[toc]

ཅ་ཡི་སྡེ་ཚན།

གསལ་བྱེད་ཅ་དང་ཅ་དངོས་དང༌། །སུམ་ཅུ་དྲུག་ཅུ་བདུན་ཅུ་གྲངས། །བརྒྱད་ཅུ་བཅས་ལ་བས་འཕུལ་མེད། །དེ་དག་རྐྱང་པ་ཁོ་ནར་ངེས། །རྡོ་བཅགས་ཤིང་བཅགས་ལག་ཏུ་བཅངས། །རྩ་བ་བཅད་དང་ཚིགས་བཅད་རྩོམ། །དམ་བཅའ་བཞག་དང་བཅའ་ཁྲིམས་བཟོས། །ཟས་བཅུད་བསྟན་བཅོས་བཅོ་ལྔ་གྲངས། །ནང་དུ་བཅུག་དང་མདུན་དུ་བཅར། །དགྲ་བོ་བཅོམ་ནས་ཐག་པས་བཅིངས། །བཅུ་དཔོན་བསྐོས་ནས་དངོས་པོ་བཅོལ། །དེ་རྣམས་སྔོན་འཇུག་བས་འཕུལ་ཅན། །གཅེན་པོ་གཅུང་པོ་གཅུང་མོ་དང༌། །ལུས་གཅོང་ནད་གཅོང་དོན་གཅིག་པ། །གྲོས་གཅོམ་གཅེས་ཕྲུག་ལ་སོགས་པ། །གས་འཕུལ་ཅ་ཡི་སྡེ་ཚན་ནོ། །ལྕམ་ཆུང་ལྕམ་དྲལ་ལྕམ་ཤིང་དང༌། །རྟ་ལྕག་སྐུལ་ལྕག་ལྕག་ཚན་གཞུས། །ལྕང་མ་ལྕང་ལོ་ལྕང་གསར་དང༌། །སློབ་གྲྭའི་ལྕགས་རི་ལྕགས་ཀྱི་སྒམ། །ལྕགས་ལ་ལྕགས་རྩི་བྱུགས་པ་དང༌། །ལྕགས་ཟམ་དང་ནི་ལྕགས་ལམ་བཟོས། །ལྕགས་ཀྲིན་དང་ནི་ལྕགས་མདོང་དང༌། །ཁང་པའི་ལྕགས་ཁྲར་ལྕགས་ཚོན་བྱུགས། །སུམ་མདོའི་ལྕོག་ལ་ཡང་འཇུག་མེད། །ལྕགས་སྒོ་དང་ནི་སྒོ་ལྕགས་དང༌། །ལྕགས་ཁྱེམ་དང་ནི་ལྕགས་རྡོ་བཏོན། །ལས་ཀ་ལྕོགས་པར་ཡང་འཇུག་ཡོད། །ཤེས་ཡོན་ཅན་དང་བྱམས་བརྩེ་ཅན། །སེམས་ཤུགས་ཅན་དང་ལྷག་བསམ་ཅན། །སེམས་ཅན་དང་ནི་བློ་གྲོས་ཅན། །མགོ་ཅན་འདོགས་ཅན་དབུ་ཅན་ནོ། །གྲངས་ཀྱི་གཅིག་དང་ཕྱོགས་གཅིག་དང༌། །དུས་གཅིག་གཅིག་གྱུར་སྔོན་འཇུག་ག །ལྷན་ཅིག་དང་ནི་ཆབས་ཅིག་དང༌། །ཁ་ཅིག་སྐད་ཅིག་སྔོན་འཇུག་མེད། །

