[toc]

བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་ཤེས་ཡོན་གྲུབ་འབྲས་ཀྱི་སྐོར་གླེང་བ།(ཨང་དང་པོ)

གྷོ་པལ་པུར་བོད་ཁྱིམ།   གཅན་སྣང་བ་ཚེ་རིང་བཀྲ་ཤིས།

སྤྱི་ཁྱབ་ཀྱི་ཚོར་བ།

འདས་ལོའི་བོད་ཁྱིམ་དབུ་བརྙེས་ནས་མི་ལོ་ ༤༨ འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཐོག ༸གོང་ས་མཆོག་གིས་བཙན་བྱོལ་ནང་གི་མི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་འཐུས་ཤོར་དང་འབྲེལ་བའི་བཀའ་སློབ་ཕེབས་པ་དེས། བཙན་བྱོལ་སྤྱི་ཚོགས་ནང་དུ་སྐྱབས་བཅོལ་གྱི་འཚོ་བ་ཉམས་སུ་མྱོང་བཞིན་པའི་བོད་པ་རྒན་གཞོན་ཕོ་མོ་ཚང་མར་གླེང་སློང་དང་བསམ་ཚུལ་སྤེལ་རེས་ཀྱི་སྟོང་ཆ་གསར་པ་ཞིག་བསྐྲུན་སོང་ལ། ཕྱོགས་གཞན་ཞིག་ནས་བོད་པའི་ཤེས་ཡོན་ཅན་དང་མི་བུ་དཀྱུས་མ་མང་པོ་ཞིག་གིས་གཅིག་རྗེས་གཅིག་གིས་བསྙེགས་ནས་སྐྱོན་བརྗོད་ཀྱི་ཟུར་མིག་དོག་པོ་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་དང་བརྒྱུད་སྤྲོད་ཀྱི་ཁ་ཕྱོགས་ཐད་ལ་འཕེན་འགོ་ཚུགས་སོང།
སྤྱིར་འཇིག་རྟེན་གྱི་བྱ་དངོས་ག་འདྲ་ཞིག་ཡིན་རུང། དེ་ལ་དགེ་སྐྱོན་གཉིས་ཀའི་ཆ་ལྡན་པ་ནི་སྤྱིར་བཏང་གི་ཆོས་ཉིད་ཅིག་དང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་བཞིན། མི་ལོ་ལྔ་བཅུའི་རིང་གི་ང་ཚོའི་ཤེས་ཡོན་གྱི་གནས་བབ་སྐོར་ནས་གླེང་ནའང་དེ་བཞིན་ཡིན་ལ། ལྷག་པར་དུ་ཡུལ་དང་དུས། གནས་སྟངས་བཅས་གཞི་ལ་བཞག་ནས་ང་ཚོས་བསམ་གཞིགས་གི་མིག་ཟུང་འདས་ཟིན་པའི་ལོ་ཟླའི་ཀློང་ཡངས་ལ་བགྲད་ན། ད་གཟོད་ང་ཚོས་མི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་གྱི་གྲུབ་འབྲས་ཁག་རེ་རེ་བཞིན་གསལ་པོར་མཐོང་ཐུབ་པ་ཡིན།

༸གོང་ས་བཅུ་གསུམ་པ་མཆོག་གི་ཐོད་བརྒལ་གྱི་དགོངས་གཞི་དང་བཙན་བྱོལ་ནང་གི་ཤེས་ཡོན་གྱི་མྱུ་གུ་ཐོག་མ།

གདོང་དམར་བོད་པ་ཚང་གི་ཉེ་དུས་ཀྱི་ལོ་རྒྱུས་གླེགས་བམ་ངོས་སུ་འཁྱུག་ཙམ་བལྟས་པ་ཡིན་ན། ང་ཚོས་ཡིད་སྐྱོ་ཞིང་ཞེ་མུག་པའི་གཏམ་རྒྱུད་ཅིག་མཐོང་ཐུབ། དེ་ནི་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་རེ་འདུན་དང་སྨོན་སེམས་གྲངས་མེད་ཅིག་ཐོད་ལ་བཅིངས་ནས་རྒྱལ་རྩེ་རུ་སློབ་གྲྭ་ཞིག་བཙུགས་ཀྱང། རྨོངས་གཉིད་དང་། གུ་དོག་གི་བསམ་བློས་དམ་དུ་བཅིངས་པའི་བོད་པའི་སེར་སྐྱ་གང་མང་ཞིག་གིས་དགག་པ་དང་སྐྱོན་བརྗོད་བྱས་པ་ལ་བརྟེན་ནས། མ་འོངས་དངོས་གཟིགས་ཀྱི་དགོངས་གཞི་ལ་ཆག་སྒོ་བྱུང་ཞིང། ཁོང་གི་ཤེས་ཡོན་དང་འབྲེལ་བའི་ལས་གཞི་གསར་པ་དེའང་རེ་ཞིག་མཇུག་སྒྲིལ་དགོས་བྱུང་ཡོད། དུས་དེ་ནས་བཟུང། ང་ཚོར་ནང་ཆོས་སློབ་གཉེར་བྱེད་སའི་དགོན་སྡེ་ཁག་ལས། དེང་དུས་དང་མཐུན་པའི་སློབ་གྲྭ་ཞེས་པའི་མིང་གི་ལྷག་མ་ཙམ་ཡང་མེད་པར་གྱུར་ཡོད།
ཡིན་ནའང། ང་ཚོས་རང་བཙན་ཤོར་ནས་གཞན་ཡུལ་དུ་སློང་མོར་འགྲིམས་པའི་དུས་དེ་ནས་༸གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་གིས་སྡུག་ཡུས་གང་མང་ལ་བཟོད་བསྲན་དང། དཀའ་ངལ་དུ་མ་ལ་གདོང་ལེན་བྱས་ཏེ་མ་འོངས་བོད་ཀྱི་སོན་རྩ་དང་ད་ལྟའི་བོད་ཀྱི་སྲོག་རྩ་རྣམས་ལ་ཤེས་ཡོན་སློབ་སྦྱོང་དོན་གཉེར་བྱེད་སའི་ཤེས་རིག་གི་ལྡིང་ཁང་གསར་པ་གང་མང་རྒྱ་གར་གྱི་སློབ་གྲྭ་ཁག་ལས་ལོགས་སུ་གསར་འཛུགས་གནང་བ་དེ་ལ་བརྟེན་ནས། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་གྱི་མྱུ་གུ་ཐོག་མ་༸གོང་ས་མཆོག་གིས་བསྐྲུན་པས་བོད་དོན་འདི་རེ་བཞག་གི་གཤིན་ས་རུ་ཡིད༌བརྟས་པའི་མྱུ་གུ་འབུས་ཡོད་ལ། ཤེས་ཡོན་གྱི་ལྡིང་ཁང་དེ་དག་ལས་ད་ཆ་བོད་ཀྱི་གཞོན་སྐྱེས་སྟོང་ཕྲག་མང་པོར་གསེར་ལས་ལྷག་པའི་ཤེས་ཡོན་གྱི་བགོ་སྐལ་ཐོབ་ནས་ལོ་ངོ་གང་མང་ཞིག་གི་རིང་ལ་སེལ་མ་ཐུབ་པའི་རང་ཉིད་ཀྱི་ཤེས་རྨོངས་ཀྱི་མུན་པ་བཅོམ་ཐུབ་ཡོད། ང་ཚོའི་ཁ་ཡོད་ལག་ཡོད་ཀྱི་ཤེས་ཡོན་སྲིད་བྱུས་ཀྱིས་གངས་ཅན་པའི་མི་རབས་གསར་པ་ཚོའི་མདུན་ལྗོངས་ཀྱི་ལམ་ཁར་འོད་སྣང་གི་སྒྲོན་མེ་སྦར་ཐུབ་ཡོད་པ་བཅས་ནི་དུས་རབས་དང་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པའི་ང་ཚོའི་མི་ལོ་ལྔ་བཅུ་རིང་གི་ཤེས་ཡོན་གྱི་གྲུབ་འབྲས་འབའ་ཞིག་ཡིན་པས། དེ་དག་ང་ཚོས་ངེས་པར་དུ་མཁྱེན་དགོས་པ་ལས། སྣང་ཆུང་རྩ་བ་ཉིད་ནས་གཏོང་མི་རུང།

གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་བརྒྱུད་སྤྲོད་དང་འབྲེལ་བའི་གྲུབ་འབྲས་གླེང་བ།

ང་ཚོས་མི་ལོ་ལྔ་བཅུའི་རིང་ལ་ཆེད་ལས་མཁས་པ་དང་རིགས་གཅིག་རྐང་འཛིན་པ་མང་པོ་ཞིག་ཐོན་མ་ཐུབ་པའི་གནས་སྟངས་གཅིག་པུ་ལ་བལྟས་ནས་འདས་ཟིན་པའི་མི་ལོ་ལྔ་བཅུའི་རིང་ཤེས་ཡོན་གྱི་ཐད་ནས་གྲུབ་འབྲས་གང་ཡང་བཏོན་མ་ཐུབ་པར་ངོས་འཛིན་བྱས་ན། དེ་ནི་ཡང་དག་པའི་བསམ་བློའི་ཁ་ཕྱོགས་ཤིག་མ་རེད།
དེ་ཡང་རྟོག་གཞིགས་དང་དཔྱད་ཞིབ་ཀྱི་བསམ་བློའི་ངོགས་ནས་ལོ་རྒྱུས་ཀྱི་གླེགས་བམ་ངོས་སུ་ཐིམ་ཟིན་པའི་ལོ་ཟླའི་ཀློང་ལ་ཕྱིར་མིག་ཅིག་འཕངས་ན། ད་གཟོད་ང་ཚོས་གསལ་པོར་རྟོགས་ཐུབ་པ་ཞིག་ནི། ཕྱིར་འོང་མེད་པའི་ལོ་ཟླ་དེ་དག་གི་རིང། ང་ཚོས་མི་ལོ་སྟོང་ཕྲག་མང་པོའི་གོང་རོལ་ནས་དར་ཞིང། འཕེལ་རྒྱས་བྱུང་བའི་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ཤེས་ཡོན་གྱི་མ་ལག་ཀུན་ལ་སྣང་ཆུང་དང་རྡོག་བརྫིས་བཏང་མེད་ལ། དེང་དུས་དང་མཐུན་པའི་ཤེས་ཡོན་གྱི་སྒོ་མོ་མཐའ་དག་ཀྱང་རྒྱང་དུ་བསྐྱུར་པ་མ་ཡིན་པར། ཕྱོགས་ཡོངས་ནས་ཁ་ཐག་ཉེ་རུ་བཏང་སྟེ། དབུ་མའི་ཤེས་ཡོན་གྱི་གསེར་མདོག་གི་ལམ་ཆེན་སྟེང་དུ་མདུན་སྐྱོད་བྱས་དང་བྱེད་མུས་ཡིན་པ་སུས་ཀྱང་བསྙོན་དུ་མེད། འདི་དག་ཤེས་ཡོན་གྱི་གྲུབ་འབྲས་ཤིག་མ་རེད་ཅེས་སུས་ཀྱང་བརྗོད་མི་སྤོབས།
མའོ་ཙེ་ཏུང་གི་”རིག་གནས་གསར་བརྗེ་”དང། ཏུན་ཞའོ་ཕིན་གྱི་”བཅོས་བསྒྱུར་སྒོ་འབྱེད།” ཅང་ཙེ་མིན་གྱི་”མཚོན་བྱེད་གསུམ་”སོགས་ཆེས་རྣོ་ངར་ལྡན་པའི་སྲིད་བྱུས་དེ་དག་ལས། བོད་པའི་གཞོན་སྐྱེས་ཚོས་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་ཡོང་བའི་སྐད་ཡིག་སོགས་ལ་སྦྱངས་བརྩོན་བྱེད་པའི་སྐལ་བ་དེ་འཇའ་ལྟར་ཁད་ཀྱིས་ཡལ་ཡོད།
ཡིན་ཡང། མི་ཡུལ་གྱི་གྲུ་ཟུར་འདི་རུ་ཤེས་ཡོན་གྱི་གོ་སྐབས་གསར་པ་ཞིག་ཐོབ་པ་ལ་བརྟེན་ནས། མི་ལོ་ལྔ་བཅུ་པོ་མིག་ཆུ་དང་སྡུག་བསྔལ་གྱི་ཁྲོད་ནས་འདས་སོང་ཡང། བོད་པའི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་རིག་གཞུང་གི་མ་ལག་ཧྲིལ་པོའི་ཉིང་བཅུད་མཐའ་དག་རྩ་བརླག་ཏུ་སོང་མེད་ལ།  ཆེ་བཀུར་ཆུང་བྱམས་དང། རང་ལས་གཞན་གཅེས་ལ་སོགས་པའི་གནའ་བོའི་ཤེས་རིག་གི་ས་བོན་ཉིད་བོད་པའི་གཞོན་སྐྱེས་ཚོའི་སྙིང་དབུས་ན་གསོན་པོར་གནས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་དེང་དུས་དང་མཐུན་པའི་ནུབ་ཕྱོགས་ཀྱི་རིག་གནས་ལ་ཐོས་བསམ་མཛད་ནས། འཛམ་གླིང་མི་རིགས་ཡོངས་དང་མཉམ་གཤིབ་ཀྱི་སྒོ་ནས་མདུན་སྐྱོད་བྱེད་ཐུབ་པར་འབད་རྩོལ་བྱས་པ་ལ་བརྟེན་ནས་ད་ཆ་ང་ཚོར་གཞན་གྱི་མདུན་ནས་མགོ་བོ་སྒུར་མི་དགོས་པ་ཞིག་དང། གཞན་གྱི་མདུན་ནས་ངོ་གནོང་མི་དགོས་པ་ཞིག་ཆགས་ཡོད་པས། བཙན་བྱོལ་ནང་གི་མི་ལོ་ལྔ་བཅུའི་རིང་ལ་ང་ཚོར་ཤེས་ཡོན་གྱི་ཐད་ནས་གྲུབ་འབྲས་མི་དམན་པ་ཞིག་སྨིན་ཡོད་པ་མིག་མཐོང་ལག་ཟིན་དང་ཟུར་བལྟས་ལེབ་མཐོང་རེད།

