[toc]

༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་དབྱངས་སྙན།(ཨང་དང་པོ)

གོ་པལ་པུར་བོད་ཁྱིམ་སློབ་གྲྭ།     ཆོས་རྒྱལ་སྐྱབས།

མཐོ་སྒང་བོད་པ་ཚང་གི་ཁྱིམ་རྒྱུད་དུ། །རིས་མེད་བརྩེ་བས་གདུལ་བྱ་སྐྱོང་མཛད་པ། །
མེ་ཏོག་ཕོག་པའི་ལྷ་སྐལ་སྤྱན་རས་གཟིགས། །གང་དེའི་ཞབས་པད་སྤྱི་བོས་གོང་དུ་བཀུར། །       

གང་སྐུའི་མཛད་འཕྲིན་རྒྱ་མཚོའི་གཏིང་འདྲ་བས། །བློ་དམན་ང་འདྲས་སྨྲ་བར་མི་ནུས་ཀྱང། །
ཐིགས་པ་ཙམ་ཞིག་རང་བློར་གང་ཤར་བ། ། དད་གདུང་སྤྲོ་བ་ཆེན་པོས་སྨྲ་བར་བྱ། །

བཅུ་གསུམ་ཆེན་པོ་མྱ་ངན་འདས་པ་དང། །དམག་ཆེན་གཉིས་པ་ལངས་ལ་ཉེ་བའི་སྐབས། །
མགོན་མེད་སྐྱབས་མེད་བོད་འབངས་མགོན་སྐྱབས་སུ། །ངོ་མཚར་ལྟས་དང་ལྷན་དུ་འཁྲུངས་འདི་མཚར། །

གངས་ཅན་ཤར་ཕྱོགས་མདོ་སྨད་ཙོང་ཁ་ནས། །འཇིགས་བྲལ་ཞུམ་མེད་འགྲུལ་བཞུད་རིང་མོ་དེ། །
བཙན་པོའི་ཞབས་རྗེས་གསལ་བའི་ལྷ་སའི་ཕྱོགས། །བསྒྱུར་བ་ས་ཡ་དྲུག་གི་བསོད་སྐལ་ལགས། །

སྤྱིར་ན་ནང་པ་ཡོངས་ཀྱི་མངའ་བདག་དང། །ཡང་སྒོས་མགོ་ནག་བོད་པའི་དབུ་འཁྲིད་དུ། །
གངས་སེང་བརྒྱད་ཀྱི་གསེར་ཁྲིར་མངའ་གསོལ་བ། །ལྷ་ཡི་ཡུལ་ན་ཚངས་པ་བརྒྱ་བྱིན་འདྲ། །

རྣམ་དཔྱོད་བློ་རིག་བཀྲ་བའི་གཞོན་དུས་ནས། །མདོ་སྔགས་ཟུང་འབྲེལ་གསན་བསམ་གནང་བ་འདིས། །
སྐྱེ་འགྲོ་བདེ་ལ་འགོད་ཅིང་ཐར་ལམ་དུ། །ཁྲིད་པའི་སྟ་གོན་མཛད་པ་རྨད་དུ་བྱུང། །

བཅུ་དྲུག་ལང་ཚོ་སྨིན་པའི་ལོ་ཟླ་དེར། །བོད་འབངས་དམར་པོའི་བཙན་འཛུལ་སོ་ཁ་ནས། །
སྐྱོབ་ཕྱིར་ལུགས་གཉིས་ཐུགས་འགན་བཞེས་པ་དེ། །བོད་མིའི་སེམས་ནས་ནམ་ཡང་བརྗེད་མི་སྲིད། །

སྤྱི་ཚོགས་བདེ་ལྡན་འཆམ་མཐུན་ཡོང་བ་དང། །དབུལ་ཕྱུག་སྙོམས་ཤིང་གྲལ་རིམ་བཤུ་གཞོག་སོགས།
རྩ་མེད་བཟོ་བའི་རླབས་ཆེན་དགོངས་པ་ཡིས། །སྤྱི་ཚོགས་ལེགས་བཅོས་བཏང་བ་ངོ་མཚར་ཆེ། །

ཕྱི་དགྲའི་བཙན་འཛུལ་འདྲེ་ལག་བརྐྱངས་ན་ཡང། །འཚེ་མེད་ཞི་བའི་ལྟ་གྲུབ་ཁོ་ན་ཡིས། །
ཞི་འགྲིག་མཉམ་གནས་ཐུགས་རེའི་འདུན་པ་དེ། །ཉམས་མེད་བོད་འབངས་ཀུན་ལ་བརྩེ་གཟིགས་མཛད། །

ང་དྲུག་ལོ་ལ་རྒྱ་གར་འགྲུལ་བཞུད་རྗེས། །བོད་དོན་བདེན་རྒྱབ་འཚོལ་བའི་རེ་བའི་འོག།།
ནེ་རུས་བཀའ་སློབ་ལམ་སྟོན་གནང་དོན་ལྟར། །སླར་ཡང་བོད་དུ་ལོག་པ་ཇི་ལྟར་བརྗེད། །

དམར་པོའི་དཔུང་གིས་ཕ་སའི་གཉའ་གོང་ནས། །དམ་དུ་འཇུས་ཤིང་མེ་མདའི་སོ་ཁ་གཏད། །
ཧམ་སེམས་ཆེན་པོའི་མཆེ་གཙིགས་སྡེར་བགྲད་འོག །བོད་མིའི་ལས་དབང་ཁུར་ནས་བྱོལ་བ་རྨད། །

དབུགས་ཀྱི་རྒྱུ་བ་ཆད་ཉེའི་མི་རིགས་ཤིག །སླར་ཡང་གསོན་པའི་རེ་བའི་མེ་དཔུང་དེ། །
རྒྱ་གར་འཕགས་པའི་གནས་མཆོག་ལྟེ་བ་རུ། །སྦར་བའི་ངོ་མཚར་མཛད་རྗེས་བླ་ན་མཐོ། །

ཕ་ས་དགྲ་ལག་ཤོར་བའི་སྐྱོ་གདུང་དང། །མི་རིགས་ཁ་འཐོར་བྱས་པའི་སྨྲེ་སྔགས་ཀུན།  །
དཀྱེལ་ཡངས་ཐུགས་སུ་བསྒོམས་ནས་བདེན་དོན་ལ།  །ལྷོད་མེད་འབད་འབུངས་བྱས་པ་རྨད་དུ་བྱུང།  །

