[toc]

བོད་ཀྱི་བདེན་པའི་འཐབ་རྩོད།(ཨང་དང་པོ)

སུ་ཇ་བོད་ཁྱིམ་སློབ་གྲྭ    ཡུམ་སྐྱབས།

གང་སྐུའི་མཛད་བཟང་ཉི་འོད་ཟེར་བརྒྱ་གླིང་བཞིའི་ཁམས་སུ་ཁྱབ་པས་ན། །རྨོངས་པའི་མུན་པ་ཐལ་བར་བརླག་སྟེ་བདེ་སྐྱིད་འཚོ་བའི་དབུ་ཁྱུད་བྲིས། ཞི་བདེའི་སྲོལ་འབྱེད་མཁས་པའི་ཁྱུ་མཆོག་བདག་གི་སྐྱབས་གཅིག་གངས་རིའི་ལྷ། །ཚེ་ཡི་འདུ་བྱེད་མ་སྟོངས་བར་དུ་ཐུགས་རྗེའི་ལྕགས་ཀྱུས་མ་ལྷོད་ཀྱེ། །

བོད་ཀྱི་འཐབ་རྩོད་ནི་བདེན་པ་ཡིན་པའི་ཁུངས་དང་དེའི་རྒྱབ་ལྗོངས།

དེ་ཡང་བོད་མི་རིགས་ཀྱི་ལོ་རྒྱུས་ཁྲོད་སྔར་བྱུང་མ་མྱོང་བའི་གོད་ཆག་དང་བརྙས་བཅོས། ཤི་རྨས་དང་གྱོང་གུད་སོགས་རབས་དང་རིམ་པ་བྱུང་བ་ལ་བརྟེན་ད་གཟོད་ང་ཚོས་མི་འདོད་བཞིན་”འཐབ་རྩོད་”ཅེས་པའི་ཐ་སྙད་འདིའི་བྱེད་ལས་དང་འདིའི་རྩོལ་བ་དང་དུ་ལེན་དགོས་བྱུང་བ་རེད། སྤྱིར་འཐབ་རྩོད་ལ་དབྱེ་ན་རིགས་ཧ་ཅང་མང་སྟེ། ཆོས་ལུགས་ཀྱི་འཐབ་རྩོད་དང། རིགས་རུས་ཀྱི་འཐབ་རྩོད། ལུང་ཁག་ཕན་ཚུན་དབར་གྱི་འཐབ་རྩོད་སོགས་གྲངས་ལས་འདས་མོད། བོད་མི་རིགས་ཀྱི་འཐབ་རྩོད་ནི་མི་རིགས་ཀྱི་འཐབ་རྩོད་ཅིག་ཡིན་པ་ལས་གང་ཟག་སྒེར་ཏེ། ༸གོང་ས་མཆོག་གི་འཐབ་རྩོད་ཅིག་གཏན་ནས་མ་ཡིན། འདིར་ང་ཚོས་བདེན་པའི་འཐབ་རྩོད་ཅེས་བརྗོད་མ་ཐག་དང་པོ་ང་ཚོས། ང་ཚོའི་འཐབ་རྩོད་བདེན་པ་ཡིན་པ་ཁུངས་སྐྱེལ་དང་ར་སྤྲོད་བྱེད་དགོས་པ་ཧ་ཅང་གནད་འགག་རེད་བསམ།
ང་ཚོའི་འཐབ་རྩོད་ནི་བདེན་པ་ཅི་ལྟར་རེད་ཅེ་ན། ང་ཚོས་ལོ་རྒྱུས་དང་རང་བྱུང་གི་ཆགས་ཚུལ། སྐད་ཡིག་གོམས་གཤིས་ཀྱི་ཁྱད་པར་སོགས་ཀྱིས་ང་ཚོའི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་པར་ར་སྤྲོད་བྱེད་ཐུབ། དང་པོ་ལོ་རྒྱུས་ཀྱི་ངོས་ནས་བཤད་པ་ཡིན་ན། བོད་ཀྱི་ཆོས་རྒྱལ་ཚོའི་སྐབས་བོད་རྒྱལ་ཁབ་ཀྱི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ཤུགས་གླིང་ཨེ་ཤེ་ཡ་ལས་བརྒལ་ཏེ་ནུབ་ཕྱོགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ང་ཚོས་ལོ་རྒྱུས་ཡིག་རྙིང་དག་ལས་གསལ་པོར་ཤེས་པ་དང། དེ་ལས་དཔེ་མཚོན་ཡག་ཤོས་ཤིག་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་ཞིབ་འཇུག་ཁྲོད་ཡོ་རོབ་ཀྱི་གླིང་ཕྲན་ཞིག་ཏུ་ང་ཚོ་བོད་ཀྱི་ཆ་ལུགས་དང་ཧ་ཅང་མཐུན་ཕྱོགས་མང་བའི་མི་རིགས་ཤིག་གསར་མཇལ་བྱུང་བ་དེ་ནི་བོད་ཀྱི་བཙན་པོའི་རྒྱལ་རབས་སྐབས་ཀྱི་མངའ་ཐང་རྒྱ་བསྐྱེད་ཅི་འདྲ་ཞིག་བཏང་ཡོད་པ་ཤེས་ཐུབ་པ་འདིས་ང་ཚོའི་འཐབ་རྩོད་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་པ་ར་སྤྲོད་བྱེད་ཐུབ།
ང་ཚོས་ཉེ་རབས་ལོ་རྒྱུས་ཀྱི་ངོས་ནས་བལྟས་པ་ཡིན་ན། བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་རྫུན་བཟོ་བྱེད་ཅི་ཐུབ་བྱས་ཀྱང་བློ་གཟུ་བོར་གནས་པའི་མཁས་པ་ཞིག་ཡིན་ན་བདེན་པ་ལ་གཏན་ནས་གཡོལ་ཐབས་མེད། ད་སྐབས་རྒྱ་ནག་གིས་ལོ་རྒྱུས་ལ་འཁྱོག་བརྗོད་ཀྱིས་ཡོན་རྒྱལ་རབས་དང་གོང་མ་ཁཱང་ཤི་སོགས་ཀྱི་དུས་སྐབས་ནས་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཚུལ་འཆད་ཀྱིན་པ་འདི་ནི་བདེན་པའི་རྒྱབ་སྐྱོར་ཅིང་ལོ་རྒྱུས་ལ་བྱང་ཆུབ་པ་ཞིག་ཡིན་ན་དགོད་ཁ་ཤོར་བྱེད་ཀྱི་རྒྱུ་ལས་མ་འདས།
དེའི་ཚུན་ནས་སྤྱི་ལོ་༡༩༡༢ལོར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོས་རྒྱ་མི་ཡོད་ཚད་བོད་ནས་མཐར་བསྐྲད་ཅིང་། སྤྱི་ལོ་༡༩༡༣ ལོར་བོད་རང་བཙན་ཡིན་པའི་གསལ་བསྒྲགས་གནང་བ་སོགས་ཀྱི་དངོས་བྱུང་ལོ་རྒྱུས་འདི་དག་ལ་བལྟས་པ་ཡིན་ན། བོད་ཀྱི་འཐབ་རྩོད་ནི་ང་ཚོས་བདེན་པ་ཞིག་ལས་གཞན་ཅི་ཞིག་ཏུའང་བརྩི་ཐབས་མེད། ང་ཚོ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་རྐྱེན་སོགས་ཡོངས་སུ་ཚང་ཡོད་པ་ནི་རྒྱལ་དར་དང་རྒྱལ་གླུ། རྒྱལ་དངུལ། ཐམ་ཀ གཞུང་རང་གི་དམག་མི་དང་ཁྲིམས་སྒྲིག་སྲོལ་བཅས་ཀྱིས་བོད་རྒྱལ་ཁབ་འདི་དུས་ནམ་ཡང་ལོ་རྒྱུས་ཀྱི་ངོས་ནས་རྒྱ་ནག་གི་ཆ་ཤས་ཤིག་ཏུ་སྦྱོར་ཐབས་མེད། རྒྱུ་མཚན་འདི་དག་ལ་བརྟེན་ནས་ང་ཚོའི་བདེན་པ་ནི་ཡང་དག་པའི་བདེན་པ་ཞིག་དང་ང་ཚོའི་འཐབ་རྩོད་ནི་རྩོད་འོས་ལ་རྩོད་རུང་བའི་འཐབ་རྩོད་ཅིག་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད།

