེ་མོའི་ཐོར་ཏོ་དང༌། །ཏོག་ཙེ་སྤྱི་ཏོར་དབྱུག་ཏོའི་ཏོག །མུ་ཏིག་ཏིང་འཛིན་ཟ་མ་ཏོག །མེ་ཏོག་ལོ་ཏོག་རྩི་ཏོག་དང༌། །ཞབས་ཏོག་ཏེ་པོར་ནན་ཏར་བཟང༌། །ཞལ་ཏ་ཁ་ཏོན་ནན་ཏན་དང༌། །ཏིལ་འབྲུ་ཡོན་ཏན་ཏ་ལའི་ཤིང༌། །ཏིང་ལོ་ཏིང་ཤགས་ཏེབ་བེ་སྣོད། །ཏི་ཏུག་ཏང་ཏོང་ཏོག་ཏོག་སྒྲ། །ཏིག་ཏ་སྨན་སོགས་ཏ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །བསམ་གཏན་གཏན་ཚིགས་གཏན་ལ་འབེབས། །གཏུན་བུ་གཏུན་ཤིང་དུམ་བུར་གཏུབས། །གཏང་རག་གཏོར་མ་སྦྱིན་གཏོང་གཏང༌། །བཅོལ་བའི་གཏམས་དང་གང་བའི་གཏམས། །གཏེར་མཛོད་གཉེར་གཏོད་ལག་ཏུ་གཏད། །འབེམ་ལ་གཏོད་དང་དམིགས་པ་གཏོད། །ཟད་པའི་གཏུགས་དང་ཞབས་ལ་གཏུགས། །གཏི་མུག་གཏམ་སྨྲ་གཏོལ་མེད་དང༌། །ཁྲག་གཏར་ཆུ་གཏིགས་སེ་གོལ་གཏོགས། །སྒོ་གཏན་གཏིང་ཟབ་མུན་པ་གཏིབས། །ཁྲོ་བའི་གཏུམ་དང་ཐུམ་པོར་གཏུམ། །ནོར་གྱི་གཏའ་མ་གཏུར་བུ་སྣོད། །དུ་བ་གཏུལ་དང་ཁོངས་སུ་གཏོགས། །རི་བོའི་གཏོས་དང་ཚང་གཏོལ་སོགས། །ག་ཡིས་འཕུལ་བའི་ཏ་ཡིག་ཡིན། །
མིང་བཏགས་ཕན་བཏགས་ཁ་བཏགས་བཏགས། །ཕྱེ་མར་བཏགས་དང་སྔགས་བཏུ་བཏུས། ། བཏང་སྙོམས་བློས་བཏང་སྤྱིར་བཏང་དང༌། །དགྲ་བཏུལ་སྲོལ་བཏོད་རུང་བའི་བཏུབ། །བཟའ་བཏུང་གདན་བཏིང་བྱེས་སུ་བཏེག །གསོལ་བཏབ་རྒྱས་བཏབ་ས་བོན་བཏབ། །གྱེན་དུ་བཏེག་དང་ཞབས་ལ་བཏུད། །སྤ་བཏོགས་རྩ་བ་བཏོན་པ་སོགས། །བ་ཡིས་འཕུལ་བའི་ཏ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །མི་རྟོག་རྣམ་རྟོག་རྟོགས་ལྡན་དང༌། །གོ་བའི་རྟོགས་དང་རྟོག་གེ་བ༑ ༑རྟག་ཏུ་རྟག་དང་མི་རྟག་རྟགས། །དབང་རྟུལ་རྟུལ་ཕོད་བྲེད་པའི་རྟབ། །རྐང་པའི་རྟིང་པ་རྗེས་ཀྱི་རྟིང༌། །རྟ་དང་རྟོད་ཕུར་མི་གཙང་རྟུག །འཇིག་རྟེན་ལྷ་རྟེན་མཆོད་རྟེན་དང༌། །མཐའ་རྟེན་ཡིད་རྟོན་རྟ་བབས་སོགས། །ར་མགོ་ལྡན་པའི་ཏ་ཡིག་ཡིན། །
   བུར་ལྟང་འགྲང་ལྟོགས་མཚན་ལྟས་དང༌། །ལྟེང་རྒྱས་ལྟེང་ཀ་ལྟེམ་གྱིས་གང༌། །ལུས་ཀྱི་ལྟག་པ་ལྟེ་བ་ལྟ། །ལྟོ་འཕྱེ་ལྟོས་འགྲོ་ལྟད་མོ་ལྟ། །ཇ་ལྟིར་ལྟོ་ཟ་མདའ་ཡི་ལྟོང༌། །རེ་ལྟོས་བྱེད་དང་འོག་ཏུ་ལྟུང༌། ། ཇི་ལྟར་དེ་ལྟར་དེ་ལྟ་བུ། །ད་ལྟ་ལྟ་ཞོག་ལྟ་ཅི་སྨོས། །གོས་སོགས་ལྟོབས་དང་ལྟག་ཆོས་སོགས། །ལ་མགོ་ལྡན་པའི་ཏ་ཡིག་ཡིན། །
   བཀུར་སྟི་སྟོབས་དང་སྟངས་སྟབས་དང༌། །ཆོས་སྟོན་དུས་སྟོན་སྟོན་མོ་སྟེར། །སྟེགས་བུ་མུ་སྟེགས་བྱད་སྟེམས་དང༌། །སྟོབས་ཆེན་སྟག་དང་སྟག་པ་ཤིང༌། །དགྲ་སྟ་སྟ་རེ་སྟེ་འུས་བཞོགས། ། གཞོགས་སྟེགས་སྟེས་དབང་སྟབས་ལེགས་དང༌། །སྟེང་ཕྱོགས་སྟོང་ཉིད་ཟད་པའི་སྟོངས། །གྲོགས་ཀྱི་སྟོངས་དང་སྐྱོན་མི་སྟོ། །གདིང་བའི་སྟན་དང་མཐུག་པའི་སྟུག །མེ་སྟག་སྟ་གོན་རྣོ་སྟུག་དང༌། ། བོར་བའི་སྟོར་དང་སྟོར་ཁུང་དང༌། །ཤ་སྟག་སྟ་ཟུར་སྟར་ཁ་འབྲུ། །འཕྲེང་བའི་སྟར་དང་སྟང་ཟིལ་སོགས། །ས་མགོ་ལྡན་པའི་ཏ་ཡིག་ཡིན། །
   བརྟག་དཔྱད་གནས་བརྟན་ཀུན་བརྟགས་དང༌། །མི་འགྱུར་བརྟན་དང་མཚན་ཉིད་བརྟགས། ། ཡིད་བརྟན་བརྟུལ་ཞུགས་རྟེན་ལ་བརྟེན། །གློ་བུར་བརྟད་པ་ལུས་སེམས་བརྟས། །སྦུབས་བརྟོལ་སྤྱི་བརྟོལ་ཅན་ལ་སོགས། །བས་འཕུལ་ར་མགོ་ལྡན་པའི་ཏའོ། །
   བལྟས་ས་བལྟོས་ཆོས་བལྟ་རུང་བལྟས། །བལྟ་བྱ་སྐུ་བལྟམས་གོས་སོགས་བལྟབ། །བས་འཕུལ་ལ་མགོ་ལྡན་པའི་ཏའོ། །
   བསྟོད་འོས་གཟེངས་བསྟོད་མངོན་པར་བསྟོད། །ཐུབ་བསྟན་དང་བསྟུན་མཁས་པ་བསྟེན། །བསྟི་སྟང་བསྟི་གནས་ལེགས་པར་བསྟར། །ཐག་བསྟུངས་སྣ་བསྟད་འགྲོ་ཆས་བསྟད། །ཆོས་བསྟན་སླར་བསྟུད་བྱིན་ལེན་བསྟབས། །བསྟིར་མེད་བསྟིང་ཚིག་སྨྲ་བ་སོགས། །བས་འཕུལ་ས་མགོ་ལྡན་པའི་ཏའོ། །ཏ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཐའི་བརྡ་བཤད་པ།

   རྐྱང་པ་ཐྲིག་ཐྲིག་ལྷམ་སྒྲར་ངེས། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །མཐོ་རིས་མཐར་ཐུག་མཐའ་དག་དང༌། །ནུས་མཐུ་མཐའ་ཡས་མཐུན་མི་མཐུན། །ལག་མཐིལ་མཐེ་བོང་མཐེའུ་ཆུང་དང༌། །བརྒྱ་མཐོངས་དཔངས་མཐོ་མཐང་གོས་མཐུག །མཐོ་ཡོར་མཐོ་གང་མིག་གིས་མཐོང༌། །རྟ་ཡི་མཐུར་དང་ཕན་ཚུན་མཐུད། །མཐར་ཆགས་མཐོ་འཚམ་མཐོལ་བཤགས་སོགས། །མ་ཡིས་འཕུལ་བའི་ཐ་ཡིག་ཡིན། །
སྤྲིན་འཐིབ་མགོ་འཐོམས་ཆུ་འཐུང་འཐོར། །འཐེང་པོ་སྲ་འཐས་དུ་བ་འཐུལ། །ཕན་ཚུན་འཐེན་དང་འཐོག་པ་དང༌། །ཕྱེ་མར་འཐག་དང་དུམ་བུར་འཐུབ། །ཟས་འཐུ་ནོར་འཐེབ་གོས་ཀྱིས་འཐུམ། །འཐད་དང་སྨོད་ཚིག་འཐིང་སླད་སོགས། །འ་ཡིས་འཕུལ་བའི་ཐ་ཡིག་ཡིན། །ཐ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

དའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །མ་དྲོས་མཚོ་ཡི་ཤིང་དྲུང་དུ། །དྲང་སྲོང་དྲུག་ལ་དྲི་བ་དྲིས། །སྔ་དྲོ་ཕྱི་དྲོ་བཀའ་དྲིན་དྲན། །ཡ་རབས་དྲ་མ་དྲི་མས་སྦགས། །དྲེད་པོ་ཁ་དྲག་མེ་དྲོད་དྲོ། །གཞན་དྲིང་མི་འཇོག་དྲང་དོན་རྟོགས། །ཐལ་བའི་དྲགས་དང་ནོར་གྱིས་དྲེགས། །དྲག་པོ་དྲག་ཤུལ་དྲེག་ནད་དང༌། ། དྲེས་མས་དྲགས་དྲུད་དྲུངས་ནས་ཕྱུང༌། །དྲ་བ་དྲ་ཕྱེད་དྲིལ་བུས་བརྒྱན། །གཡུང་དྲུང་དྲང་པོར་དྲས་ནས་དྲུབས། །ཟས་དང་གནས་སུ་དྲངས་དང་དྲོངས། །ཁྲིམས་དྲལ་ལྕམ་དྲལ་དྲེའུ་རྔོག་སྟན། །ཁུར་དྲགས་དྲེད་ཀྱིས་དྲེའུ་རྟ་དེད། །དྲེག་པ་དྲིལ་ཕྱིས་གཅིག་ཏུ་དྲིལ། །དྲ་ཕྲུག་དྲངས་གསལ་ད་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །སྐུ་གདུང་གདུང་བརྒྱུད་གདུང་འཛིན་དང༌། །མཆོད་རྫས་གདུགས་དང་ཉིན་མོའི་གདུགས། །གདོད་ནས་གདུལ་བྱ་དམ་ལ་གདགས། །མིང་གདགས་གདངས་སྙན་བསྙུང་བ་གདངས། །གདམ་ང་བྱེད་དང་གདམས་ངག་སྟོན། །གདིང་བ་སྟན་དང་ས་བོན་གདབ། །སྐས་ཀྱི་གདང་བུ་གོས་འགེལ་གདང༌། །ཁ་གདངས་མཚོན་གདེངས་གདུང་བས་གདུངས། །གདུ་བུ་གདུབ་ཀོར་ཞེ་སའི་གདའ། །གསོལ་གདབ་གསལ་གདབ་བླ་གདེང་རྙེད། །བྱད་ཀྱི་གདོང་པ་ནོར་ལ་གདུ། །སྲང་ལ་གདེག་དང་གདོན་མི་ཟ། །གདོན་དང་གདོལ་པ་གདུག་པ་ཆེ། །གདགས་གཞི་གདུང་མ་གདེངས་ཀ་སོགས། །ག་ཡིས་འཕུལ་བའི་ད་ཡིག་ཡིན། །
བདེ་གཤེགས་བདེ་ཆེན་བདེན་གཉིས་དང༌། །མདུན་དུ་བདར་དང་བདེན་པ་བདར། །ཕྱག་པ་ཕྱི་བདར་ཕྱེ་མར་བདར། །སིམ་པའི་བདེ་དང་དར་བའི་བདོ། །ནོར་གྱི་བདོག་པ་གྲངས་ཀྱི་བདུན། །བདུད་དང་བདུད་རྩི་བདུག་སྤོས་དང༌། །གཞུ་བདུངས་ཟས་བདའ་ཡོད་པའི་བདོག །བདག་པོས་ཕྱུགས་བདས་བདའ་དེད་སོགས། །བ་ཡིས་འཕུལ་བའི་ད་ཡིག་ཡིན། །
   མདའ་མདུང་མདེའུ་དུས་ཀྱི་མདང༌། །བཀྲག་མདངས་མེ་མདག་ལུས་ཀྱི་མདུན། །གྲོས་ཀྱི་མདུན་མ་ལུང་པའི་མདའ། །མདོ་སྡེ་མདོར་བསྡུས་དཔྲལ་བའི་མདོངས། །མདུད་པ་ཚོན་མདོག་ར་མདའ་བྱེད། ། གླུད་མདོས་ལམ་མདོ་གསུམ་མདོ་སོགས། །མ་ཡིས་འཕུལ་བའི་ད་ཡིག་ཡིན། །
   དགེ་འདུན་འདུས་ནས་འདུལ་བ་འདོན། །འདོད་ཆགས་མ་འདྲེས་མྱང་འདས་འདའ། །འདབ་ཆགས་འདམ་ཟན་འདི་རུ་འདུག །འདུ་བྱེད་འདུས་བྱས་འདྲིས་པ་འདྲ། །གནས་སུ་འདྲེན་དང་གསོལ་འདེབས་འདུད། །ལྷ་འདྲེ་ཤིང་འདྲུད་ཁུང་བུ་འདྲུ། །ཁྲིམས་འདྲལ་གཏམ་འདྲི་ཡི་གེ་དྲི། །རྗེས་འདེད་བློ་འདུན་གོ་འདུན་ཚོགས། །བང་འདུར་འདུལ་སྦྱོང་གྱེན་དུ་འདེགས། །འདབ་མ་འདུ་འཛི་ཞབས་འདྲེད་འདྲད། །རྦབ་འདྲིལ་ལྗགས་དྲིལ་(གྲིལ་ཡང་ཟེར་)སླུ་བའི་འདྲིད། །འདྲེག་མཁན་ལུས་འདར་འདག་ཆལ་འདྲེན། །འགྲོ་བའི་འདོང་དང་བོར་བའི་འདོར། །འདོ་མེད་བྱ་འདག་འདོམ་གང་འདོགས། །ས་འདོལ་ཆུ་འདལ་སྐྱོ་མ་འདལ། །འཁོར་འདབ་ནང་འདོམ་ཆོས་འདོམས་སོགས། །འ་ཡིས་འཕུལ་བའི་ད་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །གྲོང་རྡལ་ཐོག་རྡིབ་རྡོ་རྗེའི་རྡུལ། །རྡེག་བྱེད་ཐབས་རྡུགས་རྡེའུ་རྡོག་པོ། །རྡོག་པས་རྡུང་བྱེད་རྡར་རྡོས་རྡོར། །ཕེག་རྡོབ་རྡོས་ཆེ་ལག་རྡུམ་སོགས། །ར་མགོ་ལྡན་པའི་ད་ཡིག་ཡིན། །
མཆོད་རྫས་ལྡ་ལྡི་ལྡེ་མིག་དང༌། །མཁའ་ལྡིང་འབྲུག་ལྡིར་ལྡབ་ལྡིབ་སྐད། །འཇུག་ལྡོག་མགོ་ལྡོག་ཕྱིར་མི་ལྡོག །ཤེས་སླའི་ལྡོབ་སྐྱེན་ཡོད་པའི་ལྡན། །བྱད་ཀྱི་ལྡན་པ་ལྡེར་བཟོའི་ལྷ། །མེ་ལྡེ་སེང་ལྡེང་ལྡམ་ལྡེམ་དང༌། །རེ་ལྡེ་མིག་ལྡོངས་ལོགས་ཀྱི་ལྡེབས། །དྲང་མིན་ལྡེམ་པོ་ལྡེམ་དགོངས་དང༌། །ལྡུམ་རའི་ལྡམ་ལྡུམ་དྲིས་ལན་ལྡོན། །ལྡ་ལྡིར་སྐོམ་ལྡུད་སྣོད་དུ་ལྡུགས། །ལྡེ་གུ་ལྡར་ལྡུར་ངད་ལྡང་ལྡན། །འཁོབ་པའི་ལྡངས་དང་སྟན་ལས་ལྡང༌། །བསྐྱར་ལྡབ་ཉིས་ལྡབ་ལྡོམ་བུ་སྤྱད། །ནེ་འུ་ལྡངས་དང་ལྡང་ཚད་སོགས། །ལ་མགོ་ལྡན་པའི་ད་ཡིག་ཡིན། །
   ཞེ་སྡང་སྡང་མིག་སྡིགས་མཛུབ་དང༌། །དགེ་སྡིག་བདེ་སྡུག་སྡེ་ཚན་སྡེབས། །སྡུག་ཆགས་སྡོམ་སྡིག་སྡེར་མོ་རྣོ། །མཛེས་སྡུག་སྡུག་བསྔལ་སྡིག་ཏོ་ཅན། །ནོར་སྡུད་སའི་སྡིངས་བྲེད་པའི་སྡར། །སྡོམ་པ་བསྲུང་སྡོམ་སྲོག་དང་སྡོ། །བཀའ་སྡོད་སྡེ་སྣོད་མང་པོའི་སྡེ། །སྣོད་སྤྱད་སྡེར་མ་ཐུག་སྡོར་དང༌། ། ཤིང་སྡོང་མཆོད་སྡོང་གནས་སུ་སྡོད། །སྡེབ་སྦྱོར་ཕྱོགས་གཅིག་སྡོམས་ཤིག་སོགས། །ས་མགོ་ལྡན་པའི་ད་ཡིག་ཡིན། །
ཆལ་བརྡབ་ཆལ་མར་བརྡལ་བ་དང༌། །གྲི་བརྡར་ཁ་བརྡར་གོ་བྱེད་བརྡ། །རྔ་བརྡུང་བྲོ་བརྡུང་བརྡེག་བྱ་བརྡེགས། །བརྡུང་བྱ་བརྡུངས་དང་བརྡེག་འཆོས་སོགས། །བས་འཕུལ་ར་མགོ་ལྡན་པའི་དའོ། །
བལྡག་པ་བལྡག་དང་མུར་བའི་བལྡད། །བས་འཕུལ་ལ་མགོ་ལྡན་པའི་དའོ། །
   དབྱེན་བསྡུམ་མདོར་བསྡུས་བསྡུ་བྱ་བསྡུས། །གཅིག་ཏུ་བསྡོམས་དང་ཕན་ཚུན་བསྡུར། །སྲོག་དང་བསྡོས་ནས་ཉེས་པ་བསྡམས། །གྲོགས་དང་བསྡོངས་བསྡེབས་ཉེར་བསྡོགས་དང༌། །ལྷམ་གྱི་བསྡོགས་པ་གྲབས་ཀྱི་བསྡོགས། །གནས་སུ་བསྡད་དང་གཞན་ལ་སྡིགས། །རྡོ་རྗེ་བསྡམས་པ་དམ་དུ་བསྡམས། །བས་འཕུལ་ས་མགོ་ལྡན་པའི་དའོ། །ད་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ནའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་བཤད་མི་དགོས། །གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །གནས་བརྟན་ཉེར་གནས་གནས་ཁང་དུ། །གནས་ནས་གནོད་བྱེད་ཟིལ་གྱིས་གནོན། །གནས་སྐབས་ཕན་གནོད་གནང་བཀག་བྱེད། །ཞི་གནས་གནས་འགྱུར་གནས་ལུགས་རྟོགས། །གནོད་སྦྱིན་མདོག་གནག་གནས་ངན་ལེན། །གནག་ཕྱུགས་གནད་གཅོད་ཞེ་ནས་གནོང༌། །གནངས་བཞེས་དུས་དང་གནམ་སྟོང་སོགས། །ག་ཡིས་འཕུལ་བའི་ན་ཡིག་ཡིན། །
   མནལ་གཟིམས་མནའ་མ་འོག་ཏུ་མནན། །མནའ་བསྐྱལ་དྲི་མནམ་བསམ་མནོ་མནོས། །ཟས་མནོག་མནོག་ཆུང་མན་ངག་མནོས། །གོས་མནབས་མནར་སེམས་མནར་མེད་མནར། །མ་ཡིས་འཕུལ་བའི་ན་ཡིག་ཡིན། །
གསུམ་པ་མགོ་ཅན་འདི་ལྟ་སྟེ། །རྣ་བའི་རྣམ་ཤེས་རྣོན་པོ་རྣམས། །རྣམ་རྟོག་རྣམ་གྲངས་རྣམ་པ་མང༌། །རྣལ་མའི་རྣལ་འབྱོར་རྩེ་མོ་རྣོ། །ཞིང་གི་རྣང་མ་ཁུག་རྣ་དང༌། །རྣག་ཁྲག་ཚིག་ཕྲད་རྣམ་པར་སོགས། །ར་མགོ་ལྡན་པའི་ན་ཡིག་ཡིན། །
   སྣག་ཚ་སྣ་ཚོགས་སྣ་ཡི་སྣབས། །སྣམ་སྦྱར་སྣམ་བུའི་རྒྱུ་སྣལ་མ། །མཐོང་སྣང་བར་སྣང་ལྟར་སྣང་དང༌། །སྣང་གསལ་སྣེ་མོ་སྣོལ་ཞིབ་ཕྲེད། །སེར་སྣ་ལམ་སྣ་སྣ་མང་དང༌། །རྒྱབ་ཀྱི་སྣམ་ལོགས་སྣོད་བཅུད་སྣུམ། །ལུས་སྣད་དྲི་སྣོམ་སྣུར་ཞིག་སོགས། །ས་མགོ་ལྡན་པའི་ན་ཡིག་ཡིན། །
   འགགས་པའི་བརྣངས་དང་ནན་ཏན་བརྣན། །སྦས་པའི་བརྣོགས་དང་བསམ་པའི་བརྣག །བརྣབ་སེམས་བཟོད་དཀའི་བརྣག་དཀའ་སོགས། །བས་འཕུལ་ར་མགོ་ལྡན་པའི་ནའོ། །
   གནད་དུ་བསྣུན་དང་ནུ་མ་བསྣུན། །མཚོན་བསྣུན་དྲི་བསྣམས་ཕྱག་ཏུ་བསྣམས། །གོང་འོག་བསྣོར་དང་ཕན་ཚུན་བསྣོལ། །མང་དུ་བསྣན་དང་སྲོལ་སོགས་བསྣུབས། །དུས་བསྣུར་ཞིབ་མོར་བསྣུར་བ་སོགས། །བས་འཕུལ་ས་མགོ་ལྡན་པའི་ནའོ། །ན་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

པའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །མཁར་གྱི་པུ་ཤུ་པང་ལེབ་ཤིང༌། །འདབ་ཆགས་པུ་ཤུད་པར་པར་འཕར། །པང་པར་པི་ཝང་པིར་གྱིས་བྲིས། །ཟེ་པྲོག་པྲོག་ཞུ་འོག་པག་རྒྱན། །པོ་ཏིའི་པར་དང་གཟའ་པ་སངས། །པུར་ཁང་པུས་བཙུགས་པྲ་ཕབ་དང༌། །པགས་པ་སྟག་གི་པགས་པ་ཞེས། །གཞི་དང་མ་འབྲེལ་བ་དང་ནི། །དྲུག་སྒྲ་ཡོད་སོགས་པ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །དཔལ་ལྡན་དཔག་མེད་སེམས་དཔའ་ཆེ། །རྗེས་དཔག་དཔག་ཚད་དཔག་བྱ་དཔོག །དཔུང་པ་དཔུང་རྒྱན་དཔོན་སློབ་དང༌། །རྗེ་དཔོན་དམག་དཔོན་དཔའ་བོ་དཔའ། །དཔེར་ན་དཔེ་བྱད་དཔེ་ཆ་དང༌། །དཔང་པོ་དཔངས་མཐོ་དཔག་བསམ་ཤིང༌། །རྣམ་དཔྱོད་རྟོག་དཔྱོད་བརྟག་དཔྱད་དཔྱད། །འཚོ་དཔྱད་དཔྱིས་ཕྱིན་དཔྱས་མི་འདོགས། །དཔྱིད་དུས་དཔྲལ་བ་སྟ་ཟུར་དཔྱི། །དར་དཔྱངས་དཔྱང་ཐག་དཔྱ་ཁྲལ་སོགས། །ད་ཡིས་འཕུལ་བའི་པ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །སྤང་བྱ་སྤངས་དང་ཕ་སྤད་སྤུན། །སྤ་དབྱུག་སྤང་སྤོས་སྤར་མོར་སྤྲད། །རྩི་ཤིང་སྤེན་མ་སྤ་མ་དང༌། །རྒྱན་གྱི་སྤེན་ཏོག་བརྒྱན་པའི་སྤུད། །མཛེས་པའི་སྤ་དང་རིན་ཆེན་སྤུག །བྱ་སྤུར་གནས་སྤོར་གཞན་དུ་སྤགས། །མཐའ་ལ་སྤྱུག་སྤྱུགས་ཟས་ཀྱི་སྤགས། །སྤེལ་མར་ནོར་སྤེལ་གཟའ་སྤེན་པ། །མཁར་གྱི་སྤེ་འུ་སྤོབས་པ་ཆེ། །བ་སྤུ་སྤྱི་བོ་རྒྱན་གྱིས་སྤྲས། །དཀའ་སྤྱད་ཆོས་སྤྱད་སྤྲུལ་པ་འགྱེད། །ཆུ་འཛིན་སྤྲིན་སྤྲོས་སྤྱིལ་བོ་སྤྲོ། །སྤོང་ཐག་སྤང་བ་སྤོང་བ་པ། །སྤྱི་བླུགས་ཁ་སྤུང་ཆུ་ལ་སྤྱིང༌། །མིག་གི་སྤྱན་དང་འབྱར་བྱེད་སྤྱིན། །སྤྲ་བ་སྤྲ་ཚིལ་སྤྲ་ཆལ་དང༌། །ཞོ་ཡི་སྤྲིས་མ་ཐགས་ཀྱི་སྤུན། །སྤྲ་དང་སྤྲེ་འུ་སྤྱང་ཀི་དང༌། །སྤྲང་པོ་སློང་སར་འཐབ་མོ་སྤྲད། །སྤྱང་པོ་སྤྱི་སྒོས་དག་མི་སྤྱོམས།། དངོས་སྤྱད་ཁེ་སྤོགས་ཕུང་པོར་སྤུངས། །ལོངས་སྤྱོད་སྤྱོད་དང་གཤེ་བའི་སྤྱོ། །སྤབས་རྡུལ་སྤྲུག་སྤྲུགས་མུན་སྤྲུལ་དང༌། །སྤ་བཀོང་གཅེས་སྤྲས་ཚུར་སྤྱོན་སོགས། །ས་མགོ་ལྡན་པའི་པ་ཡིག་ཡིན། །
སྟག་ལྤགས་ཤུན་ལྤགས་ཞེས་དྲུག་སྒྲ། །མེད་པ་ལ་ཡི་མགོ་ཅན་ཡིན། །པ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཕའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཕྲ་མ་ཕྲག་དོག་ཕྲན་ཚེགས་དང༌། །ཕྲེང་བ་བརྒྱ་ཕྲག་རྡུལ་ཕྲན་ཕྲ། ། ཕྲག་གོང་ཕྱར་བ་ཕྱག་གིས་ཕྱར། །ཕྱ་མཁན་ཕྱལ་ན་ཕྱིང་པ་ཕྱོར། །རྒྱན་གྱི་ཕྱང་ཕྲུལ་ཕྱང་ངེ་བ། །ཕྱུགས་ཀྱི་ཕྱིར་དུ་ཕྱོགས་བཅུར་ཕྱིན། །དབུལ་ཕོངས་ཕྱེ་སློངས་ཕྲ་བ་ཕྲོགས། །ནམ་ཕྱེད་ཕྲུ་གུ་དྲི་ཕྱེན་གཏོང༌། ། ཕྱག་དར་ཕྱི་ས་ཕྱི་ལ་ཕྱུང༌། །ཕྱི་ཕྱིར་ཕྱུག་པོའི་སྒོ་ཕྱེ་ནས། །ཕྱིན་ཅི་ལོག་པ་ཕྱགས་མས་འཕྱགས། །ཙནྡན་ཕྱེ་མས་དྲིལ་ཕྱིས་ཕྱིས། །ཕྲ་མན་ཕྲིན་ལས་ས་ཕྱོད་ཆེ། །ཚིག་ཕྲད་སྔ་ཕྱི་རྣམ་དབྱེ་ཕྱེད། །མངལ་དང་དམག་གི་ཕྲུ་མ་དང༌། །སྤུ་ཕྲུག་ཕྲུགས་སྡེབས་གཡན་པ་ཕྱུགས། །ཐོག་གི་ཕྱམ་སོགས་ཕ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །ནམ་འཕང་ཁྲི་འཕང་གོ་འཕང་དང༌། །གོང་དུ་འཕགས་དང་གྱེན་དུ་འཕྱར། །ནོར་འཕྲོག་འཕལ་ཀ་ཕན་ཚུན་འཕྲད། །སྙིང་འཕྱོ་སེམས་འཕྲེང་འོད་འཕྲོ་འཕྲོས། ། གཞན་ལ་འཕྱ་འཕྱས་ཡན་པའི་འཕྱན། །རྐང་མེད་འཕྱེ་བོ་ལྟོ་འཕྱེ་དང༌། །སེམས་ཅན་འཕྱི་བ་དུས་འཕྱི་འཕྱིས། །ཕྱི་འཕྱར་དར་འཕྱར་འཐུར་དུ་འཕྱང༌། །འཕྲལ་དུ་འཕོང་གི་མདའ་འཕེན་འཕངས། །འཕྱོན་མའི་འཕངས་བདེ་འཕོངས་རྡུལ་འཕྱག །འཕྲལ་འཕྲོད་བྱ་འཕུར་ལམ་ཕྱུག་འཕྱུགས། །རྣམ་འཕྲུལ་སྒྱུ་འཕྲུལ་དར་འཕན་སོགས། །འ་ཡིས་འཕུལ་བའི་ཕ་ཡིག་ཡིན། །ཕ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

བའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །སྨན་བླ་བླ་མེད་བདེ་བླག་དང༌། །བླ་མའི་བྱིན་རླབས་བླ་རེ་བྲེས། །བླ་གབ་བླ་དྭགས་སྤྱི་བླུགས་དང༌། །བློན་པོ་བློ་གྲོས་རྣ་བ་བླགས། །བླང་དོར་ཁས་བླངས་བླ་ཐབས་བསྣན། ། བློ་དང་རིག་པ་བློང་བློང་དང༌། །ཐབས་བྲལ་བླུན་པོ་བླུས་ཀྱང་བླ། །སྐྲ་བྲེགས་རབ་བྱུང་བླ་གོས་བྱིན། ། བྱ་དང་བྱིའུ་བྱི་ལ་དང༌། །བྱི་བྲུན་བྱང་གི་བྲགས་སུ་བྲུབས། །རི་བྲགས་བྲེས་རྩྭ་སྟེར་མི་བྲ། །བྲག་ལ་བྲམ་ཟེས་ཡི་གེ་བྲིས། །བྱེས་ནས་བྱོན་བྱུང་བྱུག་པ་བྱ། །བྱིས་པའི་བྲན་དང་བྱ་ར་བྱོས། །བྲང་འགྲོ་བྲེ་ཡི་བྱེ་མས་བྲབ། །བྱད་དང་བྱུར་རྣམས་བྱབས་པས་བྱེར། །བྱམས་པས་ཟས་བྲིམས་བྱག་མཁན་བྲེལ། ། སྐྱུག་བྲོ་ཆུས་བྲན་ས་ལ་བྲུལ། །བྲོ་གར་བྲོ་བོར་བྲོ་ནད་དང༌། །བྱོལ་སོང་བྱེ་བྲག་བྲུ་བ་ཚ། །ཆུ་བླུད་སོས་བླད་འདམ་དུ་བྱིང༌། །བྱིང་རྒོད་སྤྱིའི་བྱིངས་ནང་བྱན་ཆུད། །ཡོ་བྱད་ཆ་བྱད་བྱད་བཞིན་གདོང༌། །སྐྱོན་བྲལ་བྱུ་རུ་བྱི་དོར་བྱེད། །སྤུ་ཕྱི་བྱིལ་མོར་བ་བླ་བྱུགས། །བྱུག་རིས་གྲལ་ནས་བྲོས་ལ་བྱོལ། །བྱ་ན་རོ་བྲོ་བྱུར་བུར་གང༌། །སྟོབས་བྲི་བློ་བྲོད་བྱི་བོ་བྲན། །བཙོ་བླག་མཁན་སོགས་བ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །དབང་ཕྱུག་དབང་ལྡན་དབང་ཐང་དང༌། །དབང་པོ་དབང་བསྐུར་ཡེ་ཤེས་དབབ། །ཆུ་ཡི་དབའ་རླབས་དབུ་བ་དང༌། །ཞེ་སའི་དབའ་དང་ཏོག་གི་དབལ། །ཟས་དབུལ་གདུགས་དབུབ་ཁ་ནང་དབུགས། །བུག་པ་དབུག་དང་ནོར་གྱིས་དབུལ། །དབུས་དང་དབུང་ནི་དཀྱིལ་གྱི་མིང༌། །དབུ་མའི་ལྟ་བ་གཏན་ལ་དབབ། །དབུགས་དབྱུང་ཕྱིར་དབྱུང་སུན་དབྱུང་ཕྱུང༌། །རྗང་དབོལ་ཆུ་དབོ་སྐར་མ་དབོ། །ལུང་དབོག་ནོར་དབོག་དཔོན་པོའི་དབུ། །ཆོས་དབྱིངས་དབྱིབས་དང་དབྱེར་མེད་དང༌། །འབྱེད་པའི་དབྱེན་དང་སེམས་ཅན་དབྱི། །རིན་ཆེན་དབྱིག་དང་རི་མོ་དབྱི། །དབྱུག་པ་དབྱུག་དབྱུགས་དབྱུ་གུ་ཤིང༌། །དབྱར་དུས་དབེན་པར་དབྱངས་སྙན་སྒྲོག །བཙོག་པའི་དབྲེ་དང་དབྲལ་དཀའ་སོགས། །ད་ཡིས་འཕུལ་བའི་བ་ཡིག་ཡིན། །
   དཔལ་འབྱོར་ཕྱིས་འབྱུང་འབྲོམ་སྟོན་འབྱོན། །རབ་འབྱམས་ཚེ་འབྱིད་འབེལ་གཏམ་འབྱིན། །མཚང་ནས་འབྲུ་དང་འབྲས་བུ་འབྲུ། །འབྲས་ཆེན་ལྕེས་འབྱོག་ས་ལ་འབྱོ། །སྦྱར་བའི་འབྱར་དང་བར་མའི་འབྲང༌། །དུད་འགྲོ་འབྲོང་འབྲི་འབྲོག་ཏུ་འབྲོས། །འབྲུམ་ནད་འབྲུག་གི་རྗེས་འབྲང་འབྱེར། །འབྱུང་པོ་འབྲུབ་ཁུང་འདམ་དུ་འབྱིང༌། །ཚོན་འབྱུག་སྒོ་འབྱེད་ཆུ་འབྲུབ་འབྱོལ། །འབྲལ་མེད་འབྱུང་བཞི་སྦྲལ་བའི་འབྲེལ། །སྤོང་སའི་འབྲང་དང་འབྲེང་པ་རྒྱུན། །ཁ་འབྲི་ལས་འབྱོངས་འབྱུང་བ་སོགས། འ་ཡིས་འཕུལ་བའི་བ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །ཁྱི་རྦད་རྦབ་སྒྲིལ་རྦད་གཏོང་རྦ། །ཁ་རྦད་རྦད་ཆོད་སྐྱ་རྦབ་ནད། །ར་མགོ་ལྡན་པའི་བ་ཡིག་ཡིན། །
   མགྲིན་པའི་ལྦ་བ་ཆུའི་ལྦུ་བ། །ལ་མགོ་ལྡན་པའི་བ་ཡིག་ཡིན། །
   ནོར་སྦྱིན་གནོད་སྦྱིན་སྦྱིན་བདག་དང༌། །དགེ་སྦྱོང་གསོ་སྦྱོང་གཙང་སྦྲ་སྦྱོར། །སྲོག་ཆགས་སྦལ་སྦྲུལ་གྲོག་སྦུར་སྦྲེ། །ཤ་སྦྲང་སྦྲང་བུ་སྦྲང་རྩིས་སྦོས། །སྦུན་མ་ཆང་གི་སྦང་མས་སྦངས། །སྦུག་ཆལ་ནང་སྦུབས་སྦོད་དོས་སྤོར། །དུད་འགྲོའི་སྦང་སྦགས་གཅིག་ཏུ་སྦམས། །སྦོམ་པོ་ཉིས་སྦྲག་སྦྱར་ནས་སྦྲེལ། །མེ་སྦར་སྦུད་པ་ཁུར་དུ་སྦྲགས། །ལུས་སྦྲིད་སྦྲིད་པ་ཆུ་རྒྱུན་སྦྲེངས། །གསང་བའི་སྦ་བ་གཏེར་སྦ་སྦས། །བུད་མེད་སྦྲུམ་མ་གྲང་བའི་སྦྲེབ། །སྦུ་སྦུབས་གྲོགས་སྦྲན་ར་མདའ་སྦྲན། །ས་ལེ་སྦྲམ་གསེར་ཕྱག་སྦལ་བཙོན། །ཟས་སྦྲུས་སྦྱང་བྱ་སྦྱོང་བྱེད་སྦྱངས། །ས་མགོ་ལྡན་པའི་བ་ཡིག་ཡིན། །བ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

མའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །མྱང་འདས་རོ་མྱང་བདེ་བ་མྱོང༌། །མྱ་ངན་མྱག་མྱོག་རོ་མྱགས་འདམ། ། མྱུར་དུ་ནགས་མྱུལ་མྱ་ངམ་ཐང༌། །ཉམས་མྱོང་མྱུ་གུ་ཆང་གིས་མྱོས། །མྱང་མྱང་མྱུག་མྱུག་མ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །དམག་གི་ཉེས་དམིགས་དམིགས་བསལ་དང༌། །དམངས་རིགས་རིགས་དམའ་དམན་པའི་རིགས། །གཙང་དམེ་འཛུམ་དམུལ་དམིགས་པ་གཏོད། །དམེ་བོ་དམུས་ལོངས་དམིགས་བུ་མེད། །དམུ་རྒོད་དམུ་ཆུ་འདྲེ་སྲིན་དམུ། །ཉམས་དམས་དམུས་བྱུང་ཁ་མདོག་དམར། །བུག་པའི་དམིག་དང་བློ་དམུན་བླུན། །དམོད་བཙུགས་དམྱལ་བ་དམོད་པ་འདོར། །ད་ཡིས་འཕུལ་བའི་མ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །རྨད་བྱུང་རྨད་པའི་རྨི་ལམ་རྨིས། །རྨུགས་འཛིན་ཁྱིས་རྨུར་རྨུགས་པའི་རྨ། །རྨ་བྱ་ཁམས་རྨྱ་བྱ་རྨྱང་བྱད། །རྨོན་པ་ཞིང་རྨོ་རྨོན་དོར་རྨོས། །རྒན་མོའི་རྨ་མོ་བལ་རྨེལ་དང༌། །འདྲི་བའི་རྨེད་དང་དྲིས་པའི་རྨས། །ཕྱུགས་ཀྱི་རྨིག་པ་སྒ་ཡི་རྨེད། །རྨང་གཞི་རྨངས་ཚེར་རྨེག་མེད་བཅོམ། །སེམས་རྨོངས་བྱིང་རྨུགས་མུན་པའི་རྨུས། །གོ་ཆའི་རྨོག་དང་དབུ་རྨོག་སོགས། །ར་མགོ་ལྡན་པའི་མ་ཡིག་ཡིན། །
   གདོང་གི་སྨ་ར་སྨིན་མ་དང༌། །སྨེ་བ་སྨུག་རྩི་ཁ་དོག་སྨུག །ཕན་པའི་སྨན་དང་སུག་སྨེལ་སྨན། །སྨིག་སྒྱུ་སྨག་རུམ་ཟོང་མིན་སྨར། །ཚེ་སྨད་སྨ་ཕབ་སྨད་རས་སྨོད། །སྐར་མ་སྨིན་དྲུག་སྨལ་པོ་དང༌། །སྨིན་དྲུག་བུ་དང་སྨེ་ཤ་ཅན། །ཤིང་གི་སྨྱིག་མ་མྱུག་མ་དང༌། །གཏམ་སྨྲས་སྨོས་དང་འབྲས་བུ་སྨིན། །ངུར་སྨྲིག་སྨན་ལྗོངས་སྨྲེ་སྔགས་འདོན། །སྨོན་ལམ་རྣམ་སྨིན་སྨོན་འདྲིན་གྲོགས།  །བུ་སྨད་མིང་སྨོས་སྨྱན་ཀ་བྱེད། །སྨྱུང་གནས་དུས་སྨྱུར་སྨྱོན་པ་སྨྱོ། །མགོ་སྨྱུང་ལྟ་ཅི་སྨོས་ཞེས་སོགས། ། ས་མགོ་ལྡན་པའི་མ་ཡིག་ཡིན། །མ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཙའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཙབ་ཙུབ་མི་བྱ་དེ་ཙུག་ལགས། །ཙནྡན་ནེ་ཙོ་ཙོག་པུར་འདུག །ཙ་ན་ཀ་དང་ཙམ་པ་ཀ །ཙུག་ཙུག་སྒྲ་སོགས་ཙ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །སྤྱི་གཙུག་གཙུག་ཏོར་གཙུག་ལག་ཁང༌། །གཙང་སྦྲ་གཙོ་བོ་དྲི་གཙང་ཁང༌། །གཙོང་རུ་ཆུ་གཙང་གཙང་ཕྱོགས་ཡུལ། །མཆེ་བ་གཙིགས་དང་མི་གཙིགས་ཆེ། །ཁྲག་འདོན་གཙག་བུས་གཙག་པ་དང༌། །གཙེར་བ་གདོན་གྱིས་གཙེས་ཤིང་གཙི། །གཙུབ་ཤིང་གཙུབ་སྟན་གཙུབས་པ་སོགས། །ག་ཡིས་འཕུལ་བའི་ཙ་ཡིག་ཡིན། །
    བཙན་པོ་བཀའ་བཙན་རྫོང་བཙན་དང༌། །བཙུན་མོ་བུ་བཙས་བཙོན་རར་བཙུད། །བཙུན་པ་མིག་བཙུམ་བཙོ་བླག་མཁན། །བཙག་དང་བཙོད་ཀྱིས་གོས་བཙོས་བཙེམས། །ལྕགས་ཀྱི་བཙའ་དང་ནོར་སོགས་བཙལ། །འབགས་པའི་བཙོག་དང་རྡེག་བཙོག་བྱེད། །སྒོག་བཙོང་བཙོངས་ནས་བཙན་དུག་ཉོ། །བཙན་རྒོད་ཐབས་བཙན་གསེར་བཙོ་མ། །ཚགས་ཀྱིས་བཙགས་དང་འཚིར་བའི་བཙིར། །མཐོ་བཙམས་བཙད་པོ་བཙས་མ་བརྔ། །སྲོལ་དང་ཤིང་སོགས་བཙུགས་པ་དང༌། །ལ་བཙས་གྲུ་བཙས་པ་ལ་སོགས། །བ་ཡིས་འཕུལ་བའི་ཙ་ཡིག་ཡིན། །
   གསུམ་པ་མགོ་ཅན་འདི་ལྟ་སྟེ། །རྩ་བ་རྩེ་མོ་རྩ་ལག་གཉེན། །ལུས་ཀྱི་རྩ་དང་ཚོན་རྩི་རྩིང༌། ། རྩི་ཤིང་རྩྭ་དང་རྩི་མར་དང༌། །རྩི་ཐོག་རྩངས་པ་རྩད་ནས་གཅོད། །འཐབ་རྩོད་རྩེད་མོ་རྩེ་དང་རྩེས།། རུས་པའི་རྩིབ་མ་འཁོར་ལོའི་རྩིབས། །བཏུང་བའི་རྩབ་དང་སྤུ་རྩིང་རྩུབ། །རྩིས་མཁན་རྩིས་བྱེད་སྟོབས་རྩལ་ཆེ། །ཁ་རྩང་རྩམ་པའི་རིན་ལ་རྩེག །ལྔས་རྩེན་སུམ་རྩེན་རྩེན་ནེ་སྡོད། །འབད་རྩོལ་སྲོག་རྩོལ་བྱ་བ་རྩོམ། །རྩེ་རྒོད་རྩིག་པ་རྩིག་མཁན་སོགས། །ར་མགོ་ལྡན་པའི་ཙ་ཡིག་ཡིན། །
    བཀའ་སྩལ་སྦྱིན་པ་སྩལ་བགྱི་དང༌། །བགྱིད་དུ་སྩལ་དང་དངོས་གྲུབ་སྩལ། །སྩོལ་དང་སྩལ་དུ་གསོལ་ལ་སོགས། །ས་མགོ་ལྡན་པའི་ཙ་ཡིག་ཡིན། །
    བརྩོན་འགྲུས་སྙིང་བརྩེ་བརྩེ་བ་ཅན། །བརྩད་ཅིང་དྲིས་ནས་བརྩམ་བྱ་བརྩམས། །ཁང་བརྩེགས་བརྩེགས་དང་བརྩི་བྱ་བརྩིས། །སོ་བརྩི་ཧ་ཅང་བརྩེངས་པའི་གོས། །བས་འཕུལ་ར་མགོ་ལྡན་པའི་ཙའོ། །ཙ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཚའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འཇུ་བྱེད་ཚྭ། །འོད་ཟེར་ཚ་ཚྭ་འཕྲོ་བའོ། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །ཕྱོགས་མཚམས་མཚམས་མེད་མཚན་ཉིད་དང༌། །ངོ་མཚར་མཚན་དཔེ་མཚོ་དང་མཚེའུ། །མཚེ་མ་མཚམས་བཅད་མཚན་གཞི་དང༌། །རྒྱལ་མཚན་མཚར་སྡུག་མཚན་མས་མཚོན། །མཚོན་བྱེད་ཕྱག་མཚན་མཚོན་ཆ་དང༌། །མཚུར་སྟོན་ཁ་མཚུལ་མཚལ་དང་མཚུངས། །སྤྱི་བོའི་མཚོག་མ་མིང་གི་མཚན། །དྲེའུ་རྟ་མཚལ་ལུ་སྐྱོན་གྱི་མཚང༌། །རྒྱུ་མཚན་ཁྱིམ་མཚེས་དུར་དུ་མཚེད། །མ་ཡིས་འཕུལ་བའི་ཚ་ཡིག་ཡིན། །
   ཟས་ཀྱི་འཚལ་མ་ཟོས་པའི་འཚལ། །ཤེས་དང་ཆོག་པའི་འཚལ་སོགས་དང༌། །ཕྱག་འཚལ་འཚང་རྒྱ་བློ་དང་འཚམས། །དུས་འཚམས་བློ་འཚབས་ལོངས་པའི་འཚར། །རྡེག་འཚོག་གདུང་འཚོབ་འཚོག་ཆས་འཚོང༌། །གནོད་འཚེ་ལུས་འཚོ་རྒྱལ་བའི་འཚེངས། །འཛོམ་པའི་འཚག་དང་ལུས་འཚག་བཟང༌། །ནོར་འཚོལ་ཕྱུགས་འཚོ་འཚོ་བྱེད་དང༌། །ངལ་འཚོ་འོད་འཚེར་ནང་དུ་འཚངས། །ཆུ་སོགས་འཚག་དང་ཟས་འཚོད་སོགས། །འ་ཡིས་འཕུལ་བའི་ཚ་ཡིག་ཡིན། །ཚ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཛའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་བཤད་མི་དགོས། །གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །དཔའ་མཛངས་མཁས་མཛངས་ཡ་རབས་མཛངས། །གནོད་མཛེས་མཛའ་བོའི་མཛད་པ་མཛོད། །བང་མཛོད་མཛུབ་མོ་མཛོད་སྤུས་མཛེས། །དུད་འགྲོ་མཛོ་དང་མཛེ་ནད་སོགས། །མ་ཡིས་འཕུལ་བའི་ཛ་ཡིག་ཡིན། །
   ཕན་ཚུན་འཛིངས་དང་ཆུ་འཛག་འཛིར། །སྣོད་འཛེད་གོས་འཛར་ལག་པས་འཛིན། །འཛམ་གླིང་ནོར་འཛོམ་སྣོད་དུ་འཛུད། །བཞིན་འཛུམ་ཆུད་འཛའ་འདུ་འཛིར་འཛེམ། །ནོར་བའི་འཛོལ་དང་འོག་ཏུ་འཛུལ། །འཁྲུགས་པའི་འཛག་འཛོག་ཟད་པའི་འཛད། །སྐད་འཛེར་ལོགས་སྐྱེས་འཛེར་པ་དང༌། །བཟུར་བའི་འཛུར་དང་རྡོ་ཡི་འཛེང༌། །སྲོལ་དང་རྒྱལ་མཚན་འཛུགས་པ་སོགས། །འ་ཡིས་འཕུལ་བའི་ཛ་ཡིག་ཡིན། །
གསུམ་པ་མགོ་ཅན་འདི་ལྟ་སྟེ། །རྫུན་གྱི་རྫབ་རྫུབ་ཀུན་རྫོབ་དང༌། །རྫུས་སྐྱེས་རྫིང་བུ་འདམ་རྫབ་རྫོབ། །བུ་རྫི་ཕྱུགས་རྫི་རྫི་མེད་དང༌། །མིག་གི་རྫི་མ་རླུང་གི་རྫི། །མཁར་རྫོང་ནོར་རྫས་རྫུ་འཕྲུལ་དང༌། །སྣོད་ཀྱི་རྫ་མ་འབུལ་བའི་རྫོངས། །ལས་རྫོགས་རྫོགས་སངས་རྒྱས་ལ་སོགས། །ར་མགོ་ལྡན་པའི་ཛ་ཡིག་ཡིན། །
   ཟས་བརྫིས་གྱོན་བརྫེས་སྲོག་ཆགས་བརྫས། །གཞན་གྱིས་མི་བརྫུ་སྲིན་པོར་བརྫུས། །བརྫུན་སྨྲས་ཡུལ་གཞན་བརྫངས་པ་སོགས། །བས་འཕུལ་ར་མགོ་ལྡན་པའི་ཛའོ། །ཛ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །
ཝའི་བརྡ་འདི་ལྟ་སྟེ།
   ཝ་སྐྱེས་ཆུ་ཡི་ཝ་ཁ་དང༌། །ཕ་ཝང་འགིའུ་ཝང་པི་ཝང་དང༌། །ཡིད་ལ་ཝལ་ལེ་ལ་སོགས་པའོ། །

ཞའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཞ་བོ་རྟར་ཞོན་ཞྭ་མོ་གྱོན། །ལྷ་རྟེན་ཞོལ་པོ་རྔ་ཞོལ་ཆེ། །ཞག་གི་ཞུན་མར་ཞོ་ཟན་ཞིམ། །དོན་ཞུ་ཞུས་དང་འོད་དུ་ཞུ། །སེམས་ཞུམ་གེགས་ཞི་སྲིད་ཞིའི་ཞབས། །ཞིབ་རྩིང་ཞེང་ཚེ་ཞར་བྱུང་ཞོག །ཞང་པོ་ཞེན་ཆེ་བློ་ནུས་ཞན། །རྗེས་ཞུགས་བརྟུལ་ཞུགས་མེ་ཡི་ཞུགས། །སྙོམས་པར་ཞུགས་སོགས་ཞ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །རྣམ་གཞག་དྲན་པ་ཉེར་གཞག་དང༌། །མཉམ་གཞག་གཞལ་བྱ་གཞལ་མེད་ཁང༌། །ནམ་གཞག་གཏན་དུ་བརྟག་གཞིག་གཞུག །ཀུན་གཞི་གཞི་གྲུབ་གཞུང་ལུགས་གཞུང༌། །གནས་གཞི་གཞོང་པ་གཡང་གཞི་དང༌། །གཞོན་ནུ་གཞུང་བཟང་ཆོས་ལ་གཞོལ། །གཞོགས་སློང་བདུད་གཞོམས་གཞོམ་དུ་མེད། །ཡིད་གཞུངས་གཞོབ་དྲི་ནང་དུ་གཞུག །སྤོ་གཞོགས་ནད་གཞི་གཞང་འབྲུམ་གཞིལ། །གཞིས་ཀ་གླུ་གཞས་གཞེན་བསྐུལ་འདེབས། །གཞིག་པོ་གཞོངས་སྤྱོད་གཞའ་ཚོན་གཞུ། །འཇིབ་པའི་གཞིབ་དང་མངག་གཞུག་བྲན། །འཚོ་ཞིང་བཞུགས་པའི་གཞེས་པ་སོགས། །ག་ཡིས་འཕུལ་བའི་ཞ་ཡིག་ཡིན། །
   གནས་སུ་བཞག་དང་ནང་ཁྲོལ་བཞག །སྐྲ་བཞར་བཞད་གད་འདབ་ཆགས་བཞད། །བཞབས་ནས་ལྕགས་བཞུས་རླན་གྱི་བཞའ། །བཞམས་བསྒོ་གསོལ་བཞིའི་དགོངས་བཞེད་བཞིན། །འདི་བཞིན་མར་བཞུ་བཞུར་ནས་བཞེས། །ཁུར་བཞེས་བྱད་བཞིན་ཤིང་སོགས་བཞོགས། །བཞེངས་བཞུགས་འབྱོན་བཞུད་བཞོན་པ་རྟ། །དཔང་པོའི་ཆེ་བཞི་གྲངས་ཀྱི་བཞི། །བཞོན་མ་བཞོ་བཞོས་གཡོག་བཞུན་སོགས། །བ་ཡིས་འཕུལ་བའི་ཞ་ཡིག་ཡིན། །ཞ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ཟའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །ཟྭ་ཚོད་ཟས་ཟོ་ཟད་པ་མིད། །གང་ཟག་ཟག་མེད་ཟབ་དོན་སྒོམ། །ཟང་ཟིང་ཟོལ་ཟོག་གཉིས་ཀྱི་ཟུང༌། །ཆང་ཟུངས་ལུས་ཟུངས་དོགས་ཟོན་ཟུངས། །ཁྱི་ཟུག་ཟོར་འཕེན་ཆུད་ཟོས་ཟོབ། །རྩྭ་རྔའི་ཟོར་བ་ཟོ་བ་ཟོམ། །སྨར་མིན་ཟོང་དང་རིན་ཆེན་ཟངས། །རྩྭ་རྩེའི་ཟིལ་པ་ཟིལ་གྱིས་གནོན། །ཟལ་པོའི་སྤུ་ཟགས་ཟར་མ་ཟོས། །ཤིད་ཟན་ཅུང་ཟད་བྱས་ཟིན་ཟེར། །འོད་ཟེར་ཟེའུ་འབྲུ་ཟུག་རྔུ་ནད། །ཟམ་ཟིམ་ཁ་ཟུམ་ཟམ་པའི་ཟུར། །ཟུང་དུ་སྔགས་ཟླ་གཞན་ལ་ཟླ། །ཟླ་བ་ཟླུམ་པོ་ཟློས་གར་བྱེད།། ཟླ་མེད་ཟླ་གམ་ཟླས་དབྱེ་དང། །ཟླ་གྲོགས་ལོ་ཟླ་མྱ་ངན་ཟློ། །རྗེས་ཟློས་ཟློག་པ་ཟ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །དགང་གཟར་བླུགས་གཟར་གཟར་བུ་སྐྱོགས། །རྔུལ་གཟན་གཟར་ཐག་ཕྲག་པར་གཟར། །རི་གཟར་གཟའ་སྐར་གཟི་བརྗིད་ཅན། །གཅན་གཟན་གཟན་ཟ་སྟན་གྱི་གཟར། །གཟན་སྟན་གཟན་ཆེ་བརྡེག་པར་གཟས། །གྲུ་གཟིངས་གཟི་འོད་ནོར་བུ་གཟི། །སྟག་གཟིག་སྤྱན་གཟིགས་གཟུགས་བརྙན་གཟིགས། །གཟུངས་སྔགས་གཟུངས་གདབ་དགེ་ལ་གཟུད། །ད་གཟོད་དྲིན་གཟོ་ཆུད་མི་གཟོན། །གཟུ་ལུམ་གཟུང་འཛིན་གཟེར་ནད་ཆེ། །འོད་གཟེར་གཟེར་བུ་སྣོད་ཀྱི་གཟེབ། །རྐོ་བའི་གཟོང་དང་གཟོད་མའི་དུས། །གཟུང་བྱེད་གཟུ་བོ་མལ་དུ་གཟིམས། །ཤ་གཟུག་ལ་གཟིར་ཤིང་སོགས་གཟེར། །བསྒོ་བ་རྣར་གཟོན་གཟེངས་བསྟོད་དང༌། །ཚེར་མ་གཟངས་རིང་གཟུང་སྤོབས་སོགས། ། ག་ཡིས་འཕུལ་བའི་ཟ་ཡིག་ཡིན། །
   ལྷུང་བཟེད་བཟེད་ཞལ་བཟེད་ནས་བཟུར། །བཟའ་བ་བཟབས་རྒྱས་བྱིན་པ་བཟས། །བཟོ་བོ་བཟའ་མི་ཆང་གིས་བཟི། །ན་བཟའ་བཟང་པོ་ལག་པས་བཟུང༌། །བཟུང་བྱ་ཚུལ་བཟུང་ངེས་བཟས་ཅན། །དེང་ནས་བཟུངས་ཏེ་རྗེས་སུ་བཟུངས། །གཏུམ་པའི་མི་བཟད་བཟེ་རེ་ཅན། །བཟོད་པ་དབྱེན་བཟླུམས་གཅིག་ཏུ་བཟླུམས། །གསང་སྔགས་བཟླ་བཟླས་མྱ་ངན་བཟླ། །མི་བཟློག་པ་དང་གཡུལ་བཟློག་སོགས། །བ་ཡིས་འཕུལ་བའི་ཟ་ཡིག་ཡིན། །ཟ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