བླ་མེད་དགོངས་གཞི་ཟབ་མོའི་ཐུགས་མཚོ་ལས། །རང་གི་རིག་གཞུང་ཕྱུག་པོ་སྲུང་སྐྱོབ་དང། །
དེང་དུས་ཤེས་ཡོན་གསར་པའི་རོ་བཅུད་ཀུན།  །མྱོང་སའི་སློབ་གླིང་བཙུགས་པར་ཀུན་གྱིས་བསྔགས། །

བོད་མིའི་སྲོག་གི་དབུགས་རྒྱུན་དྲོན་མོ་སྟེ། །ཟབ་རྒྱས་བོད་བརྒྱུད་ནང་བསྟན་རིན་པོ་ཆེ། །
མི་ཉམས་རྒྱུན་འཛིན་བྱེད་པའི་བསྟི་གནས་ཀུན། །བསྐྱར་དུ་ཕྱག་བཏབ་གནང་བ་བསྔགས་པའི་གནས། །

འཛམ་གླིང་སྤྱི་མོས་མང་གཙོའི་ལམ་ལུགས་འོག །བོད་གཞུང་དགའ་ལྡན་ཕོ་བྲང་ཤུལ་འཛིན་ས། །
རྒྱ་གར་བྱང་ཕྱོགས་ངྷ་སའི་ལྟོ་བ་རུ། །གསར་འཛུགས་གནང་བའི་བཀའ་དྲིན་ཇི་ལྟར་གཞལ། །

བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སླད། །བོད་འབངས་སྐྱོབ་པའི་གདུང་འབོད་ཞུ་ཡིག་དག །
འཛམ་གླིང་རྒྱལ་སྤྱིའི་སྲིད་སྟེགས་གང་ས་རུ། །ཕུལ་བའི་མཛད་རྗེས་སེམས་ནས་ཇི་ལྟར་བརྗེད། །

ལོ་རབས་བདུན་ཅུའི་སྐྱ་རེངས་འོད་སྣང་ཁྲོད། །འཛམ་གླིང་ཡུལ་གྲུ་གང་སར་ཞབས་ཀྱིས་བཅགས། །
ཞི་བདེའི་དེད་དཔོན་ཆེན་མོའི་མཚན་གནས་བླངས། །བོད་པའི་བདེན་དོན་གོ་ལའི་ཁྱོན་ལ་བསྒྲགས། །

འགྱུར་ལྡོག་ཆེ་བའི་ཆབ་སྲིད་ཁོར་ཡུག་ནས། །བོད་མིའི་བདེ་དོན་རྒྱ་མིའི་ཁེ་ཕན་དོན། །
གཉིས་ཕན་དབུ་མའི་ལམ་གྱི་ལྟ་གྲུབ་སྟེ། །སྲོལ་བཏོད་རླབས་ཆེན་མཛད་འཕྲིན་ཀུན་གྱིས་བསྔགས། །

འགྲོ་དྲུག་སེམས་ཅན་རིས་མེད་བདེ་བའི་སླད། །འཛམ་གླིང་ཞི་བདེའི་གཞུང་ལམ་ཡངས་པོ་ཞིག །
བསྐྲུན་པའི་དཀའ་བ་ཁྱད་བསད་བྱས་འབྲས་སུ། །ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པས་སྤྲོ། །

དུས་རབས་ཉེར་གཅིག་སྐྱ་རེངས་དང་པོ་ལ། །བོད་མིའི་མང་གཙོའི་རྨང་གཞི་སྲ་བརྟན་ཞིག །
འཛུགས་རེའི་དགོངས་པ་ཡངས་པོའི་ལམ་སྟོན་འོག །བཀའ་ཁྲི་དམངས་ཀྱིས་འདེམས་སྲོལ་སྒོ་མོ་ཕྱེས། །

མི་ཚེ་གང་པོ་གཞན་དོན་ཁོ་ནས་འདས། །འགྲོ་ལ་བྱམས་བརྩེའི་འོད་སྣང་རྣམ་ཀུན་སྤྲོ། །
དྲང་བདེན་མཚོན་ཆ་ཕྱག་ཏུ་རྒྱུན་ཐོགས་ཏེ། །དམར་པོའི་རྫུན་གཏམ་ཕྱི་ཤུན་རྨང་ནས་བཤུས། །

གང་སྐུའི་ཐུགས་རྒྱུད་རྣལ་མའི་མཛུབ་སྟོན་གྱིས། །འཛམ་གླིང་མི་མང་བདེ་བའི་ལམ་ལ་ཁྲིད། །
ལྷག་པར་བོད་མིའི་མུན་ནག་ལོ་ཟླའི་ནང། །སྣང་གསལ་སྒྲོན་མེའི་ཞལ་ཁ་ལྷམ་མེར་ཕྱེས། །

རྒྱང་ཐག་ཆོད་པའི་གཞིས་བྱེས་མཛའ་འབྲེལ་དེ། །ཉིད་ཀྱི་གསུང་གི་ཟམ་པའི་སྣེ་མོར་དཔྱངས། །
ཡོངས་རྫོགས་བོད་ལྗོངས་རང་དབང་བདེན་དོན་ལ། །འགྱུར་མེད་ཐུགས་ཀྱི་གོ་ཆ་མཁའ་རུ་འདེགས། །

འཛམ་གླིང་གང་སར་གྱར་བའི་བོད་རིགས་དག།།རང་གི་རིགས་ལ་ཞེན་པ་དཀར་པོའི་སེམས། །
རྒྱུན་དུ་བཅངས་ཏེ་ལྷོད་མེད་མདུན་ཕྱོགས་སུ། །གོམ་ཁ་བསྒྱུར་བ་མགོན་པོ་གང་གི་དྲིན། །

གང་ཐུགས་དྲི་མེད་བྱམས་བརྩེ་དཀར་པོའི་རྒྱུན། །ས་ཡ་དྲུག་གི་ཟུངས་ཁྲག་དམར་པོ་དང། །
འདྲེས་ནས་ཡོད་ཕྱིན་ཁྱེད་ཀྱི་བཀའ་དྲིན་ནི། །བསྐལ་པའི་མཐར་ཡང་བརྗེད་པར་མི་སྲིད་དོ། །

