ཀྭ་ཡེ་བོད་རིགས་ན་གཞོན་རྣམ་པ་ཚོ། །ཁ་ཙམ་མིན་པའི་བསླབ་བྱའི་གཏམ་ཞིག་ཉོན། །
ག་དུས་ཡིན་ཡང་སོ་སོའི་རིག་པའི་གཞུང༌། །ང་ཚོས་མི་འཛིན་སུ་ཞིག་གིས་ནི་འཛིན། །

ཅ་ཅོའི་གཏམ་ངན་སྤང་སྟེ་མཐུན་ལམ་བྱ། །ཆ་ཤས་སྤུན་ཟླའི་འདུ་ཤེས་སེམས་ལ་ཞོག །
ཇ་ཆང་མཉམ་དུ་འཐུང་བའི་སྐབས་དང་ནི། །ཉ་ཆུ་ལྟ་བུའི་བརྩེ་སེམས་ཡིད་ལ་ཞོག །

ཏཱ་ལའི་ལོ་མར་བྲིས་པའི་གླེགས་བམ་ལ། །ཐ་མལ་མ་འཛིན་ཐར་པའི་ལམ་བུར་འཛིན། །
ད་ལྟའི་གནས་སྟངས་ཉག་ཕྲའི་སྐབས་འདི་ལ། །ན་གཞོན་ཀུན་གྱིས་མནོ་བསམ་ནན་ཏན་ཐོངས། །

པ་ཏྲའི་རི་མོ་མཛེས་པ་ཇི་བཞིན་དུ། །ཕ་ཡུལ་གངས་ཀྱི་ར་བས་ཡོངས་སུ་མཛེས། །
བ་ལང་བསམ་མེད་ལྟ་བུ་མ་ཡིན་པར། །མ་ཡིས་གསུངས་པ་ཇི་བཞིན་སེམས་ལ་ཞོག །

རྩ་ཆེའི་དངོས་པོ་ཀུན་ལས་ཡོན་ཏན་ལྷག །ཚ་གྲང་ཁྱད་དུ་བསད་དེ་ཡོན་ཏན་སྦྱོངས། །
ཛ་དྲག་ཆེ་བའི་ད་ལྟའི་དུས་ཚོད་ལ། །ཝ་བཞིན་མ་མྱུལ་ཤེས་བྱའི་གནས་ལ་བརྩོན། །

ཞྭ་གོས་ལ་སོགས་མཆོར་པོ་མེད་ན་ཡང༌། །ཟ་འཐུང་ཕུན་ཚོགས་ལུས་ཀྱི་འཕྲོད་བསྟེན་གཙོ། །
འ་འུར་ཁྲ་ཁྲ་ཟིང་ཟིང་བྱེད་པ་ལས། །ཡ་རབས་ཚུལ་ལྡན་བྱས་ན་ཀུན་གྱིས་བསྔགས། །

ར་བ་གངས་རིས་བསྐོར་བ་བོད་ཀྱི་ཡུལ། །ལ་ལུང་སྒང་གཤོངས་མང་བ་བོད་ཀྱི་ཡུལ། །
ཤ་ཚས་གཞན་བདེ་སྒྲུབ་པའི་བོད་ཀྱི་མི། །ས་ཕྱོགས་གང་དུ་སླེབས་ཀྱང་མ་བརྗེད་ཨང༌། །

ཧ་ལས་འཕྲུལ་རིགས་འཛུགས་སྐྲུན་མེད་ན་ཡང༌། །ཨ་རིའི་མི་ཡང་ཧ་ལས་ཧང་སངས་པའི། །
ཧ་ཅང་བཟོ་བཀོད་ལེགས་པའི་པོ་ཏ་ལ། །ཨ་ཙི་སུ་ཡིས་བསྐྲུན་ནམ་འཕྱང་མོ་ཉུག །

ཅེས་ཀྱང་སྐུལ་ཏོ།། །།

མདུན་ཤོག

Menu