འཐབ་རྩོད་ལ་འཇུག་པ་དངོས་དང་དེའི་གྲུབ་འབྲས།

 སྤྱི་ལོ་ ༡༩༥༩ ལོ་ནི་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་བོད་མི་རིགས་ཀྱི་ལོ་ནག་གི་དུས་སྐབས་ཤིག་ཡིན་ལ། དུས་དེ་ནས་བཟུང་ང་ཚོའི་སྲིད་འབྱོར་རིག་གསུམ་ལ་མངོན་ལྐོག་གང་རུང་ནས་གོད་ཆག་བྱུང་བ་དང་སྤུན་ཟླ་འབུམ་ཚོ་བཅུ་གཉིས་ཀྱི་གཅེས་པའི་ཚེ་སྲོག་དམར་པོ་དགྲ་ལག་ཏུ་ཤོར་བའི་ཡ་ང་བའི་སྐྱོ་གར་གྱི་འགོ་བརྩམས་པ་རེད། དོན་རྐྱེན་འདི་དག་མ་བྱུང་བའི་སྔོན་ལ་༸གོང་ས་མཆོག་གིས་རྒྱ་ནག་དང་གྲོས་མོལ་གྱིས་དཀའ་རྙོག་འདི་སེལ་བར་འབད་བརྩོན་རབས་དང་རིམ་པ་བྱས་ཀྱང་དོན་འབྲས་ཅི་ཡང་མ་སོན་པ་འདི་ལས་ང་ཚོས་རྒྱ་ནག་གིས་ཧམ་སེམས་དང་གཡོ་ཇུས་སྔ་ས་ནས་བཏིངས་ཡོད་པ་ཚོད་དཔག་བྱེད་ཐུབ།
ལོ་དེའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་འུ་ཅག་གི་སྐྱབས་གནས་དམ་པ་མཆོག་མི་འདོད་བཞིན་རང་ཡུལ་རྒྱབ་ཏུ་བསྐྱུར་ནས་གཞན་ཡུལ་དུ་ཕེབས་ཤིང། དུས་དེ་ནས་བཟུང་ང་ཚོས་མི་རིགས་ཀྱི་འཐབ་རྩོད་འདི་རྣམ་པ་གསར་པ་ཞིག་གི་ལམ་ནས་འཐབ་རྩོད་བྱེད་པའི་འགོ་བརྩམས་པ་རེད། བཙན་བྱོལ་དུ་འབྱོར་བ་ནས་བཟུང། ང་ཚོ་ལ་བདེན་པ་ཡོད་པའི་དོན་དངོས་ཀྱི་ལོ་རྒྱུས་གཞི་ལ་བཞག་ནས་མི་རིགས་ཀྱི་བདེན་པ་རྩོད་པ་ལ་དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པའི་ཤེས་ཡོན་ནི་ཆེས་རླབས་ཆེ་བའི་འཐབ་རྩོད་ཀྱི་ལག་ཆ་ཞིག་ཡིན་པའི་དགོངས་པ་དང་སློབ་སྟོན་འོག ད་གཟོད་ང་ཚོས་གཞན་ཡུལ་ནས་གནས་ཟིན་ཅིང་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་འཕོ་འགྱུར་རླབས་ཆེན་ཞིག་བྱུང་བ་རེད། དུས་དེ་རིང་ང་ཚོས་ང་ཚོའི་བདེན་པ་རྒྱལ་སྤྱིའི་སྟེང་བརྗོད་ཐུབ་ཀྱི་ཡོད་ལ་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཞིག་ཏུ་འགྱུར་བཞིན་ཡོད། ང་ཚོའི་མི་ཡུལ་གྱི་བདེན་པའི་འཐབ་རྩོད་འདི་༸གོང་ས་མཆོག་གཙོ་བྱས་པའི་བློ་དཀར་ཞིང་སེམས་དཔའ་བའི་རྒན་རབས་པ་རྣམས་བཙན་བྱོལ་དུ་འབྱོར་བའི་ཉིན་དང་པོ་ནས་བཟུང་ཉིན་མཚན་མེད་པར་དཀའ་བ་བརྒྱ་ཕྲག་དང་དུ་བླངས་ནས་བོད་རིགས་མི་མང་གི་བདེ་སྐྱིད་དང་བདེན་པའི་སླད་མདོར་ན་རང་གི་གཅེས་སྲོག་ཀྱང་དོར་བས་ད་གཟོད་ང་ཚོ་ལ་ཐད་སྐྱོད་བྱེད་ཆོག་པའི་དེ་རིང་གི་ལམ་བཟང་འདི་བསྐྲུན་ཅིང། རྒྱལ་སྤྱིའི་བཙན་བྱོལ་བའི་ནང་ན་ངོམ་དུ་རུང་བའི་བློ་སྟོབས་འདི་རྙེད་པ་རེད། ང་ཚོ་ལ་བདེན་པ་ཡོད་པས་རྒྱལ་སྤྱིའི་སྟེང་ང་ཚོ་ལ་རྒྱབ་སྐྱོར་དང་རོགས་རམ་དང་ཐུགས་ཁུར་སོགས་བགྲང་ལས་འདས།
རྒྱ་མི་རིགས་རང་ལ་མཚོན་ན་ཡང་ཤེས་ཡོན་ཅན་དང་བསམ་བློ་ཅན། བདེན་པ་ལ་དགའ་མཁན་སོགས་ཀྱི་རྒྱབ་སྐྱོར་ང་ཚོ་ལ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།
འཛམ་གླིང་དམག་ཆེན་གཉིས་ཀྱི་ཁྲོད་འགྲོ་བ་མིའི་སེམས་ནང་དུ་འཇིགས་དངངས་དང་སྡུག་བསྔལ། བརྙས་བཅོས། བཙན་འཛུལ་སོགས་ཀྱི་གཟུགས་བརྙན་གསལ་པོར་བརྐོས་ཡོད་པས་མི་རྣམས་ཞི་བདེ་ལ་དགའ་ཞིང་མཉམ་གནས་ལ་སྤྲོ་བ། མཐུན་སྒྲིལ་དང་མཛའ་བརྩེ་ཡི་མངོན་འདོད་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། ང་ཚོའི་བདེན་པ་འདི་ཡང་ནམ་ཞིག་གི་དུས་ན་འཛམ་གླིང་མི་མང་དང་ཡང་སྒོས་བོད་མི་རིགས་ཀྱི་ལོངས་སྤྱོད་ཅིག་ཏུ་འགྱུར་བ་ཆོས་ཉིད་ཅིག་ཏུ་འཁུམས།