རྩོམ་ཡིག་དཔྱད་མཆན།
ཚིགས་བཅད་རྩོམ་ཡིག་འདི་ནི་དོན་གྱི་བྱུང་བ་ཇི་བཞིན་དུ་བརྗོད་པ་གཙོ་བོར་བྱས་པའི་སྙན་ངག་རྩོམ་ཡིག་ཅིག་ཡིན།
རྩོམ་ཡིག་ནང་༸གོང་ས་མཆོག་སྐུ་འཁྲུངས་པ་ནས་ད་ལྟའི་བར་གྱི་མཛད་འཕྲིན་གཙོ་གྲས་མཐའ་དག་གནད་བསྡུས་ཀྱི་སྒོ་ནས་སྡེབ་ལེགས་པའི་ཚིགས་བཅད་ཀྱི་ཕྲེང་བར་སྤེལ་ཏེ། བརྗོད་དོན་གཙོ་བོ་སྟེ་༸གོང་ས་མཆོག་གི་སྐུའི་མཛད་འཕྲིན་གསེར་རིའི་ཕྲེང་བ་ལྟར་མཚར་དུ་དངར་བ་ཁག་ལས་གཙོ་གནད་དམ་འཛིན་ཐོག་དུས་ཚོད་ཀྱི་གོ་རིམ་ལྟར་གསལ་བར་བཀོད་པ༌གོ་བདེ་ཞིང་དོན་ཟབ་པ། གནད་ལ་ཁེལ་བ་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཀློག་པོ་པོའི་ཡིད་སེམས་དབང་མེད་དུ་བཀུག་ཡོད༌པས། སྲོལ་རྒྱུན་གྱི་རྣམ་ཐར་བསྡུས་དོན་འབྲི་བའི་ཐབས་རྩལ་སྤྱད་དེ་དོན་བརྗོད་ཚིགས་བཅད་བྲིས་པ་བསྔགས་པའི་ཡུལ་དུ་གྱུར།
རྩོམ་ཡིག་གི་དགོས་མཁོའི་རྒྱུ་ཆ་ཁག་རྩོམ་པ་པོའི་སེམས་སུ་ངེས་ཆ་ཕུན་སུམ་ཚོགས་པ་ཡོད་པར་མ༌ཟད། རྩོམ་ཡིག་འགོ་འཛུགས་སྟངས་དང་མཇུག་སྡུད་སྟངས་ཀྱང་སྲོལ་རྒྱུན་རྩོམ་ཡིག་གི་རྣམ་པ་གསལ་པོར་ཐོན་འདུག༌པ་བཅས། རྒྱུ་ཆ་རྣམས་འདེམ་ལེན་དང་བཀོལ་སྤྱོད་བྱེད་སྟངས་ཀྱང་གང་ལེགས་བྱུང་འདུག
རྩོམ་ཡིག་ནང་བསྐྱར་ཟློས་དང་ཚིག་སྦྱོར་ལེགས་བཅོས་བྱ་ཆོག་པར་སྙམ་པ་གང་འཚམ་འདུག་པ༌སྐྱོན་ཆེན་པོའི་རིགས་མིན་ནའང། ཕྱིས་སུ་འདིའི་ཐད་དམིགས་བསལ་ཐུགས་སྣང་གིས་མུ་མཐུད་ཡར་རྒྱས་གཏོང་ཐུབ་ན། མ་འོངས་པར་རྩོམ་ཡིག་ཚད་ལྡན་འབྲི་མཁན་གྱི་རྩོམ་པ་པོ་ཞིག་ཏུ་འགྱུར་བར་ཐེ་ཚེམ་མེད།

༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་དབྱངས་སྙན།(ཨང་གཉིས་པ)

སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭ།    དབང་ཆེན།

མཚན་དཔེའི་རྒྱན་སྤྲས་སྐུ༷་ལ་གཟི་མདངས་རྒྱས། །ཡན་ལག་དྲུག་ཅུའི་གསུ༷ང་གིས་དབྱངས་རྟ་གྱེར། །
རྒྱལ་སྲས་སྤྱོད་པས་ཐུ༷གས་རྒྱུད་འོད་དུ་འཚེར། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །
སྟོན་པ་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །ཁ་བའི་ལྗོངས་ལ་འགྲོ་འདུལ་ཞལ་བཞེས་ཀྱིས། །
ཟླ་མེད་སེམས་དཔའི་མཛད་པ་སྐྱོང་བཞིན་དུ། །གངས་ལྗོངས་བསྟན་འགྲོའི་མགོན་དཔུང་དམ་པར་བྱོན། །

སྔོན་བསགས་ལས་སྨོན་བཟང་པོའི་མཚམས་སྦྱོར་ལས། །ཁ་བ་རི་པའི་བསོད་ནམས་བགོ་སྐལ་ལ། །
མདོ་སྨད་ཙོང་ཁ་ས་ཡི་ཐིག་ལེ་རུ། །གང་སྐུ་ལྷ་ཡི་མེ་ཏོག་རྣམ་པར་བཞད། །

མི་རིང་དུས་གསར་འཕོ་འགྱུར་ཡོ་ལང་ནས། །གྲུ་འཛིན་གཉིས་པའི་གཞལ་མེད་ཁང་གསར་དུ། །
གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་སྟེང།  །ཆོས་སྲིད་གཉིས་ཀའི་བདག་པོར་མངའ་དབང་བསྒྱུར། །

རབ་འབྱམས་གཞུང་ལུགས་བཀའ་པོད་རྒྱ་མཚོ་ལ། །ཐོས་བསམ་སྒོམ་གྱི་གསན་བསམ་སློབ་གཉེར་བྱས། །
སྤྲོས་བྲལ་ངེས་དོན་བྱང་ཆུབ་སེམས་བསྐྱེད་ཀྱིས།  །རིགས་ལམ་འཕྲུལ་གྱི་དབལ་སོ་གསར་དུ་བསྐྲུན། །

བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུཊ་སོཊ།།སྙིགས་མ་ལྔ་བདོ་གནའ་བོའི་སྤྱི་ཚོགས་ལ། །
མང་གཙོའི་བཅོས་བསྒྱུར་དེང་རབས་འཛུགས་སྐྲུན་གྱིས།  །ལེགས་བཅོས་བྱེ་བའི་སྒོ་མོ་ཡངས་པོར་ཕྱེས། །