ཤེས་ཡོན་གྱི་སྦྲང་ཆར་དང་འདབ་གཤོག་གཉིས་ལྡན་གྱི་མི་རབས་གསར་པ།

ཁོར་ཡུག་ཅིག་དང་གནས་སྟངས་ཤིག་གིས་རེད་མ་གཏོགས་ང་ཚོར་ཤེས་ཡོན་གྱི་གྲུབ་འབྲས་མ་ཐོབ་པ་མེད་ལ། བོད་པའི་སྤྱི་ཚོགས་ཁྲོད་དུ་ཆེད་ལས་མཁས་པ་མེད་པའང་མ་རེད། ང་ཚོའི་ཡང་དག་པའི་ཤེས་ཡོན་གྱི་སྲིད་བྱུས་དེའི་འོག་ནས་བོད་པའི་སྤྱི་ཚོགས་ཁྲོད་དུ་གནའ་བོའི་སྲོལ་རྒྱུན་གྱི་ཞག་རྩི་མ་བརླག་པའི་ཐོག། དེང་དུས་ཀྱི་ཤེས་ཡོན་ལ་མཁས་པའི་མི་བུ་མང་པོ་དཔྱིད་ཀྱི་མྱུ་གུ་བཞིན་སྐྱབས་བཅོལ་གྱི་ཡུལ་གྲུ་གང་ས་ནས་གསར་དུ་འབུས་ཡོང་གིན་ཡོད།
བཙན་བྱོལ་ནང་གི་ཤེས་ཡོན་གྱི་སྦྲང་ཆར་དེ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ནང་གི་འདབ་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་ཚོས་ཕྱོགས་གཅིག་ནས་རང་ཉིད་ཀྱི་ཤེས་རིག་གི་གཅེས་ནོར་མཐའ་དག་ལ་སྲུང་སྐྱོབ་དང་དར་སྤེལ་བྱེད་པ་དང།  ཕྱོགས་གཞན་ཞིག་ནས་དེང་དུས་ཀྱི་ཤེས་ཡོན་སྦྱངས་པའི་ནུས་སྟོབས་བེད་སྤྱད་ནས་རྒྱ་ནག་གི་གདུག་རྩུབ་ཀྱི་སྲིད་བྱུས་དང་གཡོ་སྒྱུ་ལ། སྙུ་གུའི་མཚོན་ཆ་ཐོགས་ནས་འཐབ་འཛིང་རབས་དང་རིམ་པ་བྱས་ནས་རང་ཉིད་ཀྱི་ལོ་རྒྱུས་ཀྱི་བདེན་པ། འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས། རྒྱ་ནག་གི་གཡོ་སྒྱུ་དང་འཁྱོག་བཤད་ཅི་འདྲ་བཙན་ཡང། འཛམ་གླིང་མི་དམངས་ཀྱིས་ང་ཚོའི་གནས་བབ་ངོ་མ་ཧ་གོ་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།
གང་ལྟར་མི་ཡུལ་གྱི་གྲུ་ཟུར་ཞིག་ཏུ་ཤེས་ཡོན་གྱི་བགོ་སྐལ་ཐོབ་ནས། གསར་དུ་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་གངས་ཅན་པའི་འདབ་གཤོག་གཉིས་ལྡན་གྱི་མི་བུ་ཚོས་མི་རིང་བར་ང་ཚོའི་རང་དབང་གི་ཉི་གཞོན་གསར་པ་སླར་ཡང་གངས་ལྗོངས་སུ་བསུ་བར་ཐེ་ཚོམ་མེད་པས། མི་ལོ་ལྔ་བཅུའི་རིང་ལ་ང་ཚོར་ཤེས་ཡོན་གྱི་ཐད་ནས་གྲུབ་འབྲས་ཐོབ་མི་འདུག་ལབ་ན་དེ་ནི་བཞད་གད་ཀྱི་གནས་ཤིག་རེད་མི་འདུག་གམ།