ཆ་ཡི་སྡེ་ཚན།

དཔེ་ཆ་ཆ་རྐྱེན་ཆ་རྒྱུས་ཡོད། །ཆ་མཉམ་ཆ་སྙོམས་ཆ་མ་འགྲིག །ཆ་ཚང་ཆ་ཤས་ཆ་ལུགས་བཟང༌། །ཆ་གཅིག་དང་ནི་བརྒྱ་ཆ་བརྒྱ། །ཆུ་མིག་ཆུ་ཚན་ཆུ་རྩལ་ཆེ། །ཆུ་བོ་ཆུ་ཕྲན་རྒྱུག་ཆུ་དང༌། །ཆུ་མཛོད་ཤོར་ནས་ཆུ་ཡིས་འཁྱེར། །དུས་ཚོད་ལྟ་བའི་ཆུ་ཚོད་བརྟན། །འཇིག་རྟེན་ཆགས་ནས་འདོད་ཆགས་སྐྱེས། །ཆགས་ཞེན་གཞིས་ཆགས་ཆགས་སྡང་ཆེ། །སྣོད་བཅུད་ཆགས་ནས་རྒྱུ་ནོར་ཆགས། །སྲོག་ཆགས་དང་ནི་ཆགས་སེམས་ཆེ། །སྔོན་མའི་བག་ཆགས་རབ་ཏུ་གསལ། །བསྐལ་པ་ཆགས་དུས་འགྲོ་བ་ཉུང༌། །དེ་དག་ཡང་འཇུག་ཐོབ་པ་དང༌། །དཀར་ཡོལ་ཆག་སོགས་ཡང་འཇུག་མེད། །ཆབ་ཆུ་ལེན་ནས་ཡོན་ཆབ་འབུལ། །ཆབ་སྲིད་བརྟན་ན་ཆབ་འབངས་སྐྱིད། །ཆབ་གསང་གང་བྱུང་གཏང་རྒྱུ་མེད། །ཆབ་མདོའི་ཡུལ་སོགས་ཡང་འཇུག་མེད། །གར་འཆམ་འཁྲབ་དུས་འཆམ་པོ་དགོས། །འཆར་གཞི་བཀོད་དེ་འཆད་རྩོད་རྩོམ། །དེ་དག་སྔོན་འཇུག་འ་ཡིས་འཕུལ། །ཆམ་ནད་ཅེས་པར་སྔོན་འཇུག་མེད། །མཆོག་གསུམ་དང་ནི་ྋགོང་ས་མཆོག །མཆོག་ཏུ་གྱུར་དང་བཤེས་གཉེན་མཆོག །ཆོག་མཆན་གནང་དང་སྣམ་བུ་ཆོགས། །ཚིག་གྲོགས་གཞིར་བཟུང་བེད་སྤྱོད་བྱ། །མཆོད་གཤོམ་བཟོས་ནས་མཆོད་རྫས་བསྒྲིགས། །མཆོད་ཁང་མཆོད་རྟེན་མཆོད་མེ་འབུལ། །དེ་རྣམས་མས་འབུལ་གཏན་དུ་ཐོབ། །འོད་ཟེར་ཆེམ་ཆེམ་ཁ་ཆེམས་བཤད། །སྐྱབས་སུ་མཆི་དང་འཆི་བར་ཉེ། །གླང་ཆེན་མཆེ་བ་རིང་པོ་འདུག །དམ་ཆོས་མཇལ་ཏེ་ཚུལ་འཆོས་སྤོངས། །མས་འཕུལ་འས་འཕུལ་མ་ནོར་སོམས། །ཆེད་དུ་ཕེབས་དང་སྤུན་མཆེད་ཐུག །ཡིད་ཆེས་བྱེད་དང་ཐག་པ་ཆད། །སྒྲིག་ཆས་གྲྭ་ཆས་ཟ་ཆས་སོགས། །དག་ཆའི་དབྱེ་བ་མ་ནོར་སྦྱོངས། །ཆེན་པོ་ཆུང་བའི་ལྡོག་ཟླ་དང༌། །འབྲུ་འབྲས་བཙོས་པར་འབྲས་ཆན་ཟེར། །མཆན་འགྲེལ་མཆན་ཁུང་ཆོག་མཆན་གནང། །དེ་རྣམས་འཇུག་ཡུལ་སོ་སོར་ངེས། །