བཙན་རྒྱལ་རིང་ལུགས་དྲག་པོའི་བཙན་འཛུལ་གྱིས། །རྨ་གཡང་ཕྱུག་མོའི་སྣོད་བཅུད་འཛིན་པའི་དུས། །
ཐབས་མཁས་ཐུགས་རྗེའི་བྱིན་རླབས་འོད་ཞགས་ལས། །ཁ་བའི་རིག་གནས་ཉམས་མེད་སོར་ཆུད་གནང། །

ལྔ་བཅུ་ང་དགུ་ཟང་ཟིང་ལོ་ཟླའི་ཁྲོད། །བཟོད་བསྲན་དཀའ་ཐུབ་ངལ་བ་ཁྱད་བསད་ཀྱིས། །
ཞི་བསིལ་བདེ་བའི་གྲུ་ཆར་ཁད་ཀྱིས་འབེབས། །མི་གསོད་ཁྲག་སྦྱོར་མུ་གེའི་འཇིགས་པ་སེལ། །

རི་ཆུ་འཕྲང་གསུམ་ཁ་བ་བུ་ཡུག་སོགས། །ཤིན་ཏུ་བརྒལ་དཀའ་གྲངས་མེད་རབ་བརྒལ་ཏེ། །
ཚ་ཡུལ་ས་མཐའ་མྱ་ངམ་ཐང་ཆེན་འདིར། །བཙན་བྱོལ་བོད་མིའི་སྒྲིག་འཛུཊ་སྲ་བརྟན་མཛད།

བཙན་བྱོལ་བོད་གཞུང་མ་ལག་བསྐྱར་གསོ་ཡིས། །ལུང་རྟོགས་བསྟན་པའི་ཆོས་གཞི་འཛུགས་སྐྲུན་དང། །
ལྔ་རིག་ཤེས་བྱའི་དགའ་ཚལ་སྲ་བརྟན་གྱིས། །སྲོལ་རྒྱུན་རིག་གནས་མི་ཉམས་རྒྱུད་འཛིན་མཛད། །

མང་གཙོའི་རིག་གནས་གོང་འཕེལ་མཐོར་འདེགས་ཀྱིས། །མང་གཙོའི་སྲིད་གཞུང་འཛུགས་སྐྲུན་སྲ་བརྟན་མཛད། །
མང་གཙོའི་ཆུ་ཚད་གོང་འཕེལ་སླར་གསོའི་ཆེད། །རྒན་ཡོལ་ཚུལ་དུ་བོད་མིའི་མགོན་དུ་བཞུགས། །

འཚེ་མེད་ཞི་བའི་ལྟ་གྲུབ་ཉམས་ལེན་གྱིས། །དབུ་མའི་ལྟ་གྲུབ་སྲིད་བྱུས་གཏན་འབེབས་གནང། །
འཇིག་རྟེན་འཛིན་མའི་ས་གཞི་ཡངས་མོ་འདིར། །རྫོགས་ལྡན་བདེ་དགའ་རྒྱ་མཚོའི་བ་དན་གཡོ། །

མི་རྟག་འཁོར་བའི་མུན་ནག་བཙོན་ར་འདིར། །འགྲོ་དྲུག་སེམས་ཅན་བཟོད་དཀའི་དུཿཁས་མནར། །
བླ་མེད་ཐུགས་ཀྱི་བྱམས་བརྩེའི་འོད་སྟོང་གིས། །རང་དབང་བདེ་དགའི་དཔལ་ལ་སྦྱོར་བར་བརྩོན།

ཚན་རྩལ་རིག་པའི་དུས་རབས་འཕོ་འགྱུར་ཁྲོད། །ཞི་བསིལ་བདེ་བའི་གྲུ་ཆར་ཟིམ་ཟིམ་འབེབས། །
མཁའ་མཉམ་སྐྱེ་རྒུའི་ཉོན་མོངས་ཞིང་ས་ལ། །རྫོགས་ལྡན་ཆོས་ཀྱི་སྦྲང་ཆར་ཟིམ་ཟིམ་འབེབས། །

ཆོས་ལུགས་མཐུན་སྒྲིལ་ཁོར་ཡུག་སྲུང་སྐྱོབ་དང། །ཀུན་ཁྱབ་སེམས་ཁུར་སློབ་གསོའི་མན་ངག་གིས། །
རང་དབང་གསར་པའི་ལོངས་སྤྱོད་རྒྱ་མཚོ་ལ། །ཅི་དགར་རོལ་བ་ཁྱེད་ཀྱི་བཀའ་དྲིན་ཡིན། །

དུས་ངན་སྙིགས་མའི་སྤྱི་ཚོཊ་འཕེལ་རིམ་ནང། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྩལ་གནང་གིས། །
བདག་སོགས་འགྲོ་བའི་སྡུག་བསྔལ་རབ་ཞི་ནས། །སྤྱན་རས་གཟིགས་ཀྱི་ཞིང་དུ་དྲང་དུ་གསོལ། །

རྒྱལ་བ་རྒྱ་མཚོ་ངུར་སྨྲིག་རྣམ་རོལ་རྗེ། །འདི་ཕྱི་གཏན་གྱི་སྐྱབས་གནས་སླུ་བ་མེད། །
བཀའ་དྲིན་དྲན་པའི་སྙན་ངག་ཐོར་བུ་འདིས། །བསྐལ་བརྒྱར་རབ་བརྟན་ཡུན་དུ་གནས་པར་ཤོག །

རྒྱལ་བ་མཉེས་པའི་མཆོད་པ་འདི་ལྟར་ཕུལ། །གསང་གསུམ་རྒྱས་པའི་བཀྲ་ཤིས་དེ་ལྟར་ཡིན། །
རྒྱལ་བའི་འཕྲིན་ལས་མི་ནུབ་ཡུན་གནས་ཀྱིས། །རྒྱལ་བསྟན་ཕྱོགས་བཅུར་འཕེལ་བའི་བཀྲ་ཤིས་ཤོག།།
 

རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ཚིགས་བཅད་ཀྱིས་བྲིས་པའི་དོན་བརྗོད་རྩོམ་ཡིག་ཅིག་ཡིན་ཞིང། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ནང་བསྟོད་ཚོགས་ཀྱི་ཁོངས་སུ་འདུ༌བ་ཡིན། རྩོམ་ཡིག་གི་འགོ་འཛུགས་སྟངས་དང་མཇུག་སྡུད་སྟངས། བར་གྱི་ནང་དོན་འགོད་སྟངས་སོགས་ཀྱི་ཐད་སྲོལ་རྒྱུན་སྙན་ངག་གི་ཁྱད་ཆོས་འབུར་དུ་ཐོན་འདུག རྩོམ་ཡིག་ནང་༸གོང་ས་མཆོག་སྐུ་འཁྲུངས་ཚུལ་ནས་རབ་ཏུ་བྱུང་བ། ཐུགས་བསམ་སློབ་གཉེར་གནང་ཚུལ། ཆོས་སྲིད་ཀྱི་ཐུགས་འགན་བཞེས་ཚུལ་སོགས་ཆོས་སྲིད་ཀྱི་མཛད་འཕྲིན་གལ་གནད་ཆེ་ཁག་དུས་རིམ་བཞིན་ཞིབ་འགོད་བྱས་ཡོད།
རྩོམ་འབྲིའི་རྒྱུ་ཆ་འདེམ༌ལེན་དང་བཀོལ་སྤྱོད་བྱེད་སྟངས་ལེགས་ཤིང། བརྗོད་གཞི་གཙོ་བོ་༸གོང་ས་མཆོག་གི་མཛད་འཕྲིན་དང་སྐུ་ཚེ་གང་པོར་སྐུ་ངལ་ཁྱད་བསད་ཀྱིས་སེམས་ཅན་སྤྱི་དང་བོད་འབངས་རྣམས་ཀྱི་བདེ་སྐྱིད༌བརྩོན་ལེན་གནང་བའི་བཀའ་དྲིན་ཟབ་མོར་རྩོམ་པ་པོའི་ལྷད་མེད་ཀྱི་དད་འདུན་དང་བརྩེ་སེམས་ཟབ་མོ་ཡོད་པ་དེ་མངོན་པར་མཚོན་པ་ཤིན་ཏུ་ལེགས།
ཡིག་ནོར་ཉུང་ལ་ཚིག་གི་སྡེབ་སྦྱོར་ལེགས། འོན་ཀྱང་། ནང་ཆོས་དང་འབྲེལ་བའི་ཐ་སྙད་རེ་འགའི་སྤྱོད་སྟངས་དང། ཁྱད་པར་གནའ་བོའི་བོད་ནི་རྒྱ་ནག་གིས་འཁྱོག་བཤད་བྱས་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡིན་པ་གཞིར་བཞག་བྱས་པ་དེར་ཐུགས་སྣང་དགོས་གལ་སྙམ། གང་ཡིན་ཞེ་ན། ཐ་སྙད་དེ་ནི་སྤྱིར་བཏང་བ་ཞིག་མ་ཡིན་པར་དུས་རབས་བར་མའི་ཡོ་རོབ་སྤྱི་ཚོགས་ལམ་ལུགས་ལ་སྦྱར་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་སྟབས། སྒྲ་ཇི་བཞིན་ཁས་བླངས་ཚེ་དོན་དངོས་དང་ཆེས་མི་མཐུན་པའི་སྐྱོན་ཡོད་པར་ཐུགས་སྣང་ཡོང་བར་ཞུ།

༸གོང་ས་མཆོག་གི་བཀའ་དྲིན་དྲན་པའི་དབྱངས་སྙན།(ཨང་གསུམ་པ)

མ་སུ་རི་བོད་ཁྱིམ་སློབ་གྲྭ།   གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།

