བཀྲ་ཤིས་རྟགས་བརྒྱད་ནི་ང་ཚོའི་སྤྱི་ཚོགས་ནང་རྟགས་རྟེན་འབྲེལ་དགའ་སྟོན་སྐབས་བེད་སྤྱོད་ཆེ་བས་འདིའི་སྐོར་མདོར་ཙམ་ཞུས་ན།
   གདུགས་ནི། སྤྱིར་འཇིག་རྟེན་གྱི་བྱུང་བའི་སྒོ་ནས་གོས་དར་དཀར་པོ་ཁ་དོག་གི་སྒོ་ནས་མཆོག་ཏུ་བརྩི་ཞིང༌། ས་སྤྱོད་ཀྱི་རྒྱལ་པོ་རྣམས་ལ་སྲི་ཞུའི་རྫས་ལས་ཆེས་མཐོ་བ་ནི་གདུགས་དཀར་པོ་ཡིན་པ་དང༌། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ལྷ་རྣམས་ཀྱིས་དབུའི་སྟེང་ལ་གདུགས་ཕུབ་པ་དང༌། ཆོས་རྒྱལ་སྦྱིན་བདག་རྣམས་ཀྱིས་བསྙེན་བཀུར་མཛད་པ་ན་ཡང་དེ་བཞིན་དུ་ཕུལ་བ་ལ་བརྟེན་ནས་འབྲས་བུ་བཀྲ་ཤིས་པའི་དགེ་མཚན་མང་པོ་བྱུང་ཞིང་སྟོན་པས་ཀྱང་འདི་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས། མཚོན་དོན་ནི། ཡུ་བས་བཤད་སྒྲུབ་ཀྱི་བྱ་བ། ཤམ་བུས་སྡེ་སྣོད་གསུམ་དང༌། ཏོག་གིས་བསླབ་པ་གསུམ། གྲིབ་བསིལ་གྱིས་སྡུག་བསྔལ་ཕྲ་རགས་ལས་སྐྱོབ་པ་བཅས་མཚོན་ནོ།།
    གསེར་ཉ་ནི། ཉ་མོ་གསེར་གྱི་ཁྲབ་ཅན་གྱི་ལོ་རྒྱུས་ལྟར་བཀྲ་ཤིས་དང༌། རྒྱ་མཚོར་རོལ་པས་དམ་པའི་ཆོས་ལ་སྤྱོད་པ་དང༌། མྱུར་འཁྱུག་གིས་ཤེས་རབ་དང༌། གསེར་མདོག་ཅན་གྱི་མིག་གཉིས་འབུར་བས་བདེན་གཉིས་བཅས་མཚོན་ནོ།།
    བུམ་པ་བཟང་པོ་ནི། རྫས་སྔགས་ཏིང་འཛིན་གྱིས་བསྒྲུབས་པའི་གཏེར་གྱི་བུམ་པ་ཞེས་པ་གྲུབ་པ་ན་རིན་པོ་ཆེ་འཛད་པ་མེད་པའི་རང་བཞིན་དུ་གྱུར་ནས་བཀྲ་ཤིས་པ་ལྟར་དོན་དམ་པའི་ཆོས་གྲུབ་པ་ནས་སྲིད་ཞིའི་དགེ་ལེགས་འཛད་མེད་འཕེལ་བ་སོགས་མཚོན་ནོ།།
    པདྨ་ནི། བསྐལ་པ་འདི་ཆགས་པ་ན་རྒྱ་མཚོ་ཆེན་པོ་ལས་འདབ་སྟོང་པདྨ་སྐྱེས་པ་དེ་རྣམ་འདྲེན་སྟོང་རྩ་འབྱོན་པའི་བཀྲ་ཤིས་པའི་རྟགས་སུ་བྱུང་བ་དང༌། འདོད་ཡོན་ལྔའི་ཡོན་ཏན་དང་ལྡན་པས་ལྷ་ཆེན་པོ་རྣམས་ཀྱང་དེ་ལ་དགའ་བ་ལྟར། དེས་ཀྱང་ལམ་འབྲས་ལྟ་སྤྱོད་སོགས་ཕྱི་ནང་ཐམས་ཅད་གཙང་བ་སྦྲང་རྩིའི་བཅུད་ཆགས་པ་དང་འདྲ་བར་མཚོན་ནོ།།
    དུང་དཀར་གཡས་འཁྱིལ་ནི། བྱང་ཆུབ་སེམས་དཔའ་སྐྱེ་བ་ལྔ་བས་བདག་གིར་བཞེས་པའི་རྟེན་དེ་བུས་པའི་སྒྲ་སུས་ཐོས་ཀྱང་ངན་འགྲོར་མི་སྐྱེ་བའི་ཕན་ཡོན་ཡོད་ཅིང༌། སྟོན་པ་ལ་ཆོས་འཁོར་བསྐོར་བར་སྐུལ་བའི་རྟེན་དུའང་དེ་འདྲ་བྱུང་བ་དང༌། དམ་པའི་ཆོས་ཀྱི་སྒྲས་ཕྱོགས་སུ་ཁྱབ་པ་འབྱུང་བ་སོགས་མཚོན་ནོ།།
དཔལ་བེའུ་ནི། གཡུང་དྲུང་གི་རི་མོ་སྟེ། ལྷ་དང་སངས་རྒྱས་སོགས་རྟག་བརྟན་དང་ཚེ་རིང་འབྱུང་བའི་རྟགས་སུ་ལུས་ལ་དེའི་རི་མོ་འབྱུང་བ་དང༌། དེས་རྟག་བརྟན་འཆི་བ་མེད་པའི་གོ་འཕང་སྟེ་ཐར་ལམ་མཚོན་ནོ།།
  རྒྱལ་མཚན་ནི། འཇིག་རྟེན་ན་གང་གཡུལ་ལས་རྣམ་པར་རྒྱལ་བའི་རྟགས་སུ་རྒྱལ་མཚན་གྱི་དར་འཕྱར་བ་དང༌། དེས་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཡོན་ཏན་མཚོན། གཡུལ་ལས་རྒྱལ་བའི་མཚན་མ་ནི། ཁྱུང་དང་སེང་གེ་འདུས་པ་ལས་སེང་གེ་ཁྱུང་གི་གཤོག་པ་ཅན། དུང་དང་ཆུ་སྲིན་འདུས་པ་ལས་ཆུ་སྲིན་དུང་གི་མཇུག་མ་ཅན། ཉ་སྲམ་འདུས་པ་ལས་ཉ་སྤུ་ཅན་སྲམ་གྱི་སྡེར་མོ་ཅན་ཏེ་མི་མཐུན་དྲུག་སྦྱོར་གྱི་རྟགས་ཀྱང་བྱའོ།།