ཇ་ཡི་སྡེ་ཚན།

ཇ་ཤིང་ཇ་དེམ་ཇ་ཐང་འཐུང༌། །ཇ་ཁང་ཇ་མ་ཇ་སྲུབ་མ། །ཇ་རིལ་ཇ་བག་གསོལ་ཇ་བཞེས། །ཇ་མར་ཇ་མངར་ཇ་སྙིགས་འཚག །ཇོ་བོ་རྗེ་དང་ཇོ་ཁང་དང༌། །ཇོ་ལགས་ཇོ་མོ་ཇོ་ཇོ་དང༌། །ཇི་སྐད་ཇི་སྙེད་ཇི་ལྟར་དང༌། །ཇི་ཙམ་ཇི་མ་ཇི་བཞིན་བྱུང༌། །ཐུགས་འཇགས་དགོངས་འཇགས་རང་འཇགས་དང༌། །རི་སྐྱེས་འཇག་མར་ཡང་འཇུག་མེད། །བླ་མས་ལྗགས་སྔགས་ལྗགས་མདུད་གནང༌། །ཇག་རྐུན་ངན་པས་བཙན་བཅོམ་བྱེད། །མཇལ་ཁ་ཞུ་དུས་མཇལ་དར་དགོས། །རྟེན་གཙོ་མཇལ་ནས་བར་ཆད་སེལ། །མཇལ་འཕྲད་མཇལ་འཛོམས་ཡང་ཡང་གནང༌། །མིང་གཞི་ཇ་ལ་མས་འཕུལ་ལྡན། །བུ་ལོན་འཇལ་དང་ཚད་འཇལ་བ། །ནམ་མཁའི་འཇའ་དང་འཇང་དགུན་ཆོས། །བ་ལས་འོ་མ་འཇོ་ནས་འཐུང༌། །སྨྱུ་གུ་འཇུ་དང་ལུང་པའི་འཇུ། །འཇམ་དཔལ་དབྱངས་དང་འཇམ་པའི་གོས། །རྗེ་བཙུན་འཇམ་མགོན་འཇམ་པའི་དབྱངས། །རྩུབ་པོའི་ལྡོག་ཕྱོགས་འཇམ་པོ་ལ། །འས་འཕུལ་ཡང་འཇུག་མེད་པའོ། །འཇིག་རྟེན་ཆགས་ནས་འཇིགས་སྐྲག་བྱུང༌། །འཇིགས་བྱེད་ལྷ་དང་འཇིགས་སུ་རུང༌། །འཇིགས་མེད་ཅེས་པ་མི་ཡི་མིང༌། །འཇེབས་པ་ཞེས་པ་སྙན་པའི་སྒྲ། །དབུ་མ་འཇུག་དང་སྤྱོད་འཇུག་དང༌། །སྔོན་འཇུག་རྗེས་འཇུག་ཡང་འཇུག་དང༌། །ལས་ཀར་འཇོན་པོ་བྱེའུ་འཇོལ་མོ། །དེ་རྣམས་འས་འཕུལ་ཡིན་པར་ཤེས། །ལོ་མཇུག་ཟླ་མཇུག་ཚེས་མཇུག་དང༌། །དུད་འགྲོའི་མཇུག་མ་མཇིང་པ་རིང༌། །མཇུག་ཏུ་ཡོང་ནས་ལས་མཇུག་འཁྱོངས། །མིང་གཞི་ཇ་ལ་མས་འཕུལ་འཇུག །སྙིང་རྗེ་ཆེ་དང་སྙིང་རྗེ་སྐྱེས། །རྡོ་རྗེ་འཆང་དང་རྗེ་ཡབ་སྲས། །རྗེ་བཙུན་སྒྲོལ་མ་ལ་སོགས་པ། །མིང་གཞི་ཇ་ལ་ར་མགོ་བརྩེགས། །གཟི་བརྗིད་ཆེ་དང་བརྗིད་རྔམ་ཆེ། །དངོས་པོ་བརྗེས་དང་དྲན་པས་བརྗེད། །བརྗོད་བྱ་རྗོད་བྱེད་དཔེར་བརྗོད་ལེགས། །དེ་རྣམས་བས་འཕུལ་ར་མགོ་ཅན། །གངས་ལྗོངས་སྤང་ལྗོངས་བསིལ་ལྗོངས་དང༌། །སྨན་ལྗོངས་དང་ནི་ཁ་བའི་ལྗོངས། །ལྗོན་ཤིང་ལྗང་པ་ལ་སོགས་པ། །ལ་མགོ་ཅན་གྱི་ཇ་ཡི་སྡེ། །