མཇུག་བསྡུ་བ།

“རེ་བ་ཡག་ས་ནས་རྒྱག་དགོས་པ་དང།    གྲ་སྒྲིག་སྡུག་ས་ནས་བྱེད་དགོས་”གསུངས་པ་ལྟར་ང་ཚོའི་འཐབ་རྩོད་འདི་བདེན་པ་ཡིན་ཡང་ང་ཚོས་དུས་ནམ་ཡང་རང་ཉིད་འཐུས་ཤོར་དུ་གཏོང་མི་ཉན་ལ། དེ་ལས་ཀྱང་གལ་ཆེ་བ་ནི་བདེན་པའི་འཐབ་རྩོད་འདི་འཚེ་བའི་ངོ་བོ་རུ་བསྒྱུར་མི་རུང། ང་ཚོས་བདེན་པའི་འཐབ་རྩོད་འདི་འཚེ་བ་མེད་པའི་ངོ་བོའི་ཐོག་ནས་འཐབ་རྩོད་བྱས་ན། ང་ཚོ་ལ་ཉམས་མྱོང་ལེན་ས་དང་དཔེ་ལྟ་ས་སོགས་མང་པོ་ཡོད།
རྒྱ་གར་ལ་མཚོན་ན་ལོ་ངོ་ཉིས་བརྒྱ་ལྷག་ལ་དབྱིན་ཇིའི་བཙན་འཛུལ་འོག་བསྡད་ཅིང། ༡༩༤༧ ལོར་རང་བཙན་ཐོབ་ཡོད་པ་དང། འཇེའུ་མི་རིགས་ལོ་ངོ་སྟོང་ཕྲག་གཉིས་ལྷག་ལ་ཁ་འཐོར་དུ་སོང་ཡང་མཐར་རང་དབང་སླར་གསོ་བྱུང་། ད་སྐབས་རྒྱལ་སྤྱིའི་གར་སྟེགས་སྟེང་དུ་མགོ་བོ་གཟེངས་སུ་ཐོན་ཡོད། བདེན་པ་ནི་ནམ་ཡང་བདེན་པ་ཡིན་པས་ང་ཚོས་དྲག་ཤུགས་དང་ལྐོག་ཇུས་ལ་རྒྱབ་རྟེན་བཅོལ་དགོས་དོན་མེད། གངས་རིའི་མགོན་པོ་འཕགས་མཆོག་སྤྱན་རས་གཟིགས། །ཁ་བ་གངས་ཅན་ལྗོངས་སུ་མྱུར་བྱོན་ཏེ། །རེ་སྒུག་གདུང་བས་མནར་བའི་བོད་འབངས་ལ། །ལྷན་འཛོམས་སྐལ་བ་བྱུང་ན་སྐྱིད་པ་ལ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་རང་ལུགས་གཙོ་བོར་བཟུང་ནས་བྲིས་པའི་དགག་སྒྲུབ་ཀྱི་རྩོམ་ཡིག་ཅིག་ཡིན། བསྒྲུབ་བྱ་གང་ཞིག་ལུང་དང་རིག་པ་གཉིས་ལས་གཙོ་བོ་རིག་པས་བསྒྲུབས་ཡོད་ལ། ཚིག་སྦྱོར་གྲིམ་ཞིང་གནད་འབྱིན་པ། ཡིག་ནོར་ཉུང་བ། སྒྲིག་གཞི་ལེགས་ཤིང་དུམ་ཚན་གོང་འོག་འབྲེལ་ཆགས་ཤིང་རམ་འདེགས་ཀྱི་ནུས་པ་ལྡན་པ། བསྒྲུབ་བྱ་སྒྲུབ་པའི་ཚུལ་ཡང་གང་ལེགས་བྱུང་འདུག།
བོད་ཀྱི་བདེན་པའི་འཐབ་རྩོད་ཅེས་པའི་བརྗོད་གཞི་འདིར་དབྱེ་ཞིབ་ཀྱི་རྣམ་པས་འཐབ་རྩོད་ཀྱི་ངོ་བོ་དང་རིགས་དབྱེ་སོགས་རང་བློས་ལྕོགས་ཚོད་ཀྱིས་ཟབ་འཇུག་གི་འབད་རྩོལ་བྱས་པ་ལེགས། ཁྱད་པར་བོད་དོན་འཐབ་རྩོད་ཀྱི་ཐབས་ལམ་དེ་འཚེ་མེད་ཞི་བ་ཁོ་ནར་བརྟེན་དགོས་པ་རིགས་པའི་རྒྱབ་ལྗོངས་བཅས་བཀོད་པ་ཤིན་ཏུ་ལེགས༌པ་བཅས། སྤྱི་ཡོངས་ནས་བལྟས་ན་སློབ་མའི་རྩོམ་ཡིག་ཕུལ་བྱུང་གི༌གྲས་སུ་བགྲང་ཆོག་པར་སྙམ།
འོན་ཀྱང་། སྒྲུབ་བྱེད་ཐད་ཡང་དག་ཡིན་མིན་ཅི་རིགས་སྣང༌། ལོ་རྒྱུས་དང་སྲིད་དོན་གྱི་གནས་ལུགས་རེ་ཟུང་ད་དུང་གནད་སར་མ་ཁེལ་བས། ཕྱིས་སུ་ཤེས་བྱའི་གནས་ལ་ཟབ་འཇུག་བྱས་ཏེ་རིམ་བཞིན་ཡར་རྒྱས་ཡོང་བའི་རེ་བ་ཡོད།