ཤེས་ཡོན་གྱི་ནུས་མཐུ་དང་ང་ཚོའི་ཡང་དག་པའི་མང་གཙོ།

སྤྱི་ཚོགས་གང་རུང་ཞིག་གི་ནང་དུའང་མང་གཙོ་ཚད་ལྡན་ཞིག་ཡོང་མི་སྲིད་ཅེས་འཛམ་གླིང་གི་ཆབ་སྲིད་སྨྲ་བ་དང། བསམ་བློ་སྨྲ་བ་ཚོས་གཅིག་མཐུན་དུ་ཁས་ལེན་བྱེད་ཀྱི་ཡོད། དེ་ཡང་ང་ཚོ་རང་ཉིད་ཀྱི་སྤྱི་ཚོགས་ལ་གཞི་བཅོལ་ནས་ཞུས་ན། ང་ཚོ་ཕྱི་ལོ་ ༡༩༦༠ ནས་མང་གཙོའི་ལམ་ཁར་ཕྱིན་ཏེ། མི་མང་གི་འཐུས་ཚབ་ཁག་ཚགས་ཚུད་པོའི་སྒོ་ནས་བདམས་ཐུབ་པ་བྱུང་ཡོད་ལ། ལྷག་པར་དུ། མི་མང་གིས་ཐད་ཀར་བཀའ་བློན་ཁྲི་པ་ཐེངས་གཉིས་ལ་འོས་འདེམས་བྱས་ནས། ཐོག་མར་མང་གཙོའི་ལམ་བུ་གསར་བཏོད་དང། བར་དུ་མདུན་སྐྱོད། དེ་ནས་འཕེལ་རྒྱས་ཀྱི་ཕྱོགས་སུ་གོམ་གང་མདུན་སྤོས་བྱས་ཡོད་ལ། ལྷག་པར་དུ་སླེབས་ལ་ཉེ་བའི་ ༢༠༡༡  ལོའི་བཀའ་བློན་ཁྲི་པའི་འོས་བསྡུ་ལ་བོད་པའི་སྤྱི་ཚོགས་གང་སར་བགྲོ་གླེང་དང་བསམ་ཚུལ་སྤེལ་རེས་ཚ་ཚ་འུར་འུར་ངང་བྱེད་ཀྱིན་ཡོད་པ་འདི་དག་གིས། བོད་པའི་སྤྱི་ཚོགས་འདི་ཡང་དག་པའི་མང་གཙོ་ཚད་ལྡན་ཡོད་པའི་སྤྱི་ཚོགས་ཤིག་ཏུ་གྱུར་ཟིན་པ་ར་སྤྲོད་བྱེད་ཀྱི་ཡོད། ད་དུང་དེ་ཙམ་དུ་མ་ཟད་བཙན་བྱོལ་བོད་གཞུང་གི་ཆོས་རིག་དང་། ཆབ་སྲིད། ཤེས་ཡོན་སོགས་ཀྱི་ལས་གཞི་མཐའ་དག་བོད་མི་རང་ཉིད་ཀྱིས་འཛིན་སྐྱོང་དང་ལག་ལེན་བསྟར་གྱི་ཡོད།
ཤེས་ཡོན་ཆུ་ཚད་ངེས་ཅན་ཞིག་མེད་པ་ཡིན་ན། འདི་དག་ཐམས་ཅད་ཉིན་མོའི་རྨི་ལམ་ཙམ་ཡིན་པས། མི་ལོ་ལྔ་བཅུའི་རིང་ལ་འཐུས་ཤོར་རྐྱང་རྐྱང་ཕྱིན་པ་མ་ཡིན་པར། ང་ཚོར་ཕྱོགས་ཡོངས་ནས་གྲུབ་འབྲས་ངེས་ཅན་ཞིག་ཐོབ་འདུག་སྙམ།
སྨྲས་པ། ཁུ་བྱུག་སྔོན་མོ་གཞན་ཡུལ་བསྙེགས་ནས་མི་ལོ་ལྔ་བཅུ་ལྷོད་ཀྱིས་འདས། །བྱེའུ་ཆུང་འཇོལ་མོ་ཤུལ་དུ་ལྷག་ནས་མི་ལོ་ལྔ་བཅུ་རྒྱང་ལ་བསྐུར། །
སྐྱོ་སྣང་གླུ་རུ་ལེན་བཞིན་མི་ཚེའི་འདུན་མ་འཚོལ་བའི་གངས་ཕྲུག་ངས། །མི་ལོ་ལྔ་བཅུའི་རིང་གི་རང་རེའི་ཤེས་ཡོན་གྲུབ་འབྲས་ཅུང་ཙམ་གླེངས། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་གཞན་ལུགས་དགག་པ་དང་རང་ལུགས་འཇོག་པ་ཟུང་འབྲེལ་གྱིས་བྲིས་པའི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན། དོན་ཚན་ཆེ་ཁག་བཞིར་ཕྱེས་ཏེ་མི་ལོ་ལྔ་བཅུའི་བཙན་བྱོལ་གྱི་ཤེས་ཡོན་གྲུབ་འབྲས་གནད་བསྡུས་ཀྱི་སྒོ་ནས་བཀོད་ཡོད་པར་མ་ཟད། དོན་གནད་སོ་སོའི་ཐད་དོགས་གནས་ཆེ་ཁག་ལ་དགག་བཞག་དང་གསལ་བཤད་གནད་སྨིན་བྱས་འདུག་པས། རྩོམ་པ་པོའི་ཤེས་ཡོན་གྱི་མཐོང་རྒྱ་དང་ཟབ་ཚད་ཤེས་ནུས་ལ། འབྲེལ་ཡོད་བརྗོད་གཞིའི་ཐོག་བསམ་གཞིགས་དང་སེམས་ཁུར་བཅོས་མ་མ་ཡིན་པ་ཞིག་ཡོད་པའང་རྟོགས་ཐུབ།
ཁྱོན་ཡོངས་ནས་བལྟས་ན། རྩོམ་ཡིག་འདིའི་བརྗོད་བྱ་རྗོད་བྱེད་གང་ཅིའི་ཆ་ནས་ཕུལ་དུ་བྱུང་བ་ཞིག་བྱུང་འདུག་པའི་ཚོར་སྣང་བྱུང། ལམ་སྟོན་དང་རེ་འདུན་ཞུ་རྒྱུ་ཞིག་ལ། དགག་སྒྲུབ་ཀྱི་བརྒྱུད་རིམ་ཁྲོད་གྲངས་ཐོ་དང། དཔེ་མཚོན། མི་སྣ་དང་དོན་རྐྱེན་གལ་ཆེན་སོགས་འབྲེལ་ཡོད་རྒྱུ་ཆ་ལུང་འདྲེན་ཐུབ་ན་བདེན་དཔང་གི་ནུས་པ་ཤུགས་ཆེར་གཏོང་ཐུབ་པས། ཕྱིས་སུ་དེའི་སྐོར་ལ་ཐུགས་སྣང་དང་བསམ་ཞིབ་ཡོང་བར་ཞུ།

བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་ཤེས་ཡོན་གྲུབ་འབྲས་གླེང་བ།(ཨང་གཉིས་པ)

དྷ་སྟེང་བོད་ཁྱིམ་སློབ་གྲྭ།   ཤ་བོ་ཐར།

སྔོན་གླེང།

སྔོན་བྱུང་ལོ་རྒྱུས་ནང་དུ་སྙན་གྲགས་ཀྱི་བ་དན་དགུང་དུ་འཕྱོ་ལ་ཆོས་སྲིད་ཀྱི་མངའ་ཐང་ཕྱོགས་གང་སར་ཁྱབ་མྱོང་བའི། བོད་ཅེས་པ་འདི་ནི་གནའ་ནས་ཡོད་པའི་མི་རིགས་ཤིག་སྟེ། གདོང་དམར་གྱི་གངས་ཅན་པ་དག་གི་ལས་དབང་ལ་གོད་ཆག་ངན་པ་བྱུང། སྤྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་འདོད་རྔམ་གྱི་འདྲེ་ལག་བོད་ཡུལ་དུ་བརྐྱངས་ཏེ་བོད་ཆོལ་ཁ་གསུམ་དང་བཅས་པ་བསྟུད་མར་ཧམ་བཟུང་བྱས། ལོ་དེ་ནས་བཟུང་། ༸གོང་ས་མཆོག་གི་སྣེ་ཁྲིད་པའི་བོད་མི་འབོར་ཆེན་ཞིག་བཙན་ཐབས་ཀྱིས་རང་ཡུལ་རྒྱབ་ཏུ་བསྐྱུར་ནས་རྒྱ་གར་དུ་སྐྱབས་བཅོལ་བའི་འཚོ་བ་མི་སྐྱེལ་ཐབས་མེད་བྱུང་མོད། སྔོན་ཆད་བོད་དང་རྒྱ་གར་གཉིས་བར་སྲིད་འབྱོར་རིག་གསུམ་དང་ལྷག་པར་ཆོས་ཕྱོགས་ཀྱི་འབྲེལ་ལམ་རྨད་དུ་བྱུང་བ་ཡོད་པ་སོགས་ཀྱི་དབང་གིས་རྒྱ་གར་སྲིད་གཞུང་དང་མི་མང་ཀུན་གྱི་རོགས་རམ་དང་རྒྱབ་སྐྱོར་ཚད་མེད་ཐོབ། བོད་མི་བཙན་བྱོལ་བ་དག་གི་ཟས་གོས་གནས་མལ་ལ་དཀའ་ཁག་གང་ཡང་མེད་པར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་དང། ཆོས་དང་སྐད་ཡིག།ཡུལ་སྲོལ། གོམས་གཤིས་ལ་སོགས་པ་མི་རིགས་ཀྱི་ཁྱད་ཆོས་དང་ངོ་བོ་ཡོངས་རྫོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བའི་ལས་ལ་འབད་རྒྱུ་བྱུང་སྟེ། གོང་ནས་གོང་དུ་སྤེལ་བའི་མི་ལོ་ལྔ་བཅུ་འཁོར་བའི་དེ་རིང་གི་ཉིན་མོར། མི་རིགས་ཀྱི་མཛད་རྗེས་འདི་དག་གླེང་རྒྱུ་ནི་ཆེས་གཟི་བརྗིད་དང་ལྡན་པའི་ལས་ཤིག་ཡིན་པར་བརྗོད་པར་སྤོབས།

