[toc]

ཙ་ཡི་སྡེ་ཚན།

གཙང་ནས་རྒྱུག་པའི་གཙང་ཆེན་དེ། །ཡར་ཀླུང་གཙང་པོ་ཞེས་སུ་གྲགས། །གཙང་སྦྲ་བྱས་པས་སྡོད་གནས་གཙང༌། །གཙང་བཙོག་གཉིས་ཀྱི་གཙང་རྣམས་མཚུངས། །གཙུག་ཏོར་དང་ནི་གཙུག་ལག་ཁང༌། །གཙུག་རྒྱན་དང་ནི་གཙུག་ནོར་མཆོག །གཙོ་བོ་དང་ནི་གཙོ་ཆེ་བ། །གཙོ་འཛིན་ལ་སོགས་གས་འཕུལ་ལོ། །རྒྱལ་ཁྲིམས་བཙན་དང་བཙན་པོ་ཕེབས། །བཀའ་བཙན་པ་དང་ཁུངས་བཙན་ལྡན། །ཁང་པ་བཙན་དང་སྒོ་ལྕགས་བཙན། །བཙན་དབང་མེད་ན་བདེ་སྐྱིད་ཡོད། །བཙན་ཤེད་ཆེ་བའི་དཔོན་ངན་གྱིས། །བཙན་འཛུལ་བྱས་ཏེ་རྒྱལ་ཁབ་འཕྲོགས། །བཙན་ཤུགས་ཆེ་བའི་སྲོང་བཙན་གྱིས། །བོད་ཀྱི་རྒྱལ་ཁབ་བརྟན་པོར་བཙུགས། །བཙུན་མོ་དང་ནི་བཙུན་མ་དང༌། །བཙུན་པ་བཙུན་ཆུང་བཙུན་པའི་སྡེ། །བཙུན་པོ་རྣམས་ཀྱི་དག་ཆ་ལ། །བཙུན་ཞེས་འཇུག་པ་ཀུན་ནས་མཚུངས། །རྩ་བ་གཟུང་ནས་རྩ་ཚིག་ངེས། །རྩ་དོན་བཤད་དེ་རྩ་དོན་འགྲུབ། །ས་སྐྱེས་རྩྭ་ལ་ཝ་ཟུར་ཐོབ། །ལུས་ཀྱི་རྩ་ལ་ཝ་ཟུར་མེད། །རྩམ་པ་རྩམ་སྣོད་རྩམ་ཁུག་དང༌། །རྩམ་གཉེར་རྩམ་ཐུག་རྩམ་རྐྱལ་རྣམས། །ར་རྩམ་ཡིན་ཞིང་མང་ཙམ་དང༌། །ཙམ་སྒྲ་ཉུང་ཙམ་མ་འཁྲུལ་ཨང༌། །རྩོམ་པ་པོ་ནི་རྩོམ་འབྲིར་མཁས། །རྩོམ་སྒྲིག་ཁང་དུ་རྩོམ་ཡིག་མང༌། །རྩོམ་མཁན་དང་ནི་རྩོམ་གྱི་རིགས། །ར་རྩོམ་ཡིན་པ་ཤེས་པར་བྱ། །ཙག་སྒྲ་སྤར་ཏེ་ཙན་དན་བསྲེགས། །སྨན་རྩིས་རྩིས་དང་ཨང་རྩིས་རྩིས། །རྩིས་པ་རྩིས་དཔོན་རྩིས་ཁྲ་གཙང༌། །ཙ་ཡི་བརྡ་དག་དེ་ཙམ་ལགས། །