    འཁོར་ལོ་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་མཐུས་འགྲུབ་པའི་མཚོན་ཆའི་འཁོར་ལོ་སྟེ་མིས་བསྐོར་མི་དགོས་པར་རང་འཁོར་གྱིས་དགྲ་ལས་རྒྱལ་བར་བྱེད་པ་དང༌། དེ་ཡང་གཡུལ་མ་རྒྱལ་བ་ལས་རྒྱལ་བ་དང༌། རྒྱལ་བ་གནད་དུ་འབེབས་པ་དང༌། མཐོ་བར་འཕར་བ་དང༌། དམའ་བར་འབབ་པ་ལ་སོགས་པའི་དཔེ་ཇི་བཞིན། འདིར་ཡང་དེ་ལྟར་མཚོན་བྱ་དོན་གྱི་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྟོན་པ་བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་བར་སྐུལ་བྱེད་ཀྱི་རྫས་ཀྱང་ཡིན་པས་བཀྲ་ཤིས་པ་འབྱུང་བར་བྱེད་པའི་རྫས་དང༌། དེས་ནི་གདུལ་བྱ་ལ་ཆོས་འཁོར་བསྐོར་ནས་འཇིག་རྟེན་ཀུན་ལ་བཀྲ་ཤིས་པར་བྱས་པ་དེ་མཚོན་ཞིང༌། མ་འོངས་པ་ན་ཡང་དེ་ལྟར་བཀྲ་ཤིས་པ་འབྱུང་བའི་རྫས་སུ་བསྒྱུར་པ་ལྟར་འདིར་ཡང་དེ་ལྟར་བཀྲ་ཤིས་པའི་དངོས་པོར་མཆོད་པར་བྱ་བ་ཡིན་པ་བརྒྱད་ཀ་ལའང་འདྲའོ།།
    ཡང་ན་གདུགས་དཀར་གྱིས་སངས་རྒྱས་ཀྱི་སྐུའི་དབུ་གདུགས་ལྟར་རྒྱས་པ་མཚོན་པ་དང༌། གསེར་ཉས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་མཚོན་ལ། པདྨས་ཞལ་དཀྱིལ་ཁེབས་པའི་ལྗགས་མཚོན་པ་དང༌། ཆོས་དུང་གིས་དཔལ་གྱི་མགུལ་བ་མཚོན་པ་དང༌། བུམ་པས་གསུང་གི་ཡོན་ཏན་མཚོན་པ་དང༌། དཔལ་བེའུས་ཐུགས་ཀྱི་ཡོན་ཏན་མཚོན་ཞིང༌། ནོར་བུས་སྐུའི་ཡོན་ཏན་མཚོན་པ་དང༌། འཁོར་ལོ་འཕྲིན་ལས་ཀྱི་ཡོན་ཏན་མཚོན་བྱེད་དུ་སྦྱར་ནས་དེ་དང་དེས་འཇིག་རྟེན་ཐམས་ཅད་དགེ་བར་མཛད་པའི་ཚུལ་དང་བཅས་རྒྱ་ཆེར་སྤྲོས་པ་ཡོད་དོ།།
    གཞན་ཡང་འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ་ལས།   

    ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ། །སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག །
    གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ། །ཐུགས་ལ་བཀྲ་ཤིས་དཔལ་གྱི་བེའུ་གསལ། །
    སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། །ལྗགས་ལ་བཀྲ་ཤིས་པད་མ་ལོ་འདབ་རྒྱས། །
    མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ། །ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག །
    ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ༌། །བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག །
    རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། །དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག །
    བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག  །ཅེས་གསུངས་པ་ལགས་སོ།། །།

མདུན་ཤོག

Menu