དང་པོ། བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་རྨང་གཞི་ཆགས་ཚུལ་བརྗོད་པ།

རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུས་ཇི་ལྟར་གསུངས་པ་བཞིན་དུ། བོད་མི་རིགས་ཀྱི་བདེན་མཐའ་གསལ་བར་རྒྱལ་ཁབ་གཞན་ཞིག་ལ་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་སྐྱབས་འཚོལ་བ་དང། མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་བྱས་པ་ཙམ་གྱིས་ནུས་པ་ཐོན་དཀའ་བས། མདོ་དོན་བོད་མི་རྣམས་ལ་ཤེས་ཡོན་ཡང་དག་པ་ཞིག་སྤྲད་ནས་ཤེས་རིག་གི་གནས་ཚད་གོང་མཐོར་གཏོང་རྒྱུ་དེས་མ་འོངས་པར་བོད་མི་རིགས་ཀྱི་དཀའ་རྙོག་སེལ་བའི་ཐད་དུ་དགོས་ངེས་ཀྱི་ཆ་རྐྱེན་ཁོ་ན་ཡིན་པའི་ལམ་སྟོན་ཕེབས་པ་བཞིན། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ཐུགས་དགོངས་ཟབ་ཡངས་ཀྱི་སྒོ་ནས་བོད་མིའི་སློབ་གྲྭ་ཁག་རྒྱ་གར་གྱི་སློབ་གྲྭ་ཁག་ཏུ་མཉམ་བསྲེས་མ་བཏང་བར་ཟུར་དུ་འཛིན་སྐྱོང་བྱེད་རྒྱུར་ཤུགས་སྣོན་མཛད་ནས། མི་རིགས་ཀྱི་ངོ་བོ་ཡང་སྲུང་སྐྱོབ་བྱེད་ཐུབ་པའི་བོད་སློབ་འཛིན་སྐྱོང་ཐོག་མར་བཙུགས་པ་རེད།
དེ་བཞིན་༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་སྐྱབས་བཅོལ་བའི་ཐོག་མའི་དུས་ཚིགས་སུ་བཟུང་བའི་དམིགས་ཡུལ་ནི། གནའ་དེང་ཟུང་འབྲེལ་གྱི་བོད་མིའི་ཤེས་ཡོན་པའི་སྡེ་གསོ་སྐྱོང་བྱ་རྒྱུ་དང། ཤེས་ཡོན་ཐོག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་ཡིན། ད་དུང་དཔལ་འབྱོར་གྱི་འགྲོ་སོང་སོགས་ཕྱོགས་གང་ཅིའི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་ཁག་དང། མཐོ་སློབ་ཁག དེ་བཞིན་ཤེས་ཡོན་གྱི་བསྟི་གནས་མང་དག་ཅིག་འཛུགས་སྐྲུན་དང་ཆ་རྐྱེན་ཡོངས་རྫོགས་བསྐྲུན་པར་འབད་བརྩོན་བྱས་པ་དང། བོད་གནའ་རབས་ཀྱི་ཤེས་རིག་སྟེ། ཆོས་དང་རིག་གཞུང། སྐད་ཡིག་ལ་སོགས་པ་དང། དེང་རབས་ཀྱི་ཤེས་རིག་སྟེ། ཚན་རིག་དང་ལག་རྩལ་སོགས་ཀྱི་ཆ་མཐའ་དག་གི་མཐུན་རྐྱེན་ཚང་བའི་བོད་མི་བཙན་བྱོལ་བའི་ཤེས་ཡོན་གྱི་རྨང་གཞི་བརྟན་པོ་ཚུགས་པ་ངོ་མཚར་རྨད་དུ་བྱུང།

གཉིས་པ། འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་པའི་ཤེས་ཡོན་གྱི་འཕེལ་རྒྱས།

འཛམ་གླིང་ཕྱོགས་གང་སར་འགྲོ་བ་མིའི་དགོས་མཁོ་དང། དུས་རབས་ཀྱི་འགྱུར་བ་དང་བསྟུན་པའི་ཤེས་ཡོན་གྱི་སྲིད་བྱུས་འདྲ་མིན་ཞིག་ལག་ལེན་དུ་བསྟར་བ་དང། ལྷག་པར་དུ་མི་མང་ཡོངས་རྫོགས་རིག་གནས་བྱེ་བྲག་པ་ཞིག་ལ་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་བྱ་རྒྱུའི་གནས་ལ་ཕྱོགས་འགོ་ཚུགས་པ་ནས་བཟུང། རིག་གནས་བྱེ་བྲག་པ་དེ་ལ་མཐིལ་རྟོགས་པའི་སློབ་གཉེར་གྱི་བྱ་གཞག་དེས་ཕྱོགས་གང་ཅིའི་ཐད་ནས་འགྲོ་བ་མིའི་རིགས་ལ་དགེ་ཕན་ཆེན་པོ་བྱུང་ཡོད་པ་རེད།
དེ་བས་ན་བཙན་བྱོལ་བོད་གཞུང་གིས་ཀྱང་དེ་སྔ་ནས་བཟུང་དཔལ་འབྱོར་གྱི་རྒྱབ་རྟེན་བརྟན་པོ་བཙུགས་ནས་བོད་རིགས་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་འབད་བརྩོན་ལྷོད་མེད་གནང་བ་དེའི་འབྲས་བུ་ལ་བོད་ཀྱི་སྤྱི་ཚོགས་ནང་དུ་ཆེད་ལས་མི་སྣ་མང་དག་ཅིག་ཟུར་དུ་ཡོད་པ་སོགས་ཀྱི་དབང་གིས། བོད་རིགས་གཞོན་སྐྱེས་རྣམས་ལ་དེང་རབས་ཀྱི་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་པའི་སློབ་སྦྱོང་གི་གནས་ཡུལ་ཁག་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པ་བརྗོད་པར་སྤོབས།