ཚ་ཡི་སྡེ་ཚན།

ཚ་བའི་ཡུལ་ན་ཚ་བ་ཆེ། །ཚ་བ་རོང་དང་ཚ་ལུ་མ། །ཚ་གྲང་དང་ནི་ཚ་དྲོད་སྙོམས། །ཚ་རྐྱང་ཡིན་པ་ཤེས་པར་བྱ། །ཁྱིམ་ཚང་མི་ཚང་གྲྭ་ཚང་དང༌། །ཕག་ཚང་ཁྱི་ཚང་བྱ་ཚང་དང༌། །ཡིག་ཚང་གནས་ཚང་ཚང་འཛོམས་བྱུང༌། །མིང་གཞི་ཚ་ལ་སྔོན་འཇུག་མེད། །ཚངས་སྤྱོད་པ་དང་ལྷ་ཚངས་པ། །སྔོན་འཇུག་མེད་ཀྱང་ཡང་འཇུག་ཡོད། །ལུས་ཀྱི་མཚང་ར་སྐྱོན་མཚང་བརྟོལ། །མས་འཕུལ་ཡོད་ལ་ཡང་འཇུག་མེད། །འཚངས་ཀ་བརྒྱབ་པར་སྔོན་ཡང་འཇུག །སངས་རྒྱས་ས་ལ་འཚང་རྒྱ་བ། །འས་འཕུལ་ཡོད་ལ་ཡང་འཇུག་མེད། །དེ་དག་ཚིག་འདྲའི་དབྱེ་བ་འབྱེད། །ཚད་ལྡན་པ་དང་དཔག་ཚད་གཅིག །གོང་ཚད་དང་ནི་ཚད་མེད་དང༌། །ཚད་གཞི་དང་ནི་རིང་ཐུང་ཚད། །ཚད་འཛིན་ལ་སོགས་འཇུག་ཡུལ་མང༌། །འཚེ་བ་སྤང་སྟེ་ཚེ་རིང་ཡོད། །ཟླ་ཚེས་དང་ནི་མཚེ་ཕྲུག་སྐྱེས། །ཁྱིམ་མཚེས་གཉིས་ཡོད་འགྲན་སེམས་ཆེ། །སྒྲ་གདངས་འདྲའང་ཚིག་དོན་མི་འདྲ། །མཚན་རྟགས་མཚན་གཞུང་རྒྱུ་མཚན་ཅི། །རྟགས་མཚན་རྒྱལ་མཚན་མཚན་ཉིད་པ། །མིང་གི་ཞེ་སའི་མཚན་སོགས་ལ། །མས་འཕུལ་འཇུག་པ་མ་བརྗེད་ཨང༌། །ཆུ་ཚན་སྡེ་ཚན་ཚན་རིག་དང༌། །ཚོང་ཁང་ཚོང་དཔོན་ཚོང་ལས་བྱེད། །ཟྭ་ཚོད་དང་ནི་སྔོ་ཚོད་རིགས། །ཆུ་ཚོད་དང་ནི་ཚོད་ལྟ་བྱེད། །འཚམས་འདྲི་བྱེད་དང་བློ་ལ་འཚམས། །ས་མཚམས་དང་ནི་མཚམས་རྡོ་བཙུགས། །མཚམས་སྦྱོར་བ་ནི་སྣེ་མཐུད་པ། །ཕྱོགས་མཚམས་དང་ནི་མཚམས་རེ་ཡོང༌། །མིང་ཚིག་ཚིག་མཛོད་ཚིག་དོན་ཤེས། །ཚིག་ཕྲད་ཚིག་འགྲེལ་ཚིག་དག་པོ། །ཚིག་རྩུབ་ཚིག་ཉུང་ཚིག་བསྡུས་པ། །ཚིག་ཚོགས་ལ་སོགས་ཡང་འཇུག་མེད། །ཚིག་རྐང་ཚིག་གྲུབ་ཚིག་ལྷུག་དང༌། །ཚིག་འབྲུ་ཚིག་སྦྱོར་སྐུལ་ཚིག་དང༌། །ཚིག་གསར་ཚིག་རྒྱན་ཚིག་སྙན་པོ། །ཚིག་གྲོགས་ཚིག་སྐྱོན་ཚིག་མཚམས་བཞག །བུད་ཤིང་འཚིག་ནས་སོལ་བ་བྱུང༌། །    བག་ལེབ་འཚིག་ན་ནག་པོར་གྱུར། །ཁོང་ཁྲོའི་འཚིགས་པ་ལ་སོགས་པར། །འས་འཕུལ་ཡིན་པས་ཤེས་པར་བྱ། །ཚིགས་བཅད་ལོ་ཚིགས་སྒལ་ཚིགས་དང༌། །གསོལ་ཚིགས་གུང་ཚིགས་སྨྱུག་མའི་ཚིགས། །ཡང་འཇུག་ཐོབ་པའི་ཚིགས་ཀྱི་སྡེ། །ཚུལ་འཆོས་སྤངས་ཏེ་ཚུལ་ཁྲིམས་སྲུངས། །མཁས་པའི་གསུང་ཚུལ་སྣ་ཚོགས་ཡོད། །དགེ་ཚུལ་དང་ནི་གནས་ཚུལ་ཤེས། །ཚུལ་ལ་ཚིག་གྲོགས་འཇུག་ཡུལ་མང༌། །ཚོགས་ཁང་ནང་དུ་ཚོགས་འདུ་འཚོགས། །བླ་མཆོད་ཚོགས་ཞིང་ཚོགས་བསགས་པ། །ཚོགས་རྫས་ཉོས་ཏེ་ཚོགས་ཕུད་འབུལ། །ཚོགས་པའི་ཚོགས་ལ་ཡང་འཇུག་ཡོད། །ཐེ་ཚོམ་མེད་པ་ཚོམ་བུ་བཀོད། །ཚོམས་ཆེན་ནང་དུ་དགོངས་པ་འཚོམས། །ཡིག་འབྲུའི་དབར་དུ་ཚེག་ཤད་འབྲི། །དཀའ་ཚེགས་མེད་པ་སླ་བའི་དོན། །ངོ་མཚར་ཆེ་དང་ལས་ཀ་ཚར། །ཚོན་རྩི་ཚོས་དང་མཚོན་གྲི་རྣོ། །རང་ཉིད་མཚོན་བྱེད་འདྲ་པར་དང༌། །རྒྱ་མཚོ་ཆེ་དང་འཚོ་གོས་བཟང༌། །འབྲོག་པའི་མཚེར་ས་ཚེར་མ་རྣོ། །ཉི་འོད་འཚེར་དང་འཚེར་སྣང་བྱུང༌། །སོ་ཡི་ཞེ་ས་ཚེམས་ཞེས་པ། །གོས་སོགས་འཚེམ་པའི་བྱ་ཚིག་སོགས། །སོ་སོའི་འཇུག་ཡུལ་མ་ནོར་གཅེས། །