བོད་ཀྱི་བདེན་པའི་འཐབ་རྩོད།(ཨང་གཉིས་པ)

མ་སུ་རི་བོད་ཁྱིམ་སློབ་གྲྭ།    ཡེ་ཤེས་ཟླ་བ།

བཅུ་ཕྲག་ལྔ་ཡི་བདེན་པའི་འཐབ་རྩོད་དེ། །ས་ཡ་དྲུག་གི་བོད་མིའི་ལ་རྒྱ་ཡིན། །
འབྱུང་འགྱུར་བདེན་པའི་འཐབ་རྩོད་བྱེད་ཕྱོགས་དེ། །ཡང་དག་དབུ་མའི་ལམ་ལ་བརྟེན་པ་ཡིན། །

གཞན་ཡུལ་དུ་སྐྱབས་བཅོལ་དུ་གྱར་དགོས་པའི་སྐོར་གླེང་བ།

སྤྱིར་བོད་ནི་འཛམ་བུ་གླིང་འདིའི་ནང་རྒྱལ་ཁབ་གཞན་དང་འགྲན་ཟླ་བྲལ་བ་ཞིག་ཡིན། གང་ཡིན་ཞེ་ན། སྔར་གྱི་ཆེས་གཟི་བརྗིད་ལྡན་པའི་རྗེ་གཉའ་ཁྲི་ནས་མཐར་གླང་དར་བར་རྒྱལ་ཁབ་གཞན་གྱིས་བརྩི་བཀུར་དང་གདེང་འཇོག་བྱེད་སའི་གཞི་ཞིག་ཡིན། དེ་ཡང་ཁོར་ཡུག་གི་ཆ་ནས་བརྗོད་ན་འཛམ་བུ་གླིང་འདིའི་ཡང་ཐོག་ཏུ་གནས་ཡོད་ལ་ཕྱོགས་བཞི་མཚམས་བརྒྱད་ཤེལ་གྱི་མཆོད་རྟེན་བཞེངས་པ་ལྟ་བུའི་གངས་དཀར་ལྷུན་པོས་བསྐོར་ཡོད། དེ་བཞིན་ཨེ་ཤི་ཡའི་ཆུ་ཆེན་ཡོངས་ཀྱི་འབྱུང་གཞི་ཡང་བོད་ཡིན། དེ་བཞིན་ཡིད་ལ་བདེ་བ་སྦྱིན་བྱེད་སྟུག་ལ་སྡུག་པའི་ནགས་ཚལ་དང་། སེམས་སུ་ཞི་བདེ་སྟེར་བའི་གྲེ་འགྱུར་ལྡན་པའི་ཁུ་བྱུག་སྔོན་མོ།་ཡིད་དབང་འཕྲོག་པའི་རྩྭ་ཐང་དང་སྤང་ལྗོངས། དེ་བཞིན་གནམ་གཤིས་ལ་ཚ་གྲང་སྙོམས་པ་མ་ཟད། རང་བྱུང་གི་སྐྱེ་དངོས་སྣ་ཚོགས་ལ་བརྟེན་ནས་རྨ་ཁ་གསོ་བ། རིན་མེད་རང་བྱུང་གི་རོ་བཅུད་ལྡན་པའི་ཤིང་ཏོག་ཕུན་སུམ་ཚོགས་པ་དང། རང་བྱུང་གི་གཏེར་སྣ་ཚོགས་པ་ཞིག་བོད་རང་ལ་མ་གཏོགས་ཡུལ་གྲུ་གཞན་ལ་ཤིན་ཏུ་དཀོན། དེ་བཞིན་ང་རང་ཚོའི་མི་རིགས་ལྟ་བུར་ཆ་མཚོན་ནའང། རང་བཞིན་གྱིས་གཤིས་རྒྱུད་དྲང་བ་མ་ཟད། སྐྱབས་འགྲོ་ཁས་ལེན་བྱེད་མཁན་ཤ་སྟག་ཡིན་སྟབས་དུས་རྒྱུན་དུ་རང་ལས་གཞན་གཅེས་ཞེས་པའི་ཚིག་འབྲུ་བཞི་པོ་དེ་སེམས་དབུས་སུ་བཅངས་ནས་གཞན་ལ་གནོད་པ་བྱེད་རྒྱུ་ཕར་ཞོག རྟག་ཏུ་དམ་པའི་ཆོས་ཉམས་སུ་ལེན་མཁན་དང། ཁོར་ཡུག་ཞི་བདེ་བསྐྲུན་པའི་བློ་ཞིག་འཁྱེར་ནས་འཚོ་བ་དབུལ་པོ་དེ་བསྐྱལ་གྱིན་ཡོད། འཚོ་བ་དེ་ལྟ་བུ་ཞིག་སྐྱེལ་གྱིན་སྐྱེལ་གྱིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཅིངས་འགྲོལ་ཞེས་པར་ཁ་གཡར་ནས་རིམ་གྱིས་ང་རང་ཚོའི་མཛེས་སྡུག་ལྡན་པའི་ཁོར་ཡུག་དེ་ཧམ་པ་དང་གདུག་རྩུབ་ཁོ་ནས་བཙན་བཟུང་བྱས་ཡོད།  དུས་དེ་ནས་བཟུང་ང་རང་ཚོའི་ལུང་པའི་ནང་སྔར་ནས་མེད་པའི་དམར་པོའི་སྲིད་གཞུང་དེ་འཛུལ་བ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་༸གོང་ས་མཆོག་དང་བོད་མི་ཁྲི་ཚོ་བརྒལ་བ་ཞིག་རྒྱ་གར་དུ་བཙན་བྱོལ་དུ་གྱར་དགོས་བྱུང།