གསུམ་པ། དེང་སྐབས་ཀྱི་བཙན་བྱོལ་བོད་མིའི་ཤེས་ཡོན་གླེང་བ།

བོད་རིགས་ཕྲུ་གུ་ཡོངས་རྫོགས་ལ་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་པ་དང། བོད་ནས་འབྱོར་བའི་གཞོན་སྐྱེས་ཚང་མར་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་ཡོད་པའི་དབང་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་མིའི་འབྲི་ཀློག་གི་ཆུ་ཚད་དང་ཤེས་ཡོན་གྱི་གནས་ཚད་ཧ་ཅང་མཐོ་བོར་སླེབས་ཡོད་པ་དང། དེ་མཚུངས་ཀྱི་ལས་སྣེ་བྱེ་བྲག་པར་ཆེད་ལས་མཁས་པ་ཡང་མང་དག་ཅིག་འཚར་ལོངས་འབྱུང་བཞིན་ཡོད་པ་རེད།
ད་ལྟའི་བཙན་བྱོལ་གྱི་སྤྱི་ཚོགས་ནང་བོད་མི་རིགས་ཀྱི་སེམས་རྒྱུད་དུ་གནའ་རབས་ནས་ཡོད་པའི་ནང་ཆོས་ཀྱི་ཉིང་བཅུད་དེ།   ཞི་བདེ།  སྙིང་རྗེ། བྱམས་སེམས་དང་གཞན་ཕན་སོགས་གོང་འཕེལ་གཏོང་རྒྱུ་ཡང་མེད་དུ་མི་རུང་བ་ཞིག་དང། བོད་མི་རིགས་ཀྱི་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་སོགས་ཀྱང་གོང་ནས་གོང་དུ་སྤེལ་རྒྱུའི་དམིགས་ཡུལ་དམ་པོར་བཟུང་ནས། བཙན་བྱོལ་བོད་གཞུང་གི་བཏོན་པའི་”ཤེས་ཡོན་སྲིད་བྱུས་གསར་པའི་ལམ་སྲོལ་”སློབ་གྲྭ་ཚང་མར་རིམ་བཞིན་ལག་བསྟར་བྱ་རྒྱུ་དང། ཤེས་ཡོན་སྲིད་བྱུས་འཐུས་ཚང་ཅན་དུ་སྒྱུར་བཞིན་པའི་རླབས་ཆེན་གྱི་ལེའུ་ཞིག་གོ །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་བཙན་བྱོལ་དུ་ཐོག་མར་ཤེས་ཡོན་གྱི་རྨང་གཞི་ཇི་ལྟར་བཙུགས་ཚུལ་དང། སྲོལ་རྒྱུན་གྱི་ཤེས་ཡོན་འཛིན་སྐྱོང་སྤེལ་གསུམ་བྱས་ཚུལ། དུས་རབས་དང་འཚམས་པའི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤེལ་སྟངས་སོགས་བརྗོད་བྱའི་གོ་རིམ་གསལ་ཞིང་གནད་བསྡུས་སུ་བྲིས་པ་བཟང། རྩོམ་གྱི་འགོ་འཛུགས་སྟངས་དང་མཇུག་སྡུད་སྟངས་ཀྱང་གང་ལེགས་འདུག ཚིག་སྦྱོར་འབྲེལ་ཆགས་ཤིང་སྡེབ་སྦྱོར་ལེགས་པ། ཡིག་ནོར་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན།
རྩོམ་ཡིག་གི་བརྗོད་པ་རེ་འགའི་ནང་དོན་ཡང་དག་མ་ཡིན་པ་དང་། ཤེས་ཡོན་ཐོག་༸གོང་ས་མཆོག་གི་དགོངས་གཞི་ཕུད་དེ་མིན་སྲིད་བྱུས་དང། བྱེད་ཐབས་སོགས་དཔེ་མཚོན༌དང་སྒྲུབ་བྱེད་དུ་རུང་བའི་དངོས་དཔང་ཧ་ཅང་ཉུང་བས། རིག་པ་ཁོ་ནར་བརྟེན་ན་བདེན་པའི་ནུས་པ་དེ་ཙམ་ཐོན་དཀའ་བར་བརྟེན། ཕྱིས་སུ་རྩོམ་ཡིག་གི་རྒྱུ་ཆར་བསམ་གཞིགས་དང་འཚོལ་ཞིབ་མང་ཙམ་ཡོང་བར་ཞུ།

བཙན་བྱོལ་བོད་མིའི་ལོ་ངོ་ལྔ་བཅུའི་ཤེས་ཡོན་གྲུབ་འབྲས་གླེང་བ།(ཨང་གསུམ་པ)