ཛ་ཡི་སྡེ་ཚན།

གསལ་བྱེད་ཛ་དང་ཛ་དྲག་ལས། །ཛ་ཛོར་དང་ནི་ཛ་ལང་ཆེ། །ཛཱ་ཏི་སྨན་གྱིས་རླུང་ལ་ཕན། །མཛེ་ནད་དང་ནི་མཛོ་མོ་མང༌། །བླ་མའི་མཛད་པ་མཛད་འཕྲིན་རྒྱས། །མཛད་སྒོའི་ས་རུ་མཛད་རིམ་ཀློག །ྋརྒྱལ་བའི་མཛད་བཟང་དབྱར་མཚོ་རྒྱས། །མཛད་རྗེས་མཛད་རླབས་མཛད་པ་བསྐྱངས། །བང་མཛོད་དང་ནི་མཁྱེན་པར་མཛོད། །སྨན་མཛོད་ཁང་དང་ཚིག་མཛོད་དེབ། །མཛེས་སྡུག་ལྡན་དང་ལག་མཛུབ་རིང༌། །མིང་གཞི་ཛ་ལ་མས་འཕུལ་ལྡན། །ཤིང་གི་འཛེར་པ་སྐད་གདངས་འཛེར། །ལག་པའི་འཛེར་པ་འཛེམ་ཟོན་བྱེད། །རི་ལ་འཛེགས་དང་སྐས་ལ་འཛེགས། །བློ་འཛིན་བྱེད་དང་ལག་པས་འཛིན། །འཛམ་གླིང་དང་ནི་འོག་ཏུ་འཛུལ། །ཟས་ལ་འཛེམ་དང་འཛུམ་དམུལ་དམུལ། །མཉམ་དུ་འཛོམས་དང་འཛུགས་སྐྲུན་བྱེད། །ཆུ་ཐིགས་འཛག་སོགས་འས་འཕུལ་ཅན། །འགྲུལ་པ་བརྫངས་པ་བཏང་བའི་དོན། །མཛངས་མི་ཞེས་པ་མཁས་པའི་དོན། །ས་གནས་རྫོང་དུ་རྫོང་དཔོན་བཞུགས། །དེ་རྣམས་དག་ཆ་ཞིབ་ཏུ་ངེས། །བསྐལ་པ་རྫོགས་ལྡན་རྫོགས་སངས་རྒྱས། །ཚིག་གི་མཐའ་མར་རྫོགས་ཚིག་འབྲི། །བོད་ཀྱི་རིག་གཞུང་རྫོགས་མཐའ་མེད། །རྫོགས་ཆེན་དགོན་སོགས་ར་མགོ་ཛ། །དེ་བཞིན་དངོས་རྫས་བརྫུས་མ་དང༌། །ཕུ་ཐུང་བརྫེས་ནས་གྲོ་ཞིབ་བརྫིས། །ཟ་བཏུང་བླུག་དུས་ཕོར་པ་འཛེད། །རྒྱ་མཚོའི་ཆུ་ལ་འཛད་མཐའ་མེད། །རྫུན་མ་དང་ནི་རྫུན་ཚིག་སྤོངས། །དངོས་རྫས་རྣམས་དང་ཀུན་རྫོབ་བདེན། །རྫུས་སྐྱེས་རྫིག་པོ་ལ་སོགས་པར། །སོ་སོའི་འཇུག་ཚུལ་མ་ནོར་གཅེས། །

ཝ་ཡི་སྡེ་ཚན།

གསལ་བྱེད་ཝ་དང་ཝ་བཏགས་དང༌། །གཅན་གཟན་ཝ་ནི་ཁྱི་དང་འདྲ། །ཝ་ཡི་པགས་པ་གོང་ཆེ་ཡང༌། །ཝ་ཞྭ་བཟོ་ཕྱིར་ཝ་ལྤགས་ཉོས། །ཝ་ཡེ་ཞེས་པ་འབོད་པའི་སྒྲ། །ཝ་མཆུའི་ནང་ནས་ཆུ་རྒྱུག་པ། །དབྱངས་ཅན་ལྷ་མོའི་པི་ཝང་སྙན། །ཝ་ཡི་སྡེ་ཚན་ཉུང་ཉུང་ཡིན། །

མདུན་ཤོག

Menu