༡ འཁྲུངས་སྐར་དགའ་སྟོན་གྱི་རོལ་མོ།

དེང་རབས་རྩོམ་རིག་སྐྱེད་ཚལ་ཡངས་མོ་ལ། །སྐལ་བཟང་མེ་ཏོག་འདབ་སྟོང་མཛེས་པ་ཡིས། །
དྲི་བསུང་དཔྱོད་ལྡན་ར་ཡིག་གཉིས་པ་དང། ། དྲི་བཞོན་བུ་མོས་བརྐུས་ནས་རྒྱང་ལ་བྲོས། །
༸སྐྱབས་མགོན་ཆེན་མོའི་ཐུཊ་ཀྱི་མཛད་འཕྲིན་ཙམ། །དཀར་གཙང་ཤོག་བུའི་སྟེང་དུ་ཕབ་གྱུར་ན། །
དཔྱོད་ལྡན་གཟུར་གནས་སྐྱེ་བོའི་ཚོགས་ཀུན་གྱིས། །སྤྱན་ཟུང་གཞན་དུ་མ་ཕྱོགས་འདི་ལ་གཟིགས། །
སྔོ་ཞིང་བསངས་པའི་ནམ་མཁའི་དབྱིངས་རུམ་ནས། །སྐར་མ་སྨིན་དྲུག་གངས་རིར་ཐིམ་པའི་ཚེ། །
སངས་རྒྱས་མི་རུ་སྤྲུལ་བའི་མགོན་སྐྱབས་ཤིག །གངས་རིའི་ཕང་བར་སྐུ་ཡི་གཟི་དཔལ་བཞད། །
ན་སོ་མ་རྒྱས་ན་ཆུང་བྱིས་པའི་དུས། །རྣོ་ངར་རྣམ་དཔྱོད་ཡར་ངོའི་ཟླ་ལ་འགྲན། །
བྱམས་བརྩེའི་འོ་མཚོ་འཁྱིལ་བའི་ཐུགས་དགོངས་ནས། །སྐྱེ་འགྲོ་ཀུན་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །
ཆུང་ངུའི་དུས་ནས་ཉམས་དགའི་རྩེད་འཇོ་ཀུན། །རྒྱང་རིང་དོར་ཏེ་བོད་ཀྱི་བདེན་དོན་གླེང། །
གང་ཉིད་འཁྲུངས་པའི་འཛིན་མ་ཁྱོན་ཡངས་མོར། །དཀར་ཕྱོགས་རྒྱལ་བའི་རོལ་མོ་ཅི་ཡང་འཁྲོལ། །
འཇམ་ཞིང་བསིལ་བའི་རླུང་བུ་བར་སྣང་ལ་ཁྱབ་ཐལ། །མེ་ཏོག་དྲི་ཞིམ་ཕྱོགས་བཞི་མཚམས་མེད་ལ་ཐུལ་སོང། །
དེ་འདྲའི་སྐལ་བཟང་ཉིན་མོའི་དགའ་སྟོན་གྱི་འཚོ་བར། །ལྷ་མོ་དོན་གྲུབ་ཅེས་པའི་གཅེས་མིང་ཞིག་ཐོགས་སོང། །
རྒྱལ་བའི་ཡང་སྲིད་རྒྱལ་བསྟན་སྒོ་མོ་ལ་ཕེབས་དུས། །ཆོས་ཀྱི་མཚན་ལ་བསྟན་འཛིན་རྒྱ་མཚོ་ཞེས་གསོལ་སོང། །
དགུང་ལོ་བཅུ་དྲུག་དུས་ནས་བོད་འབངས་ཀྱི་བདེ་སྡུག །ཕྲག་ཏུ་བཞེས་ནས་ཆབ་སྲིད་ཐུགས་འགན་ཡང་བཞེས་སོང། །
གང་ཉིད་རྣམ་དཔྱོད་ཡངས་པའི་ཟླ་ཟེར་གྱི་འོད་ལས། །བོད་མིའི་སེམས་ནང་དགའ་སྤྲོའི་ཀུ་མུད་དེ་བཞད་སོང། །
༢ གཞན་ཡུལ་དུ་ཆིབས་སྒྱུར་གྱི་མཛད་རྗེས་དང་བཀའ་དྲིན།
དེ་ལྟར་ཡུན་རིང་སྐྱབས་མགོན་ཆེན་མོ་ཡི་མཐུ་ལས། །བོད་ཁམས་ཡོངས་ལ་ཞི་བདེ་འོད་སྣང་གིས་ཁྱབ་ཀྱང། །
གློ་བུར་ལས་དབང་བཙན་པོའི་རྣོ་གྲི་ཡི་འོག་ལ། །གཞིས་བྱེས་གཉིས་སུ་གྱེས་པའི་དུས་ངན་དེ་ཤར་སོང། །
མཛེས་སྡུག་ལྟ་བས་མི་ངོམས་པོ་ཏ་ལའི་འཛིན་མར། །རྒྱ་སྟག་དམར་པོའི་བ་དན་ལྷབ་ལྷུབ་ཏུ་གཡོ་ཞིང། །
སྤུན་ཟླ་མང་པོའི་ཚེ་སྲོག་ཟུངས་ཁྲག་གི་བཞུར་རྒྱུན། །རྨ་ཀླུང་རྒྱུན་དང་རང་མདངས་ཅིག་ཅར་དུ་འདྲེས་ནས། །
གཤིན་རྗེའི་གྲོང་ལ་སྔར་མེད་འཇིགས་སྣང་ཞིག་སྤྲད་སོང།།དེ་ནས་བཟུང་སྟེ་འདས་པའི་ལོ་རྒྱུས་ཀྱི་དེབ་ཐེར། །
ཟིན་བྲིས་ནག་པོའི་རི་མོ་ལྷེམ་ལྷེམ་དུ་འཚེར་ཀྱང། །༸གོང་ས་ཆེན་པོའི་དཀའ་སྤྱད་སྡུག་རུས་ལས་སྦྲུམ་པའི།
བོད་སློབ་ཐོག་མ་མ་སུ་རི་ལ་ཡང་བཙུགས་ཡོད། །སྐྱིད་པའི་ཕ་ས་དྲོན་མོར་གཡབ་མོ་རེ་བྱས་ནས། །
རྒྱང་རིང་མི་ཡུལ་སླེབས་པའི་གངས་ཕྲུག་གི་ངོ་གདོང། །སེར་ཁས་གཡོགས་པའི་ངང་ཚུལ་གསོན་པོ་འདི་གཟིགས་དུས། །
གང་ཉིད་ཞལ་རས་གོར་མོ་སྤྱན་ཆབ་ཀྱིས་བརླན་སོང། །འཚོ་བའི་དཀའ་སྡུག་མང་བའི་མི་ཡུལ་གྱི་ལུང་པར། །
བཙན་བྱོལ་བོད་གཞུང་ཕྱག་བཏབ་ཐོག་མ་དེ་མཛད་ཅིང།  །བོད་མི་ཀུན་ལ་སྙོམས་པའི་མང་གཙོ་ཡི་གསོལ་རས། །
གནང་བར་བྱས་པས་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སོང། །ཕ་མེད་དྭ་ཕྲུག་ལུས་པའི་གདོང་དམར་གྱི་གངས་ཕྲུག །
འཁྱག་གྲང་ཅན་པའི་འབྲས་རྡ་འཚོ་བ་ལ་རོལ་དུས། །གཡོ་བ་མེད་པའི་གང་ཉིད་སྤྱན་ཟུང་གིས་གཟིགས་ནས། །
ཟས་གོས་གནས་མལ་གང་ལེགས་ཕངས་མེད་དུ་བསྩལ་སོང། །ཤེས་བྱའི་འདབ་མ་གཉོམ་པའི་བོད་ཕྲུག་གི་སླད་དུ། །
སློབ་གྲྭ་གང་མང་གསར་འཛུགས་ཕྱོགས་ཀུན་ལ་མཛད་ནས། །རྨོངས་པའི་མུན་ནག་འཐིབས་པའི་བོད་ཕྲུག་གི་ཚོགས་ལ། །
ཤེས་བྱའི་འོད་སྣང་གསལ་པོ་གང་ཉིད་ཀྱིས་བསྩལ་སོང། །གང་ཉིད་སངས་རྒྱས་རྣམ་སྤྲུལ་ངོ་མ་དེ་ཡིན་ཡང། །
སོར་བཅུའི་སྙིམ་པ་སྦྱར་ཏེ་ཕྱི་རྒྱལ་གྱི་མི་ལ། །བོད་ཕྲུག་སླད་དུ་རྒྱབ་སྐྱོར་རེ་སྐུལ་ཡང་ཞུས་སོང། །
དེ་ལྟར་མི་ཉམས་གང་ཉིད་སྙན་གྲགས་ཀྱི་བ་དན། །རྒྱལ་སྤྱིའི་ལྷ་ལམ་དབྱིངས་ན་ལྷབ་ལྷུབ་ཏུ་གཡོོ་ཞིང། །
མ་ནོར་ལམ་བཟང་སྟོན་མཁས་བླང་དོར་གྱི་བསླབ་བྱས། །སྐྱེ་བོའི་སེམས་ནང་དད་པའི་སྤུ་ལོང་ཞིག་རྒྱས་སོང། །