མ་སུ་རི་བོད་ཁྱིམ་སློབ་གྲྭ།     བསྟན་འཛིན་དཔལ་འབྱོར།

ཤེས་ཡོན་ནི་མ་རིག་པའི་མུན་པ་བསལ་བའི་སྒྲོན་མེ་ཞིག་ཡིན་པར་གདོན་མི་ཟ། ཤེས་ཡོན་གྱིས་ང་ཚོར་སྦྱིན་པའི་བཀའ་དྲིན་ནི་རི་རྒྱལ་ལྷུན་པོ་ལས་བརྗིད་ཅིང། རྒྱ་མཚོ་ལས་ཟབ་པས། ང་ཚོས་ཤེས་ཡོན་ལ་དགའ་ཞེན་དང་ཤེས་ཡོན་གྱི་ཆེད་རང་སྲོག་ཀྱང་འདོར་ནུས་པའི་སྙིང་སྟོབས་ནི་ཤེས་ཡོན་ལས་འཕྲོས་པའི་ནུས་མཐུ་ཅན་གྱི་འོད་ཟེར་ཞིག་ཀྱང་ཡིན།  སྒེར་ཞིག་གི་ཁྱིམ་ཚང་ངམ། ཡང་ན་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང། ཤེས་ཡོན་ནི་དེ་དག་སྐྱོང་བྱེད་ཀྱི་མ་ལག་ཨང་དང་པོ་དེ་ཡིན།
ཅི་ཙམ་གྱིས་ཤེས་ཡོན་མང་བའི་རྒྱལ་ཁབ་དེ་ལ། དེ་ཙམ་གྱིས་འབངས་མི་སེར་རྣམས་མཐུན་ཞིང་སྐྱིད་པ། མཐར་སོན་གྱི་གྲུབ་འབྲས་བཟང་བ་ཡོད་པ་ནི་ལོང་བ་ཡིན་ན་ཡང་ཚོར་ཐུབ་པའི་མངོན་གསལ་ཞིག་ཡིན་པ་ནི་བརྗོད་མི་དགོས་པ་རེད། ལྷག་པར་དུ་ངེད་ཅག་བོད་མི་རྣམས་ལ་ཉག་ཕྲ་བའི་གནས་སྟངས་འདིའི་འོག་ལ་ཤེས་ཡོན་ལས་གལ་ཆེ་བ། བཀུར་བསྟི་ཞུ་འོས་པ་རྩ་བ་ཉིད་ནས་མེད་པ་ནི་གསལ་པོ་རེད། དེའི་རྒྱུ་མཚན་གྱིས་བཙན་བྱོལ་ལ་སླེབས་པའི་ཉིན་དང་པོ་ནས་བཟུང། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཤེས་ཡོན་ཆེད་སློབ་གྲྭ་བཙུགས་པ་དང། དཀའ་ངལ་ལ་མ་འཛེམས་པར་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་ནི་དེང་སང་མངོན་སུམ་དུ་མཐོང་རྒྱུ་ཡོད་པའི་གཞི་རིམ་སློབ་གྲྭ་ཁག་ནས་གསལ་པོར་མཐོང་ཐུབ། ང་ཚོའི་ལམ་ཕྱོགས་དེ་ཁ་ལོ་སྒྱུར་མཁན་གྱི་བློ་གསར་གངས་ཕྲུག་ཚོའི་ཤེས་ཡོན་ལ་གཙོ་བོར་ཐུག་ཡོད་པའི་རྐྱེན་གྱིས། ང་ཚོར་ཚོད་དཔག་གཞལ་དཀའ་བའི་བཀའ་དྲིན་ཅན་གྱི་བོད་གཞུང་དང་དེའི་འོག་ཏུ་གནས་པའི་ལས་བྱེད་རྣམས་ཀྱི་ཤེས་ཡོན་གྱི་ས་བོན་བཏབ་ནས་ལོ་འདབ་རྒྱས་སུ་བཅུག་པ་དང། ཤེས་ཡོན་གྱི་ཆེད་ཁྲག་དང་རྔུལ་ནག་ལས་བསགས་པའི་འགྲོ་གྲོན་ཚད་མེད་ཅིག་བཏང་དང་གཏོང་བཞིན་ཡོད་པ་ནི་ཤེས་ཡོན་བོད་མིའི་འཚོ་བའི་ཁྲོད་དམིགས་བསལ་གྱི་གལ་ཆེན་པོ་ཞིག་ཡིན་པར་བླུན་རྨོངས་ཅན་གྱི་གང་ཟག་ཅིག་ཡིན་རུང་ཚོར་ཐུབ་དགོས་ངེས་ཤིག་ཡིན།
    འདས་ཟིན་པའི་བགྲང་བྱ་འགའི་སྔོན་རོལ་དུ་ཤེས་ཡོན་གྱིས་བཏུམས་པའི་བཙན་བྱོལ་སྤྱི་ཚོགས་འདིའི་ནང་དུ་སྲོལ་རྒྱུན་ནམ་ནང་ཆོས་དང་འབྲེལ་བའི་ཤེས་ཡོན་ཞིག་དང། དེང་དུས་ཚན་རིག་དང་འབྲེལ་བའི་ཤེས་ཡོན་གཉིས་སྤྲོད་བཞིན་མཆིས། འཛམ་གླིང་གི་དུས་རབས་འགྱུར་བ་དང་གར་སྟེགས་ཀྱི་ཁྲ་ཁྲ་ཟིང་ཟིང་ལ་རྣམ་པར་གཡེང་བའི་ནུབ་ཕྱོགས་ཀྱི་ལུགས་སྲོལ་གྱིས་བཙན་བྱོལ་བོད་མིའི་སྲོལ་བཟང་གི་ལོ་རྒྱུས་ལས་འཕྲོས་པའི་རྩ་ཆེན་གོམས་སྲོལ་རྣམས་ལ་བཙན་འཛུལ་ཐེབས་པ་དང། དབྱིན་ཡིག་དང་ནུབ་ཕྱོགས་པའི་སྐད་ཡིག་གིས་བོད་མིའི་བཀའ་དྲིན་ཅན་གྱི་མེས་པོ་ལོ་ཙཱ་བ་ཐོན་མིས་ཚ་གདུག་ལ་མ་འཛེམས་པར་སྐུ་ངལ་ཚད་མེད་བསྐྱོན་པ་རྣམས་ཆུད་ཟོས་སུ་གཏོང་ཉེན་ཡོད། སྐད་ཡིག་འདྲེས་པའམ།  མཉམ་བསྲེས་བྱེད་པ་རྣམས་ལས་གཤིན་རྗེའི་ཁ་ལ་བརྫངས་པའི་དཔང་རྟགས་གསལ་པོར་མངོན།  སྲོལ་རྒྱུན་གྱི་གཤིས་ལུགས་དང་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་གདའ། དེར་མ་ཟད། ཐོག་མའི་གཞི་རྩའི་དམིགས་ཡུལ་ཡང་སྒྲུབ་པར་དཀའ་བ་ཞིག་ལ་སླེབས་མུས་ཡིན།
ད་དུང་དེང་དུས་ཀྱི་ཤེས་ཡོན་སྤྲོད་ཕྱོགས་ཀྱི་ལམ་ཁ་འདི་བརྒྱུད་རིག་གསར་གྱི་སྨྱུ་གུ་མང་པོ་རྒྱས་ཡོད་ཀྱང། བགྲང་བྱ་འགའི་རིང་ལ་ཉིན་རེ་བཞིན་ཇེ་ཞན་དང་མར་ངོའི་ཟླ་བ་བཞིན་དུ་མཛུབ་མོ་བཅུ་ཡིས་གྲངས་ཀ་བརྩི་ཐུབ་པའི་སྣང་བ་དེ་ཡིད་ལ་དྲན་ཐེངས་རེར་དངངས་འཚབ་དང་བློ་ཕམ་ཞིག་ཚང་མའི་ཐུགས་ལ་ཤར་བཞིན་ཡོད། ཇི་སྲིད་མ་འོངས་པའི་བོད་གནས་དང་མི་གནས། གཤིན་རྗེ་ཡི་ལྕགས་ཀྱུ་ལས་གྲོལ་ཐུབ་མིན་ནི་མ་འོངས་སོན་རྩ་རྣམས་ཀྱི་གཞི་རྩའི་ཤེས་ཡོན་ལ་ཐུག་ཡོད།