ཉ་ཡི་སྡེ་ཚན།

རྐང་པའི་ཉྭ་དང་ཆུ་ནང་ཉ། །ཟླ་བ་ཉ་གང་ཉ་པ་དང༌། །ཉ་རེ་ཉོ་རེའི་ལས་ཀ་མིན། །ཉི་ཤུ་ཉི་ཟེར་ཉི་འོད་འཚེར། །ཉེ་ཆར་དང་ནི་ཉེ་དུས་དང༌། །ཁང་པའི་ཉེ་འགྲམ་ཉེ་འཁོར་དང༌། །ལམ་ཐག་ཉེ་བ་ཉེ་པོ་འདུག །ཉེ་བར་མཁོ་བ་ལ་སོགས་དང༌། །ཉན་ཐོས་ཆོས་ཉན་རྣ་བས་ཉན། །ཉམས་ལེན་ཉམས་གསོ་ཉམས་མྱོང་དང༌། །ཉམས་རྟོགས་ཉམས་རྒྱུས་ཉམས་པ་གསོས། །ཉམས་ཆག་བྱུང་བར་ཉམས་ཞིབ་བྱ། །ཉམ་ཆུང་ཉམ་ཐག་རྒྱུ་ནོར་མེད། །ལོ་མཉམ་བུ་དང་མཉམ་དུ་འགྲོ། །ཕན་ཚུན་མཉམ་པ་ལ་སོགས་པ། །རང་རང་འཇུག་ཚུལ་མ་ནོར་ཨང༌། །དབུ་བརྙེས་པ་ནི་འགོ་ཚུགས་པ། །བརྙས་བཅོས་བྱེད་དང་བརྙས་གཏམ་སྨྲ། །བརྙན་པར་བརྒྱབ་དང་ཁ་བརྙོགས་པ། །བས་འཕུལ་ཉ་ལ་ར་མགོ་ཅན། །སློབ་གཉེར་ཁང་དུ་སློབ་མ་འཛོམས། །སློབ་གཉེར་བ་དང་དོན་གཉེར་ཅན། །དངུལ་གཉེར་དང་ནི་གཉེར་པ་བསྐོས། །གདོང་གི་གཉེར་མ་ཆུ་གཉེར་སོགས། །ཆུ་ཉོག་རྒྱུགས་དང་ཆུ་ཆེན་བརྙོགས། །དགེ་བསྙེན་བསྒྲུབ་དང་བསྙེན་མཚམས་བསྡད། །བསྙེན་རྫོགས་བསྒྲུབ་སྟེ་བསྙེན་བཀུར་ཞུ། །ཚིག་གྲོགས་གཞིར་བཟུང་མ་ནོར་ངེས། །གྲངས་ཀྱི་གཉིས་དང་གཉིད་ལ་ཤོར། །གྲངས་ཀྱི་ཉིས་བརྒྱ་ཉིས་སྟོང་དང༌། །ཉིས་ཁྲི་དང་ནི་ཉིས་འབུམ་སོགས། །དེ་རྣམས་འཇུག་ཚུལ་མ་འཁྲུལ་གཅེས། །སྐུ་ཉིད་ཕེབས་དང་བདག་ཉིད་ཡོང༌། །ཁྱེད་ཉིད་སྐད་ཅིག་ཉིད་ལ་སོང༌། །དང་པོ་ཉིད་ནས་ཡག་པོ་སྦྱོངས། །ཉིད་ཅག་ཉིད་རང་ཁྱེད་ཉིད་དང༌། །སྟོང་ཉིད་དང་ནི་ཆོས་ཉིད་དང༌། །དེ་ཉིད་ཅེས་པ་ངོ་བོ་གཅིག །སྔ་མོ་ཉིད་ནས་མཚན་ཉིད་སྦྱོངས། །མིང་གཞི་ཉ་ལ་རྗེས་འཇུག་དའོ། །རྙིང་མའི་ཆོས་བརྒྱུད་དངོས་རྫས་རྙིང༌། །ལུགས་སྲོལ་རྙིང་པ་གོས་རྙིང་པ། །ཁང་རྙིང་དང་ནི་ཟས་རྙིང་པ། །ཡིག་རྙིང་ལ་སོགས་ར་མགོ་ཅན། །སྙིང་གཏམ་དང་ནི་སྙིང་རྗེ་པོ། །སྙིང་ནད་དང་ནི་སྙིང་གྲོགས་བརྟན། །སྙིང་ཐག་པ་ནས་འགྱོད་བཤགས་འབུལ། །སྙིང་ནས་དགའ་བ་སྙིང་ཉེ་བ། །སྙིང་རུས་ཆེ་དང་སྙིང་སྟོབས་ཡོད། །སྙིང་རྗེ་ཆེ་དང་ལུས་སྙིང་འདར། །སྙིང་སྡུག་ཅེས་པ་ཡིད་དུ་འོང༌། །དེ་རྣམས་འཇུག་ཚུལ་མ་ནོར་གཅེས། །སྙན་ཞུ་འབུལ་དུས་སྙན་སེང་ཞུ། །སྙན་ངག་རྩོམ་དུས་སྙན་ཚིག་འབྲི། །གཏམ་སྙན་ཐོས་དུས་རྣ་བར་སྙན། །སྙན་ཤལ་སྒྲོན་དང་སྙན་དར་འབུལ། །སྙན་གྲགས་ཅན་དང་འཕྲིན་སྙན་འབུལ། །སྙན་སྒྲོན་ཞུས་ཤིང་སྒྲ་སྙན་ཐོས། །སྙན་པའི་དབྱངས་དེ་སྙན་དུ་གསོལ། །སྙན་དབང་དྲུང་དུ་སྙན་སུན་ཞུས། །སྙིགས་མ་ལྔ་བདོ་ཞེས་པ་ནི། །སེམས་ཅན་སྙིགས་མ་དུས་སྙིགས་མ། །ཉོན་མོངས་སྙིགས་མ་ཚེའི་སྙིགས་མ། །ལྟ་བའི་སྙིགས་མ་དང་བཅས་སོ། །ཟས་སྙིགས་ཆང་སྙིགས་ཇ་སྙིགས་དང༌། །གད་སྙིགས་ཆུ་སྙིགས་འབྲུ་སྙིགས་དང༌། །གོས་སྙིགས་སྨན་སྙིགས་མར་སྙིགས་སོགས། །ས་མགོ་ཅན་གྱི་སྡེ་ཚན་ཡིན། །ཁྲོ་གཉེར་བསྙེར་དང་བསོད་སྙོམས་འབུལ། །མེ་ཏོག་ཚ་བས་བརྙིད་ནས་བསྐམས། །སྙུན་གཞི་གང་འདུག་སྙུན་གསོས་འབུལ། །དེ་དག་འཇུག་ཚུལ་བློ་རུ་ངེས། །

མདུན་ཤོག

Menu