བཙན་བྱོལ་ནང་ཤེས་ཡོན་ཅི་འདྲ་བཏང་བའི་སྐོར་གླེང་བ།

ང་ཚོ་བཙན་བྱོལ་དུ་གྱར་རྗེས་འཕྲལ་དུ་༸གོང་ས་མཆོག་གཙོས་ཤེས་ལྡན་དུ་མ་ཞིག་གིས་འབྱུང་འགྱུར་བདེན་པའི་འཐབ་རྩོད་དེ་གང་འདྲ་གནང་དགོས་མིན་སྐོར་གྲོས་བསྡུར་གནང་ཡོད། དེ་ཡང། ཕོ་རབ་གཅིག་གི་བློ་རྩེ་ལས། ཕོ་འབྲིང་གསུམ་གྱི་གྲོས་བསྡུར་དགའ་ཞེས་པའི་དཔེ་ལྟར་མཐར་ཐག་གཅོད་བྱས་པ་ནང་བཞིན་ཐོག་མ་ཉིད་ནས་སོན་རྩ་རྣམས་ལ་ཤེས་ཡོན་བསྐྲུན་ཆེད་སློབ་གྲྭ་ཁག་དང་གདན་ས་ཁག་སོགས་འཛུགས་སྐྲུན་མང་དག་ཅིག་གནང་ཡོད། དེ་ཡང་སློབ་གྲྭ་དེ་དག་ཟུར་དུ་འཛུགས་སྐྲུན་བྱེད་དགོས་པའི་རྒྱུ་མཚན་ནི། ང་རང་ཚོའི་མི་རིགས་ཀྱི་སྐད་ཡིག་འདི་གཞིར་བཞག་ནས་བོད་པའི་སློབ་ཕྲུག་རྣམས་ཆེད་དུ་བོད་པའི་སློབ་གྲྭའི་ནང་སློབ་ཁྲིད་གནང་མགོ་བརྩམས། ད་བར་ལོ་ངོ་ལྔ་བཅུའི་ནང་བོད་ནི་རང་བཙན་མེད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་རྒྱ་ནག་གིས་བཙན་བཟུང་བྱས་པ་ཞིག་ཡིན་པ་འཛམ་བུ་གླིང་ནང་འཚོ་གནས་བྱེད་པའི་མི་མང་ཆེ་བས་མཁྱེན་གྱི་ཡོད། དེ་ནི་ང་རང་ཚོས་ལོ་ངོ་ལྔ་བཅུའི་རིང་ཤེས་ཡོན་ཐོག་སྙུག་བསྲིངས་སྙེམས་བློ་བཅངས་པའི་འབྲས་བུ་རེད་བསམ་གྱི་འདུག ཕྱོགས་གཞན་ཞིག་ནས་བརྗོད་པ་ཡིན་ན། ༸གོང་ས་མཆོག་ཉག་གཅིག་ལ་རག་ལས་ཡོད་པ་མ་ཟད། ཁོང་གི་མཛད་པ་མཐའ་མེད་པའི་སྐུ་དྲིན་ལ་བརྟེན་ནས་བོད་ཀྱི་རང་བཙན་ཇི་ལྟར་ཤོར་མིན་དང་རྒྱ་ནག་གིས་ཇི་ལྟར་ཧམ་བཟུང་བྱས་པའི་བརྒྱུད་རིམ་སོགས་འཛམ་གླིང་མི་མང་གིས་མཁྱེན་གྱི་ཡོད།

འཐབ་རྩོད་བྱེད་ཕྱོགས་སྐོར་གླེང་བ།

དེ་ཡང་བོད་ཀྱི་མཁས་པ་མང་དག་ཅིག་གིས་གསུངས་དོན། ང་ཚོའི་རྒྱལ་ཁབ་དེ་རྒྱ་ནག་གི་སྲིད་ཇུས་འོག་ཚུད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ཕྱིའི་ཤེས་ཡོན་དབེན་པ་དང་འཛམ་གླིང་གི་འགྲོ་ལུགས་མ་ཤེས་སྟབས་ཡིན་ཞེས་གསུངས་ཡོད། གཞི་འདི་བཟུང་ནས་ཞུས་པ་ཡིན་ན། དེ་སྔོན་རྒྱ་ནག་གིས་བཙན་བཟུང་བྱེད་སྐབས་ང་རང་ཚོ་བོད་མི་རྣམས་མཐོང་རྒྱ་ཐོས་རྒྱ་ཆུང་བ་དང། འཛམ་བུ་གླིང་དེ་དུས་རབས་གང་འདྲ་ཞིག་ལ་སླེབས་མིན་དང། འཛམ་བུ་གླིང་གི་གནས་ཚུལ་མ་ཤེས་པ་དང། རྒྱལ་ཁབ་གཞན་དང་འབྲེལ་ལམ་ཡག་པོ་མེད་པའི་རྟགས་གསལ་པོ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། རྒྱ་ནག་གི་སྟོབས་ཤུགས་ཆེ་ལ་ཕྱིའི་ཤེས་ཡོན་འཛོམས་པ། དེ་བཞིན་དཔལ་འབྱོར་གྱི་མངའ་ཐང་རྒྱས་པ་སོགས་ཀྱི་ཆ་རྐྱེན་འཛོམས་པ་ལ་བརྟེན་ནས་ང་ཚོ་མུན་པའི་ནང་གི་བོད་མི་རྣམས་བསྐྱར་དུ་མུན་ཁང་གཞན་ཞིག་ཏུ་འཁྲིད།
གོང་བཀོད་རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལྟ་བཙན་བྱོལ་ནང་ཕྱིའི་ཤེས་ཡོན་སྤྲད་དང་སྤྲོད་བཞིན་པ་ཡིན། འབྱུང་འགྱུར་ང་རང་ཚོའི་རྒྱལ་ཁབ་དེ་རྒྱལ་ཁབ་གཞན་དང་དཔུང་པ་མཉམ་གཤིབ་དང། འདྲ་མཉམ་སྒོས་ཡར་རྒྱས་ཀྱི་གོམ་ཁ་སྤོ་དང་མི་སྤོ་དེ་ད་ལྟ་ཤེས་བྱའི་བདུད་རྩིར་རོལ་བཞིན་པའི་སེང་ཕྲུག་ང་ཚོར་རག་ལས་ཡོད།
གལ་ཏེ་ང་རང་ཚོས་ངོས་ནས་ཤུགས་སྣོན་ཏོག་ཙམ་མ་བརྒྱབ་པ་ཡིན་ན། གླིང་གཞན་གྱིས་མཐོང་ཆུང་དང་ཁྱད་གསོད་བྱ་སའི་ཡུལ་ཞིག་ཏུ་འགྱུར་ངེས་ཡིན། གང་ཡིན་ཞེ་ན། ད་ལྟའི་དུས་རབས་ནི་མི་ཚང་མ་རང་གཅེས་པའི་ཐ་སྙད་དེས་ཟིན་ཡོད་སྟབས་གཞན་ལ་རོགས་བྱ་རྒྱུ་ནི་ཉིན་སྐར་ཙམ་ཡིན། དཔེར་ན། རྒྱལ་ཁབ་ཅིག་ལ་མཚོན་ན། སོ་སོའི་རྒྱལ་ཁབ་དང་སོ་སོའི་མི་རིགས་མ་གཏོགས་རྒྱལ་ཁབ་གཞན་གྱི་སྐོར་ལ་རོགས་བྱ་རྒྱུ་ནི་ཧ་ཅང་ཉུང་། ད་ལྟ་༸གོང་ས་མཆོག་ཞལ་བཞུགས་པའི་སྐབས་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་ཉུང་ཉུང་ཡིན་ན། གལ་སྲིད་༸གོང་ས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་དུས་རང་བཙན་རག་རྒྱུ་ཕར་ཞོག། རྒྱ་གར་ནས་ཕྱིར་འབུད་བྱ་རྒྱུ་ཡིན་པ་སྨོས་ཅི་དགོས། དེར་བརྟེན། ང་ཚོ་སློབ་ཕྲུག་ཚོས་མཐུན་རྐྱེན་དེ་དག་དང་གོ་སྐབས་དེ་དག་ཆུད་ཟོས་མ་བཏང་བར་ཡར་རྒྱས་ཀྱི་གོམ་ཁ་མདུན་ནས་མདུན་དུ་སྤོ་དགོས།