བཙན་བྱོལ་གྱི་བགྲང་བྱ་ལྔ་བཅུའི་རིང་ལ་ལས་ཀྱི་སྣེ་མོར་གཏོགས་པའི་མགོ་ཁྲིད་རྣམ་པས་གཙོས་པའི་ལས་བྱེད་ཕལ་མོ་ཆེས་ཤེས་ཡོན་གྱི་མཐུན་རྐྱེན་མི་ཉུང་བ་ཞིག་མཁོ་སྒྲུབ་བྱེད་བཞིན་ཡོད་ཀྱང། དེར་དཔག་པའི་ཤེས་ཡོན་ཅན་གྱི་གང་ཟག་ཉིན་མོའི་སྐར་མ་བཞིན་ཐོན་དཀོན་པོ་ཆགས་བཞིན་ཡོད། སློབ་གྲྭའི་མི་ཚེ་ལྟ་བུར་ཆ་མཚོན་ནའང། སློབ་ཕྲུག་མང་པོ་ཞིག་ལ་ནུབ་ཕྱོགས་པའི་ལུགས་སྲོལ་གྱི་ཤན་ཤུགས་ཐེབས་པའི་རང་བཞིན་འདི་ལྟ་སྟེ།
    སློབ་གྲྭའི་མི་ཚེ་ཉི་མ་གང་འཁྱོལ་བཞིན། །རྟག་ཏུ་སྒྱིད་ལུག་ཁོ་ནར་གནས་མུས་ཡིན། །
    ཉིན་ལྟར་སྒུག་པའི་སྟོང་བསམ་གུང་གསེང་དེ། །སླེབས་ཚེ་སྤྲང་ཕྲུག་གསེར་ཐོབ་བཞིན་དུ་དགའ། །
    ཤེས་ཡོན་སྦྱོང་བསམ་པའི་བསམ་བློ་གཏོང་མཁན་ཡང་ཉུང་ཉུང་ཡིན་པ་ནི་འཛིན་རིམ་བཅུ་གཉིས་ཐོན་ཟིན་པའི་སློབ་ཕྲུག་ཕལ་མོ་ཆེས་འཕྲིན་ཡིག་ཅིག་ཀྱང་འབྲི་མི་ཤེས་པར་ཁ་ནང་མཛུབ་མོ་འཇུག་པ་ལས་མངོན་པར་གསལ།
དེ་དང་དེ་འབྲེལ་གྱི་ཕྱིའི་ལུགས་སྲོལ་ལ་དགའ་ཞེན་དང། དང་དོད་ཆེན་པོ་ཡོད་པ་ནི་བོད་ཀྱི་ཤེས་ཡོན་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་རྒྱུ་རྐྱེན་དངོས་ཡོད་དེ་རེད། བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་གྲུབ་འབྲས་ནི་བོད་མིའི་ཁ་རྒྱུན་བཞིན། ཕྱི་ནས་བལྟས་ན་སྒེའུ་ཁུང་རྩམ་རས་ཁོག་ཁོག།།ནང་ལ་སླེབས་ན་རྩམ་ཁུག་སྟོང་པ་ལྟ་བུ། །སློབ་གྲྭ་ཐོན་མཁན་དང་ལག་ཁྱེར་ཡོད་མཁན་ཇེ་མང་དུ་སོང་ཡང། དོན་དངོས་ཐོག་དགོས་ངེས་ཀྱི་ཤེས་ཡོན་མ་འདང་བ་དང། ཤེས་ཡོན་ཡོད་པ་ཉུང་ལ་རྟག་ཏུ་སྙན་ངག་པ་རྣམས་ཀྱིས་རང་གི་འབྲི་རྩལ་གྱི་གཤོག་པ་བརྐྱངས་ཏེ་རྩོམ་ཡིག་གི་ལམ་ནས་གླེང་བརྗོད་བྱེད་བཞིན་གདའ།
མདོར་ན། བཙན་བྱོལ་ལ་ཡོད་པའི་བོད་མིའི་སྲོལ་རྒྱུན་ཤེས་ཡོན་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ལམ་ཁ་འདིར་ནུབ་ཕྱོགས་པའི་གོམས་སྲོལ་གྱིས་བཙན་འཛུལ་ཐེབས་པའི་རྐྱེན་གྱིས་མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་བསླབ་བྱའི་ནང་། སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་གྱིས་ཟེར་བ་དེ་དམ་པོར་བཟུང་ནས་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་དུས་ཤེས་ཡོན་ཡར་ངོའི་ཟླ་བཞིན་འཕེལ་ཐབས་ལ་འབད་འབུངས་བྱས་ནས་སྦྱངས་པ་མཐར་ཕྱིན་མཛད་དེ་མ་འོངས་པ་ན་ནམ་མཁའི་སྐར་ཚོགས་བཞིན་དུ་མཁས་པ་བགྲང་ལས་འདས་པ་འབྱུང་བའི་རེ་བ་དང་སྨོན་ལམ་བཅས།
རབ་དཀར་གངས་རི་ར་བས་བསྐོར། །མཛེས་སྡུག་ཕུན་སུམ་ཚོགས་ལྡན་པའི། ། གཅེས་པའི་ཕ་ཡུལ་བོད་ལྗོངས་འདི། །ནམ་ཡང་བརྗེད་པར་མི་ཕོད་དོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་རྒྱལ་ཁབ་དང་མི་རིགས་སོགས་ཀྱི་དབྱེ་བ་མེད་པར་ཤེས་ཡོན་ནི་ཀུན་གྱི་སྲོག་ཤིང་ཡིན་པ་ནན་བརྗོད་བྱས་འདུག་ཅིང། རང་རེའི་སྲོལ་རྒྱུན་བཟང་པོར་ནུབ་ཕྱོགས་རྗེས་འབྲངས་ཀྱི་ངན་ཤན་ཐེབས་ཏེ་ཚབས་ཆེའི་གནས་སུ་ལྷུང་བའི་སེམས་ཁྲལ་བསྟན་འདུག འདི་ལས་ན་གཞོན་རྩོམ་པ་པོ་རང་ཉིད་རྒྱལ་ཁབ་དང་མི་རིགས། ཁྱད་པར་རང་གི་ཕ་མེས་ཀྱི་རིག་གཞུང་བཟང་པོར་དུང་ཞེན་ཟབ་མོ་ཡོད་པ་རྟོགས་ཐུབ།
རྩོམ་ཡིག་ནང་བཙན་བྱོལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་རྒུད་འགྲོ་བའི་གནས་སྟངས་དང། སློབ་གྲྭ་ཁག་གི་ཞན་ཆ་སོགས་གནད་དོན་གསེད་འགྲོལ་བྱས་འདུག༌པ་ལེགས་པའི་རང་བཞིན༌ཡིན་མོད། རྩོམ་ཡིག་གི་བརྗོད་གཞི་ལས་ཅུང་རིང་དུ་གྱེས་འདུག སླད་ཆར་འདིའི་ཕྱོགས་སུ་དམིགས་བསལ་ཐུགས་སྣང་ཡོང་བར་ཞུ།

མདུན་ཤོག

Menu