༣ འཛམ་གླིང་ཁྱོན་ཡོངས་ལ་བསྐྱངས་པའི་མཛད་འཕྲིན་དང་བཀའ་དྲིན་དྲོན་མོ།

སྐྱབས་མགོན་ཆེན་མོའི་སྙན་པའི་འོད་ཟེར་གྱི་སྣང་བ། །སྐད་ཅིག་ཉིད་ལ་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་དུས། །
རྒྱལ་སྤྱིའི་གར་སྟེགས་ཁྲོད་ན་གང་ཉིད་ཀྱི་གསུང་གིས། །སྐྱེ་རྒུའི་སེམས་ཀྱི་གདུང་བ་རྨེག་མེད་དུ་བཅོམ་སོང། །
ལེགས་ཉེས་རྣམ་པར་འབྱེད་པའི་གདམས་ངག་གི་རོ་བཅུད། །སྐྱེ་བོའི་ཡུན་རིང་བརྣག་པའི་མ་བཅོས་ཀྱི་རྨ་ཁ། །
གསོ་བར་བྱེད་པའི་བཀའ་དྲིན་དབང་མེད་དུ་དྲན་སོང། །ཞི་བདེར་སྨོན་པའི་གསུང་ངག་དྲོན་མོ་ཡི་དྲིལ་ཆུང། །

འཇིག་རྟེན་བར་སྣང་དབྱིངས་སུ་སིལ་སིལ་དུ་དཀྲོལ་བས། །སྔར་མེད་གདུག་རྩུབ་དྲག་པོའི་ལམ་ལུགས་ཀྱི་སྲོལ་ངན། །
ཁྱེད་ཀྱིས་ཞི་བདེ་སྲོལ་གྱིས་ལྷག་མེད་དུ་བཅོམ་སོང། །ལུས་ཕུང་དཀའ་སྡུག་དྲག་པོས་ཡང་ཡང་དུ་མནར་ཀྱང། །
ཡུལ་ལུང་གང་སར་མཛད་འཕྲིན་བར་མེད་དུ་བསྐྱངས་ཏེ། །རྒན་པར་གུས་པ་ཆུང་བར་བྱམས་བརྩེ་ཡིས་སྐྱོང་བའི། །
གདམས་ངག་དྲོན་མོའི་གཟི་དཔལ་གླིང་ཀུན་ལ་ཁྱབ་ཐལ། །གོ་ལ་ཧྲིལ་པོར་སྙན་པ་ཟློས་གར་གྱི་རོལ་མོ། །
བར་མེད་དཀྲོལ་ཅིང་ཁྱེད་ཀྱི་བཀའ་དྲིན་ཙམ་འཇལ་ཆེད། །རྒྱལ་སྤྱིའི་སྤུན་ཟླ་ཡོངས་ཀྱི་ལེགས་སྐྱེས་རེ་མཚོན་ཆེད། །
ནོ་སྦེལ་གཟེངས་རྟགས་ཆེན་མོ་མགོན་ཁྱོད་ལ་ཕུལ་སོང། །ནམ་ཡང་མི་ངལ་ཉིན་མཚན་ལྟོས་མེད་ཀྱི་བར་དུ། །
མེས་པོ་གོང་མའི་ཟུངས་ཁྲག་ཐིགས་ཕྲེང་ལས་གྲུབ་པའི། །དྭངས་གཙང་ཆོས་རིག་སྐད་གསུམ་སྲུང་སྐྱོབ་ཀྱི་སླད་དུ། །
དངོས་སུ་བཏབ་པའི་གྲངས་མེད་དགེ་འདུན་གྱི་སྡེ་ཡིས། །ནམ་མཁའི་རྒྱུ་སྐར་ཚོགས་ལ་ཅོ་འདྲི་ཡང་བྱས་སོང། །
བོད་འབངས་ཡོངས་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ། །རྒྱལ་སྤྱིའི་ཁྲིམས་རར་འདྲི་བརྩད་ཡང་ཡང་དུ་གནང་ནས། །
བོད་ཅེས་ཐ་སྙད་འདི་ཡང་གླིང་ཀུན་ལ་ཁྱབ་སོང། །དེ་ནས་བཟུང་སྟེ་ལོ་ཟླའི་འཁོར་རྒྱུན་གྱི་ཕྲེང་བ། །
བར་མེད་འཁོར་བས་གང་ཉིད་དགུང་ལོ་ཡི་ཚད་ཀྱང། །ངལ་གསོ་བྱས་པའི་དུས་སྐབས་སྐད་ཅིག་ཏུ་ཤར་ཀྱང། །
བོད་དོན་དང་ཡང་འཛམ་གླིང་ཞི་བདེ་ཡི་སླད་དུ། ། ཉིན་མཚན་ཀུན་ཏུ་རླབས་ཆེན་བྱ་བཞག་ཀུན་བསྒྲུབས་པས། །
འཛམ་གླིང་མི་མང་དགའ་བའི་དགའ་སྟོན་གྱི་རྟེན་ལ། །ཨ་རིའི་གསེར་གྱི་རྟགས་མ་ཁྱེད་ཕྱག་ཏུ་བསྟབས་སོང། །
 