སྐད་དང་རིག་གཞུང་གི་འཐབ་རྩོད་བྱེད་ཕྱོགས་སྐོར་གླེང་བ།

འབྱུང་འགྱུར་ང་ཚོ་གནས་དང་མ་གནས་དེ་གཙོ་བོ་ད་ལྟ་ང་ཚོས་སྦྱོང་བཞིན་པའི་སྐད་ཡིག་དེར་རག་ལས་ཡོད། དེ་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྲིད་འཛིན་མའོ་ཡིས་གསུངས་དོན། གལ་ཏེ་རྒྱལ་ཁབ་(མི་ རིགས༌)ཅིག་རྩ་མེད་གཏོང་དགོས་ན་ཐོག་མར་རྒྱལ་ཁབ་དེའི་མི་རིགས་ཀྱི་སྐད་ཡིག་དེ་རྩ་མེད་གཏོང་དགོས་ཞེས་གསུངས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སྤྱི་ལོ་༡༩༦༦ ནས་ ༡༩༧༧ ལོའི་བར་རྒྱ་ནག་གི་ངན་ཇུས་འོག་རིག་གནས་གསར་བརྗེ་ཆེན་མོ་ཞེས་པ་དེ་བོད་ནང་ལག་བསྟར་བྱས་ཡོད། དེ་བྱེད་དགོས་པའི་རྒྱུ་མཚན་ནི་ང་རང་ཚོའི་སྐད་ཡིག་དེ་རྩ་བརླག་ཏུ་གཏོང་རྒྱུའི་ཆེད་ཡིན།  དེའི་སྐབས་པན་ཆེན་སྐུ་ཕྲེང་བཅུ་པས་ཡིག་འབྲུ་ཁྲི་བདུན་ཕྱག་བྲིས་མཛད་པ་ལ་སོགས་པའི་ཕྱག་ལས་ཚད་མེད་གནང་ཡོད།
དུས་ངན་དེའི་སྐབས་བོད་ཀྱི་རིག་གནས་སྲུང་སྐྱོབ་གནང་མཁན་གྱི་གངས་ལྗོངས་རིག་པའི་དཔའ་བོའི་ཁྱུ་མཆོག་འགའ་ཞིག་ཞུས་ན། མཁས་དབང་དམ་པ་ཚེ་ཏན་ཞབས་དྲུང་དང། དུང་དཀར་བློ་བཟང་འཕྲིན་ལས། རྡོ་རྗེ་རྒྱལ་པོ། དམུ་དགེ་བསམ་གཏན་སོགས་ཧ་ཅང་མང་པོ་ཞིག་བྱུང། ཁོང་རྣམ་པའི་མཛད་རྗེས་ནི་ཆེས་གཞལ་དཀའ་བ་ཞིག་ཡིན། དུས་ཚོད་དེ་ལྟ་བུའི་སྐབས་སུ་ང་རང་ཚོའི་མི་རིགས་ཀྱི་སྐད་ཡིག་དེ་རྒྱ་ནག་གི་ངན་ཇུས་དེ་ཡིས་འགྱུར་བ་གཏོང་ཐུབ་མེད་ལ། སྔར་བཞིན་རང་འཇགས་ལྷག་ཡོད། དེ་བཞིན་གོང་བཀོད་མཁས་དབང་དེ་དག་གིས་རང་ཉིད་ཀྱི་བདེ་སྐྱིད་ཁོ་ནར་མ་བསམ་པར་ས་ཡ་དྲུག་གི་ཆེད་དུ་ཡོད་ཚད་ཕུལ་ཡོད།
ད་ལྟ་ང་ཚོ་བཙན་བྱོལ་ནང་འཚོ་གནས་བྱེད་བཞིན་པའི་སེང་ཕྲུག་ཚོས་ངོས་ནས་མི་རིགས་ཤིག་གི་འགན་འཁྲི་དེ་ཁུར་ནས་ནམ་ཡང་རྣམ་གཡེང་མེད་པར་རང་ཉིད་ལ་དབང་བའི་མི་རིགས་ཀྱི་སྐད་ཡིག་བཟང་པོ་དེ་སྲུང་སྐྱོབ་དང་ཉམས་པ་རྣམས་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་ནི་ང་རང་ཚོའི་ལས་འགན་ཨང་དང་པོ་དེ་ཡིན་པ་ནམ་ཡང་བརྗེད་མི་རུང།