འ་ཡི་བརྡ་ནི་བཤད་མི་དགོས།

ཡའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་བཤད་མི་དགོས། །གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །གཡར་ངོ་གཡར་ཁྲལ་གཡར་དམ་དང༌། །གཡས་གཡོན་གཡང་གཞི་གཡབ་གཡུབ་གཡོབ། །གཡང་ས་མི་གཡོ་གཡུང་དྲུང་དང༌། །དཔལ་གྱི་གཡང་དང་དྲུག་དམར་གཡུ། །སྐྱི་གཡའ་གཡའ་སྒོག་ལྕགས་གཡའ་དང༌། །གཡོ་སྒྱུ་ས་གཡོ་ཟས་གཡོ་གཡོས། །མི་བརྩོན་གཡེལ་དང་གཡེང་པས་གཡེངས། །གཞན་ལ་ཁ་གཡར་གཡམ་ལ་རྒྱུག །གཡེར་མ་གཡིགས་བྱེད་སེམས་ཅན་གཡི། །རིགས་ངན་གཡུང་མོ་ལོག་གཡེམ་སྤྱོད། །གཡུལ་ས་གཡུལ་འཁྲུག་དུད་འགྲོ་གཡག །གཡེར་ཁ་གཡུར་ཟ་གཡན་པ་ནད། །མིག་གཡོར་བྲན་གཡོག་གོས་ཀྱིས་གཡོགས། །གསེང་གཡབས་བསིལ་གཡབས་གཡར་པོ་གཡོར། །རླུང་གཡོར་གཡེར་པོ་སྣང་གཡེལ་ཅན། །ག་ཡིས་འཕུལ་བའི་ཡ་ཡིག་ཡིན། །ཡ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

རའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །མགོ་སྐྱེས་རྭ་དང་ཁྲག་རླངས་དང༌། །ཁ་རླངས་རླུང་གིས་རླག་བྱེད་རློག །ཁོལ་བུའི་རླིད་བུ་ཁུང་བུའི་རླུབས། །འདོམས་ཀྱི་རླིག་པ་ཟས་ཕྱིར་རླུགས། །རླབས་ཆེན་དབའ་རླབས་བྱིན་རླབས་རློབས། །མངོན་རློམ་རློམ་སེམས་རླན་རློན་ཆང༌། །དེ་སོགས་རྐྱང་པ་འཕུལ་མེད་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །ལུས་ཀྱི་བརླ་ཤ་ཆུ་ཡིས་བརླན། །བརྟན་པའི་བརླིང་དང་བྱིན་གྱིས་བརླབས། །བཅོམ་བརླག་བརླག་བྱ་དགྲ་བོ་བརླག །རྩུབ་ཚིག་བརླང་པོ་གདོན་གྱིས་བརླམས། །སྙིང་པོ་མེད་པའི་ཡ་མ་བརླ། །བས་འཕུལ་ར་ལ་ལ་བཏགས་ཡིན། །ར་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

ལྭ་བ་གོས་ཀྱི་བྱེ་བྲག་གོ །

ཤའི་བརྡ་བཤད་པ་ལ།

དང་པོ་རྐྱང་པ་འདི་ལྟ་སྟེ། །ཤང་ཤང་ཤུག་པའི་ཤིང་བར་ཤི །ཤུལ་དུ་ཤིད་ཟན་ཤུབ་བུར་སྨྲ། །ཤེས་ལྡན་ཤམ་ཐབས་ཤུར་བུས་བཅིངས། །ཤེད་བུ་ཤེད་བདག་ཤེད་ལས་སྐྱེས། །ཤད་སྦྱངས་ཚེག་ཤད་ནོར་བུ་ཤེལ། །དོ་ཤལ་ཤོག་བུ་སྣ་ཡི་ཤངས། །ཆ་ཤས་ཤུགས་དྲག་དྲག་ཤུལ་ཆེ། །གྲི་ཤུབས་ཏིང་ཤགས་ཤབ་ཤོབ་རྫུན། །ཤག་པོ་ཤར་ཤར་ཤུགས་གླུ་ཤོད། །ཤན་ཞུགས་ཤན་འབྱེད་མི་འགྱུར་ཤིགས། །ཤྭ་འོད་ཤར་སོགས་ཤ་རྐྱང་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །འགབ་ཀྱི་གཤམ་དང་མོ་གཤམ་དང༌། །ཡང་དག་གཤའ་མ་ཡིན་ལུགས་གཤའ། །དེ་བཞིན་གཤེགས་པ་གཤིས་ལུགས་གནས། །གཤིན་པོ་བདེ་བར་སོང་བའི་གཤེགས། །གཤིན་རྗེ་གཤེད་དང་ཞིང་ས་གཤིན། །གཤེན་རབས་གཤང་དཀྲོལ་ཁ་གཤགས་འགྱེད། ། གཤིས་ངན་གཡུལ་གཤོམ་སྤྱོ་བའི་གཤེ །རླན་གཤེར་སྨོད་པའི་གཤུང་བ་དང༌། །ཆུ་གཤོ་བྲེས་གཤོར་འཕྲང་ལ་གཤར། །ཡུར་བའི་གཤོར་དང་ཐོང་གཤོལ་དང༌། །ཤིང་གཤོག་གཤགས་དང་འདབ་གཤོག་གཤིབས། །དམའ་བའི་གཤོང་དང་སྤང་གཤོངས་སོགས། །ག་ཡིས་འཕུལ་བའི་ཤ་ཡིག་ཡིན། །
   ཆོས་བཤད་བྲེར་བཤར་འཕྲང་ལ་བཤར། །སྡིག་བཤགས་བཤང་གཅི་བཀོད་པ་བཤམས། །བཤུལ་ལམ་བཤར་དང་རི་དྭགས་བཤར། །ཆུ་བཤོར་ཆུས་བཤལ་བཤལ་བ་དྲུད། །མཛའ་བཤེས་དགེ་བཤེས་ལྷ་བཤོས་བཤམས། །ཕྱི་བཤོལ་བཤགས་ནས་བགོ་བཤའ་བྱེད། །རྒྱབ་བཤུལ་བཤུས་ནས་བཤན་པས་བཤས། །མཁར་བཤིག་སྦུབས་བཤངས་ནང་དུ་བཤོང༌། །ངུ་བའི་བཤུམ་དང་གཏམ་བཤེར་སོགས། །བ་ཡིས་འཕུལ་བའི་ཤ་ཡིག་ཡིན། །ཤ་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །

སའི་བརྡ་བཤད་པ་ལ།

   དང་པོ་རྐྱང་པ་འདི་ལྟ་སྟེ། །སངས་རྒྱས་སོར་མོ་སེན་མོ་སོ། །སིལ་སྙན་སིལ་སིལ་སེ་མོ་དོ། །སོག་པོའི་སུག་པ་སོག་པ་དང༌། །སག་ཐག་སིང་ཟེར་སྤྲོ་སིང་ངེ༌། །གཉིད་སད་ཉམས་སད་སོམ་ཉི་སོལ། །སད་དང་སེར་བ་སོ་ནམ་ལས། །བདེ་བའི་སིམ་དང་ཕྱིན་པའི་སོན། །སེངྒེའི་སིད་སྒྲོག་སེམས་སུན་འབྱིན། ། སེ་འབྲུ་སལ་སུལ་སོལ་བ་སོད། །གདུང་སེལ་མུན་སེལ་བར་ཆད་སེལ། །མངོན་སུམ་ཕུན་སུམ་ཁ་དོག་སེར། །སེག་རྡར་སོག་ལེ་སེར་ཁ་ཅན། །སེལ་པོ་སྲོག་ཆགས་སྲེ་མོ་སྲམ། །སྲེག་པ་སྲིན་བྱ་སྲོ་མ་ཤིག ། སྲིན་འབུ་སྲིལ་དང་ཆོས་སྲུང་དར། །འོད་སྲུང་སྲས་དང་ས་སྲུང་བུ། །དྲང་སྲོང་སྲིད་པ་སྲུལ་པོར་བྱེད།། ཡིད་སྲུབས་སྲུབ་ཤིང་སྲུབ་ཐག་དང༌། །སྲིན་པོ་ལུས་སྲུལ་ཚེ་སྲོག་སྲ། །སྲེག་བྱེད་སྲེག་བླུགས་ལམ་སྲང་སྲབ། །རྒྱལ་སྲིད་ཆོས་སྲིད་མུན་སྲིབས་སྲིད། །སྲད་བུའི་སྲུང་བས་སྲད་མ་སྲུངས། །འཇལ་བྱེད་སྲང་དང་སྲིད་དུ་སྲིངས། །རྟ་ཡི་སྲབ་དང་སྲན་མ་སྲུས། །སྲོད་དུས་ས་སྲོས་ལུགས་སྲོལ་སྲོངས། །གཉེན་གྱི་སྲིང་མོ་སྲུ་མོ་དང༌། །འདོད་སྲེད་སྲི་ཞུ་སྲི་འུའི་སྲི། །སློབ་དཔོན་སློབ་གཉེར་སློབ་པ་སླ། །སློབ་པ་སློབ་མ་སློང་མོ་སློང༌། །ཀུན་སློང་གྱེན་དུ་སློང་དང་སློག །སླེའུ་སློག་པ་ཕྱི་ནང་སློག །སླ་ངའི་སླད་རོལ་ཕྱོགས་སུ་སློན། །སླད་མར་སླད་ནས་དུག་རོ་སློང༌། །གནས་སུ་བསླེས་དང་ངན་པར་སློད། །སླར་ཡང་སླུ་གུའི་ཆུ་སླ་མོ། །སླུ་མེད་སླེ་འདམ་ཅན་ལ་སོགས། །ས་ཡིག་རྐྱང་པ་འཕུལ་མེད་ཡིན། །
   གཉིས་པ་འཕུལ་ཅན་འདི་ལྟ་སྟེ། །གསར་བུ་འོད་གསལ་གསང་སྔགས་པ། །འཁར་གསིལ་གསར་ནས་སྙན་གསན་འབེབས། །ཁ་གསག་གསོག་འཇོག་གསད་བྱ་གསོད། །རྟ་གསེབ་གསུམ་དང་སྲོག་ཆགས་གསའ། །གསང་གཏམ་གསོང་དང་གསོང་པོར་སྨྲ། །གསོན་དང་གསོལ་འདེབས་གསུང་རབ་གསུངས། །གསོན་པོ་སྙན་གསང་སྐད་ཀྱང་གསང༌། །གསང་གི་གསུར་བཏང་དྲིལ་བུ་གསིལ། ། འབིགས་བྱེད་གསོར་གྱིས་ཤིང་གསོམ་གསིལ། །གསུས་པ་གསོ་ཕྱིར་ཆུད་མ་གསོན། །གསེག་མ་གསབ་གསེང་གསོས་ཀའི་དུས། །ནང་གསེས་ནེའུ་གསིང་རིན་ཆེན་གསེར། །གསོ་རས་གསེང་གསེང་གསོ་མ་གསོད། །གསོ་སྦྱོང་གསལ་ཤིང་གསེགས་ཀ་ཅན། །གསོག་གསོབ་ལུས་གསིག་ཆུ་གསེལ་ནད། །ག་ཡིས་འཕུལ་བའི་ག་ཡིག་ཡིན། །
   ཁ་དོག་སྔོ་བསངས་འབགས་པ་བསངས། །བགེགས་བསངས་བསོད་ནམས་བསག་དང་བསགས། །དམིགས་བསལ་སྐྱོན་བསལ་བཀག་པ་བསལ། །ནོར་བསྲི་ཚེ་བསྲིངས་རྒྱང་རིང་བསྲིངས། །བསྐུར་བའི་བསྲིངས་དང་འཆང་བའི་བསྲེལ། །རིང་བསྲེལ་བསོད་པའི་ཟས་བསྲེ་བསྲེས། །ངལ་བསོ་བསྲོ་ཁང་མེ་ལ་བསྲོ། །དྲི་བསུང་གིས་བསུས་བསེ་རུ་བསད། །ཀོ་བའི་བསེ་དང་བསོད་སྙོམས་བསོགས། །དྲིན་ལན་བསབས་དང་བསམ་བྱ་བསམས། །བསྲུང་བྱ་བསྲུངས་དང་བསྲེག་རྫས་བསྲེགས། །ཞོ་བསྲུབས་འཇིག་བསེལ་བཟོད་བསྲན་ཆེ། །བློ་བསྲལ་ཆེ་དང་གྲང་བའི་བསིལ། །བསེར་བུ་ཁ་བསུབ་ཞབས་བསིལ་སོགས། །བ་ཡིས་འཕུལ་བའི་ས་ཡིག་ཡིན། །
ཟས་སོགས་བསླངས་དང་གྱེན་དུ་བསླངས། །བསླབ་བྱ་ཀུན་ནས་བསླངས་ནས་བསླབས། །རྗེས་སུ་བསླབས་དང་སླུ་བ་མེད། །ཟླ་ལ་བསླན་དང་ངན་པར་བསླད། །བས་འཕུལ་ས་ལ་ལ་བཏགས་ཡིན། །ས་ཡི་བརྡ་རྣམས་མདོར་བསྡུས་རྫོགས། །
   ཧྲུལ་པོ་ཧྲེང་ཧྲེང་ཧྲིལ་ཧྲིལ་དྲིལ། །ཧྲིག་ཧྲིག་བལྟ་དང་ཧྲུམ་ཧྲུམ་གཏུབས། །དེ་ལྟར་རྐྱང་པ་འཕུལ་ཅན་དང༌། །མགོ་ཅན་བརྡ་རྣམས་མདོར་བསྡུས་རྫོགས།། །།སརྦ་མངྒ་ལཾ།།
མཆན།     དག་ཡིག་དག་བྱེད་གསལ་བའི་མེ་ལོང་ནི་གཙང་ལྗོངས་བཀྲ་ཤིས་ལྷུན་པོའི་མཁན་ཆེན་རྡོ་རྗེ་འཆང་བླ་མ་དམ་པ་སེང་ཆེན་རིན་པོ་ཆེའི་སློབ་མ་ཤྲཱི་ཤ་རཏ་ཅན་དྲས་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ཕྱི་ལོ་༡༩༡༤ ལོའི་ཟླ་༣ པའི་ཚེས་བཟང་ལ་ཡུལ་བང་ག་ལའི་སྲིད་ཆེན་པོའི་དབྱར་གནས་གདན་ས་རྡོ་རྗེ་གླིང་གི་པར་ཁང་དུ་དཔར་སྐྲུན་བྱས་པ་གཞིར་བཟུང་འཇུག་སྒྲིག་བྱས་པ་ཡིན།

རྩོམ་པ་པོའི་རྣམ་ཐར།

དངུལ་ཆུ་ངག་དབང་རྡོ་རྗེ་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་ལོ་སྟེ། ཕྱི་ལོ་༡༧༢༠ ལོར་གཙང་གྲོ་འཁོར་བཀྲ་ཤིས་ཁང་གསར་དུ་སྐུ་འཁྲུངས། མཚན་ལ་ལྷ་བཙན་རྡོ་རྗེ་ཞེས་གསོལ། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་བ་ལ་ཐུགས་བློ་ཕྱོགས་པས་བཀྲ་ཤིས་དགེ་འཕེལ་གླིང་གི་སློབ་དཔོན་དགེ་འདུན་ཡར་འཕེལ་ལ་གཙུག་ཕུད་ཕུལ་ཞིང་མཚན་ལ་དགེ་འདུན་རྡོ་རྗེ་ཞེས་གསོལ། དེ་ནས་བཟུང་ཡི་གེ་འབྲི་ཀློག་དང་ཆོས་སློབ་ལ་ཐུགས་བརྩོན་རྩེ་གཅིག་ཏུ་འཁྲུངས་པས་བདེ་བླག་ངང་མཁྱེན་སྟོབས་རབ་ཏུ་རྒྱས། ཆོས་རྗེ་ངག་དབང་དར་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་མཚན་ལ་ངག་དབང་རྡོ་རྗེ་ཞེས་གསོལ། དེ་ལྟར་མཚན་ལན་གསུམ་བྱུང་ཡང་རྡོ་རྗེའི་སྒྲ་མ་བསྒྱུར་བ་དེ་ཚེ་རིང་པོ་གནས་པའི་རྟེན་འབྲེལ་ཡིན་གསུངས། བཞད་དགེ་འཕེལ་གླིང་གི་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ཁག་ལ་རིམ་པ་བཞིན་དུ་སྦྱངས་པ་མཛད། མདོ་སྔགས་ཀྱི་གཞུང་ལུགས་ཐོས་བསམ་རྒྱ་ཆེ་བས་མཁས་པའི་སྙན་གྲགས་རྒྱས། ཁོང་གིས་ཐུགས་སྲས་དངུལ་ཆུ་དྷརྨ་བྷ་ཊས་དབུས་སློབ་མ་མང་དག་ལ་རབ་བྱུང་གི་སྡོམ་པ་དང། མདོ་སྔགས་ཀྱི་ཟབ་ཆོས་ཐབས་ཅད་ཀྱང་བུམ་པ་གང་བྱོའི་ཚུལ་དུ་གནང་། སྐུ་ཚེ་ཕལ་ཆེར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ཉམས་ལེན་གྱི་རྟོགས་པ་རྒྱས།
རབ་བྱུང་བཅུ་གསུམ་པའི་ཆུ་མོ་ཕག་ལོ་སྟེ། ཕྱི་ལོ་༡༨༠༢ ལོར་དགུང་ལོ་བརྒྱད་ཅུ་གྱ་བཞི་པར་དགོངས་པ་གཞན་དོན་དུ་གཤེགས་སོ། །
ཁོང་གི་གསུང་རྩོམ་ནི་《འདུལ་བའི་ཆོ་ག་ལས་དེང་དུས་མཁོ་བ་འགའ་ཞིག་ཟུར་དུ་བཀོད་པ་》དང། བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད།》 《བོད་ཀྱི་བརྡའི་བྱེ་བྲག་སོ་སོར་ཕྱེ་བ་དག་བྱེད་གསལ་བའི་མེ་ལོང་》བཅས་ཆོས་ཚན་བཅུ་གཉིས་ལོངས་པའི་པོ་ཏི་གཅིག་བཞུགས་སོ། །

མདུན་ཤོག

Menu