༤ གཞལ་ཐབས་བྲལ་བའི་བཀའ་དྲིན་དྲན་དགོས་པ།

བོད་ཀྱི་ཡལ་བ་མེད་པའི་བདེན་དོན་གྱི་སླད་དུ། །བོད་རྒྱ་ཞི་མོལ་སྒོ་མོ་ཐོག་མ་དེ་ཕྱེས་ཤིང། །
རྒྱ་བོད་གཉིས་ཀར་སྨན་པའི་ཡང་དག་གི་ལྟ་གྲུབ། །དབུ་མའི་ལམ་ཞེས་རྒྱ་ཆེའི་མང་ཚོགས་ལ་བསྩལ་སོང། །
གང་ཉིད་ཞལ་རས་ངོས་ལ་ལོ་ཟླ་ཡི་རྒས་གཉེར། །མང་དུ་འཁོར་ཡང་ངལ་མེད་བོད་དོན་གྱི་སླད་དུ། །
མཛད་པ་འཕྲིན་ལས་སྐྱོང་བའི་བཀའ་དྲིན་དེ་དྲན་སོང། །ནམ་ཡང་དབུ་ཁྲིད་བཟང་པོའི་ལམ་སྟོན་གྱི་འོག་ལ། །
གསེར་ལས་དཀོན་པའི་དུས་ཚོད་དམ་འཛིན་ཞིག་བྱས་ནས། །དཔལ་འབྱོར་འགྲན་སེམས་ཁོ་ནར་མགོ་བོ་རང་མ་འཁོར། །
རྟག་ཏུ་བོད་དོན་སླད་དུ་ཕན་སེམས་ཤིག་སྒྲུབ་དགོས། །སྐུ་ཡི་གཟི་འོད་ཉམས་མེད་ཟུངས་ཁྲག་ལ་གྲུབ་པའི། །
མཐུན་རྐྱེན་བཟང་པོ་བོད་ཕྲུག་ང་ཚོ་ལ་ཡོད་དུས། །གང་གི་བཀའ་དྲིན་ནམ་ཡང་སེམས་ཁོང་གི་རྡོ་ལ། །
རི་མོར་བཀོད་ལྟར་འབད་བརྩོན་དུས་རྟག་ཏུ་བྱས་ནས། །དེང་རབས་སྤྱི་ཚོགས་ཡར་ཐོན་འཚོ་བ་ཡི་ལམ་བུར། །
ཞུགས་ནས་༸སྐྱབས་མགོན་ཆེན་མོའི་བཀའ་དགོངས་ཀྱི་ཟབ་དོན། །སྒྲུབ་པར་བྱེད་པའི་འདུན་པ་སེམས་ཁོང་དུ་བཅངས་ཡོད། །
དེ་ལྟར་དུས་ཀྱི་རྟ་ཕོའི་བང་རྩལ་མགྱོགས་མྱུར་ངང་ཆས་དུས། ། ༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་དྲན་པ་ཡི་གླུ་དབྱངས། །
གཏིང་མཐའ་མི་མངོན་ནམ་མཁའི་རྒྱ་ཁྱོན་ལས་ཟབ་ཅིང། །གང་ཉིད་ཐུགས་ཀྱི་མཛད་འཕྲིན་རླབས་ཆེན་གྱི་འཚོ་བ། །
མཚོ་མོའི་གཏིང་ལྟར་ཟབ་ཡངས་ཡོན་ཏན་གྱི་གོང་བུ། ། དེ་རིང་བསྐལ་བཟང་ཉིན་མོའི་རྩོམ་འགྲན་གྱི་དོ་རར། །
 ༸སྐྱབས་མགོན་ཆེན་མོའི་བཀའ་དྲིན་གླུ་དབྱངས་དེ་ལེན་དུས། ། ལེགས་ཉེས་རྣམ་པར་འབྱེད་པའི་དཔྱོད་ལྡན་གྱི་སྤྱན་ཟུང། །
གང་ལའང་མ་གཡོ་ལན་གཅིག་འདི་ཉིད་ལ་གཟིགས་རོགས། །

རྩོམ་ཡིག་དཔྱད་མཆན།
    སྙན་རྩོམ་འདིས་འཇིག་རྟེན་ཞི་བདེའི་དེད་དཔོན༸སྤྱི་ནོར་༸གོང་ས་སྐྱབས་མགོན་བཞི་བཅུ་པ་ཆེན་པོ་མཆོག་གིས་མཁའ་མཉམ་སྐྱེ་འགྲོ་སྤྱི་དང། ཁྱད་པར་བོད་མི་རིགས་ཀྱི་འཕྲལ་ཕུགས་བདེ་དོན་ཆེད་སྐུ་ཚེ་ཧྲིལ་པོར་སྐུ་ངལ་ལྷུར་བཞེས་གནང་བའི་མཛད་འཕྲིན་ངོ་མཚར་རྨད་དུ་བྱུང་བ་ལས་གནད་བསྡུས་ཤིག་བགྲངས་ཏེ། མགོན་པོ་གང་ཉིད་བཙན་བྱོལ་དུ་མ་ཕེབས་གོང་དང་བཙན་བྱོལ་དུ་ཕེབས་རྗེས་ཀྱི་གནས་ཚུལ་རྣམས་རང་ཉིད་ཀྱི་གང་ཤེས་པ་དེ་དཔེ་གཟུགས་སོགས་ཀྱི་རྒྱན་ལ་སྦྱར་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་དྲངས་ཡོད།
རྩོམ་པ་པོས་༸གོང་ས་མཆོག་གི་མཛད་འཕྲིན་ལ་རྒྱུས་ལོན་ཟབ་ཅིང་། གདེང་འཇོག་ཞུ་སྟངས་ཀྱང་གང་ལེགས་བྱུང་འདུག་པ་འདིས། དོ་བདག་རྩོམ་པ་པོའི་བསམ་བློའི་གོ་རྟོགས་མཚོན་ཞིང། རྩོམ་ཐབས་ཐད་ཚིག་སྦྱོར་གྱི་སྡེབ་སྟངས་ལེགས་ཤིང་གོ་བདེ་བ། ཤོ་ལོ་ཀ་སོ་སོར་ཚིག་རྐང་མང་ཉུང་ལ་མ་ལྟོས་པར་ནང་དོན་གཙོ་བོར་བཟུང་ཡོད་པ། དཔེ་རྒྱན་དང་གཟུགས་རྒྱན། རབ་རྟོག་སོགས་ཀྱི་རྒྱན་སྦྱར་ཏེ་ཚིག་གི་ཉམས་འགྱུར་གང་ལེགས་ཐོན་འདུག་པ་རྩོམ་ཡིག་འདིའི་ལེགས་ཆ་ཡིན།
རྩོམ་ཡིག་ནང་དཔེ་དོན་མི་འབྱོར་བ་དང་ཚིག་དོན་གནད་ལ་མ་ཁེལ་བའང༌རེ་འགའ་མཐོང་ཞིང། མཇུག་སྡུད་སྟངས་ཀྱིས་གཙོས་པའི་སྒྲིག་གཞིའི་ཐད་ཞན་ཆ་ཏོག་ཙམ་མེད་དམ་སྙམ་པས། སླད་རྩོམ་འབྲིའི་བྱ་བར་སྤྲོ་བས་ཞུགས་ཏེ་རྒྱུན་སྐྱོང་བྱས་ན་གྲུབ་འབྲས་འབྱུང་བར་གདོན་མི་ཟའོ། །

མདུན་ཤོག

Menu