དབུ་མའི་ལམ་ནས་འཐབ་རྩོད་བྱེད་ཕྱོགས་སྐོར་གླེང་བ།

ད་བར་ང་ཚོས་ལོ་མང་རིང་གང་ནུས་ཅི་ལྕོགས་ཀྱིས་ངོ་རྒོལ་བྱེད་སར་ངོ་རྒོལ་བྱས། བདེན་གཏམ་བཤད་སར་བདེན་གཏམ་བཤད། དྲག་ཤུགས་བརྟེན་སར་དྲག་ཤུགས་བྱས་ཡོད་ཀྱང་འབྲས་བུ་མེད་པའི་ལས་ཤིག་ཡིན། དེར་བརྟེན། དེ་སྔོན་༸གོང་ས་མཆོག་གིས་མང་མོས་འོས་བསྡུའི་སྒོ་ནས་ཐག་གཅོད་གནང་བའི་དབུ་མའི་ལམ་ནི་ཕན་ཚུན་ཕྱོགས་གཉིས་ཀར་ཕན་ཐོགས་མ་གཏོགས་གྱོང་གུད་རྩ་བ་ནས་མེད།
དེ་ཡང་ང་རང་ཚོ་རྒྱ་ནག་གི་མངའ་འོག་ཡིན་པ་གང་ཞིག་ལ་སོ་སོའི་རིག་གཞུང་དང་སྐད་ཡིག་རྣམས་སོ་སོས་བདག་གཅེས་བྱ་དགོས། དེ་ཡང་ཤུགས་ཆེ་ངོ་རྒོལ་བྱེད་མཁན་ནི་གཞོན་ནུ་ལྷན་ཚོགས་ཡིན། ཁོང་ཚོའི་ལྟ་བ་ནི་ང་ཚོར་རང་བཙན་གཙང་མ་གཙང་རྐྱང་དགོས་ཟེར་གྱི་ཡོད་ཀྱང། དོན་དངོས་ཐོག་དེ་ནི་ཉིན་མོའི་སྐར་མ་ཙམ་ཡིན་དུས་ཕན་མེད་རང་ཡིན།
རྒྱུ་མཚན་དེ་དག་ལ་བརྟེན་ནས། དེ་སྔོན་༸གོང་ས་མཆོག་གིས་དབུ་མའི་ལམ་ཞེས་པ་དེ་བཙན་བྱོལ་ནང་ཡོངས་སུ་གསལ་བསྒྲགས་མཛད་ཡོད་པ་ནང་བཞིན་རྒྱབ་སྐྱོར་བྱེད་མཁན་ཡང་མང་དག་ཅིག་ཡོད། དེར་བརྟེན། ང་ཚོས་མུ་མཐུད་ལྐུགས་པ་ཨུ་ཚུགས་ལྟར་ཉིན་ལྟར་རང་བཙན་ཞེས་བོས་ཀྱང་དོན་དངོས་ཐོག་ཕན་མེད་ཡིན་པས་གཙོ་བོ་ང་རང་ཚོ་ལ་ཕན་ཐོགས་པ། དེ་བཞིན་རྒྱ་ནག་ལ་ཕན་ཐོགས་པ་ཞིག་གི་སྒོ་ནས་འགྲོ་དགོས། དེ་ལྟ་བུ་ཞིག་ལག་བསྟར་བྱེད་དགོས་ན། དབུ་མའི་ལམ་ལ་ཤར་སྐྱོད་བྱེད་དགོས་ངེས་ཡིན། རྒྱ་ནག་གི་ངོས་ནས་ཀྱང་དེ་ངེས་པར་དུ་ཁས་ལེན་བྱ་དགོས་ངེས་ཤིག་རེད་བསམ་གྱི་འདུག གང་ལགས་ཤེ་ན། དེ་ནི་ང་ཚོ་ས་ཡ་དྲུག་ལ་ཕན་ཐོགས་མ་ཟད། ཁོང་རང་ཚོར་ཡང་ཕན་པ་ཆེན་པོ་ཡོད་པ་རེད་བསམ་གྱི་འདུག

མཇུག་ཏུ་སྨྲས་པ།

དེ་རིང་བསྐྱར་དུ་ཤེས་རིག་ལས་ཁུངས་ཀྱིས་དབུ་ཁྲིད་གནང་བའི་རྩོམ་རིགས་ཀྱི་གར་སྟེགས་འདི་གནང་བར་ཕྲན་གྱིས་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་གྲངས་མེད་ཞུ་བ་དང་སྦྲགས། མཐར་བོད་མིའི་ཆོས་སྲིད་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས། འཛམ་གླིང་ཞི་བདེ་དེད་དཔོན་ཆེན་པོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང། ཐུགས་ཀྱི་བཞེན་དོན་མཐའ་དག་ལྷུན་གྱིས་འགྲུབ་པར་སྨོན།
རྩོམ་ཡིག་དཔྱད་མཆན།
སྤྱིའི་ཆ་ནས་རྩོམ་ཡིག་འདི་ནི་གསལ་བྱེད་རྩོམ་ཡིག་གི་གྲས་སུ་གཏོགས། རྩོམ་ཡིག་འདིའི་འགོར་བོད་ཀྱི་སྣོད་བཅུད་ཀྱི་བཀོད་པ་ནས་རིམ་བཞིན་བོད་མི༌སྤྱི་དང་ཁྱད་པར་བཙན་བྱོལ་བོད་མིའི་གནས་སྟངས༌དང་དམིགས་བསལ་ལས་འགན། སྐད་དང་རིག་གཞུང། དབུ་མའི་ལམ་གྱི་ལྟ་སྤྱོད་བཅས་ཀྱི་སྒོ་ནས་བོད་དོན་ཐོག་འཐབ་རྩོད་བྱེད་ཕྱོགས་བཅས་རང་ལུགས་སྒྲུབ་བྱེད་དུ་འགོད་པའི་འབད་རྩོལ་བྱས་པ་བཟང། ཚིག་སྦྱོར་ལེགས་ཤིང་ནང་དོན་གྱི་རྒྱ་ཚད་དང་ཟབ་ཚད། ཡི་གེའི་དག་ཆ་བཅས་སྤྱི་ཡོངས་ནས་བལྟས་ན་གང་ལེགས༌བྱུང་འདུག།
འོན་ཀྱང། རྩོམ་ཡིག་ནང་སྒྲུབ་བྱེད་དམ་བརྗོད་བྱ་ཁག་ཅིག་ལ་གོ་བ་ལེན་སྟངས་ཡང་དག་མ་ཡིན་པ་དང། ཐལ་ཆེ་བའི་ལྟ་བ་རེ་ཟུང་འདུག་པས། དོ་བདག་རྩོམ་པ་པོས་བརྗོད་གཞིའི་ཐོག་ད་དུང་མུ་མཐུད་བསམ་གཞིགས་གཏིང་ཟབ་གཏོང་རྒྱུ་གལ་གནད་ཆེ་བར་སྙམ། རྩོམ་ཡིག་གི་སྒྲིག་གཞིའི་ཐད་སྤྱིར་བཏང་གང་ལེགས་འདུག་ཀྱང་མཇུག་སྡུད་སྟངས་བརྗོད་གཞི་དང་འབྲེལ་བ་དེ་ཙམ་མི་འདུག་པས། གཏམ་བཤད་ཀྱི་རྣམ་པ་ཤས་ཆེ་བ་དང་བརྗོད་དོན་གཙོ་བོར་རམ་འདེགས་ཀྱི་ནུས་པ་མེད་པས་ཐུགས་སྣང་ཡོང་བར་ཞུ།

བོད་ཀྱི་བདེན་པའི་འཐབ་རྩོད།(ཨང་གསུམ་པ)

སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།    རྣམ་རྒྱལ་ལྷ་མོ།

བོད་ཅེས་པ་ནི་མི་ལོ་སྟོང་ཕྲག་མང་པོའི་གོང་ལོ་རྒྱུས་སྟེང་ཆེས་སྙན་གྲགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང། འདི་ན་སྲོང་བཙན་སྒམ་པོའི་དབང་སྒྱུར་གྱི་རྒྱལ་ཁ་ཡོད་ལ། ཁྲི་སྲོང་ལྡེའུ་བཙན་སོགས་ལོ་རྒྱུས་ཀྱི་རྡོ་རིང་ལས་བསུབ་ཐབས་བྲལ་བའི་ཆོས་པ་དུ་མའི་ཞབས་རྗེས་ཡང་ལྷགས་རླུང་གི་ངར་ཁས་མ་བསུབ་པར་གསལ་པོར་ལུས་ཡོད། དེ་ལས་གྲགས་ཆེ་བ་ནི་ཁྱིམ་མཚེས་རྒྱལ་ཁབ་དུ་མའི་རེ་བ་བཅོལ་ས། སྡུག་གཏམ་བཤད་ས། མིག་ཆུའི་རྒྱ་མཚོ་བསྐྱིལ་ས་ཐམས་ཅད་མི་རིང་བའི་སྔོན་ཞིག་ལ་བོད་ཁོ་ན་ལས་གཞན་སུ། ལྷག་པར་དུ་ཧན་དུས་རབས་ཀྱི་རྒྱ་ནག་གི་སྲིད་དབང་ནི་བོད་རྒྱལ་གྱི་ལྕགས་ཀྱུས་བཟུང་བའི་རྒྱལ་ཁབ་ཅིག་ཡིན། དེ་དག་གི་དུས་རིམ་ནང་རྒྱ་ནག་དེ་བོད་དང་ཐ་དད་ཡིན་པ་སུས་ཀྱང་བསྙོན་དུ་མེད།
འོན་ཀྱང་དེ་རིང་བོད་ཅེས་པ་ནི་མི་མང་པོ་ཞིག་གིས་ཐོས་མྱོང་མེད་ལ་ཐོས་འདོད་བྱེད་མཁན་དེ་བས་ཀྱང་དཀོན། རེ་ཟུང་གིས་ཤེས་ཀྱང་བོད་དེ་འཛམ་གླིང་གི་ས་ཁྲའི་ནང་ཆེས་གསལ་བར་མངོན་པའི་ཚོས་གཞི་དམར་ནག་ཅན་དེའི་ཁོངས་སུ་ཚུད་པའི་ལུང་ཆུང་ཞིག་ཡིན་པ་ལས་གཞན་ཅི་ཡང་བསམ་གྱིན་མེད། དེ་ལས་ལྡོག་སྟེ་འཛམ་གླིང་གི་ས་ཁྲ་གང་དུ་བལྟས་ཀྱང་དམར་པོས་བཀབ་པའི་ས་གཞི་དེའི་ཅུང་སྨད་དུ་གནས་པའི་ལྷམ་གཟུགས་ཅན་གྱི་རི་མོ་ལྗང་ཁུ་དེའང་དེའི་ཁོངས་སུ་གཏོགས་ཤིང། དུས་རབས་ཉེར་གཅིག་འདིར་ཆེས་སྙན་གྲགས་ཆེ་བའི་རྒྱལ་ཁབ་རྒྱ་ནག་ཅེས་པའི་མིང་དེ་མངོན་པར་བྱེད།
བདེན་པའི་ལྡེ་མིག་རང་གི་ལག་ཏུ་ཡོད་ན། །རྫུན་གྱི་ལྕགས་སྒོ་ཕྱེ་བར་དཀའ་བ་མ་ཡིན། །
ཇི་སྲིད་བོད་དེ་རང་རེའི་ཕ་ས་ཡིན་ན། །དགྲ་ཡི་ལག་ནས་ལེན་པ་རང་འགན་ཡིན་ནོ། །ཞེས་ངའི་སེམས་ཁོང་དུ་ཝ་ལེར་ཤར་བཞིན་པའི་བདེན་གཏམ་དེ་བྲིས་པ་ཡིན།

རྒྱུ་མཚན་ཅིའི་སླད་རྫུན་མཐོང་བ།

དེ་ཡང་རྒྱ་ནག་དང་བོད་ནི་མི་ལོ་མང་པོའི་གོང་ཆོས་དང་ཚོང་སོགས་ཀྱི་འབྲེལ་བ་བཟང་བའི་རྒྱལ་ཁབ་གཉིས་ཡིན་ཞིང། རྒྱ་ནག་ནི་བོད་ཀྱི་སློབ་མ་ཇི་བཞིན་ཡིན་པར་འཕགས་ཡུལ་ལས་དར་ཁྱབ་བྱུང་བའི་སྟོན་པ་ཤཱཀྱ་ཐུབ་པའི་ཆོས་དེ་དག་རིམ་བཞིན་བོད་ནས་རྒྱ་ནག་ཏུ་དར་མགོ་བརྩམས། སྐབས་དེ་དུས་ནས་རྒྱ་ནག་གི་དཔོན་རིགས་ཁག་ནས་བོད་བཀའ་དྲིན་ཆེ་སྐད་ཀྱིས་བརྔན་པ་མང་པོ་སྤྲད་ལ་ཐེངས་དུ་མར་བོད་ཀྱིས་སོག་པོ་དབང་དུ་བསྡུས་ཚེ་རྒྱ་ནག་གིས་བོད་དེ་དེའི་ཁོངས་མིན་ཞེས་ག་ཚོད་ཞུས་ཡོད། དེ་ལས་མངོན་བདེ་བ་ནི་ད་ལྟ་ལུས་བཞིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། སྤྱོད་ཚུལ་དེ་དག་རེད།
རྒྱ་ནག་གི་ཆོས་དང་རིག་གཞུང། གོམས་སྲོལ་དག་བོད་དང་ཆེས་མཚུངས་ཀྱང་ཞིབ་མོར་བརྟགས་ཚེ་དེ་དག་ལའང་ཁྱད་པར་བགྲང་གིས་མི་ལང་བ་ཡོད། དེར་མ་ཟད། མཁའ་དབྱིངས་སུ་སྤོབས་པ་མཐོན་པོས་གཡོ་བཞིན་པའི་ཁྲག་གི་ཁུ་བའི་ནང་བླུགས་པ་བཞིན་ཆེས་དམར་མདངས་ལྡན་པའི་དར་ཆ་དེ་ནམ་ཡང་པོ་ཏ་ལའི་རྩེ་མོར་བག་ཕེབས་ཤིང་ཉམ་ཆུང་བའི་ཚོན་མདོག་དུ་མས་བྲིས་པའི་རྒྱལ་དར་དེ་དང་གཅིག་མཚུངས་ཡིན་མི་སྲིད།
དེ་རིང་འཛམ་གླིང་དུ་གཟེངས་སུ་ཐོན་ཞིང་ཀུན་གྱིས་སྨྲ་ཤེས་པའི་རྒྱལ་སྤྱིའི་སྐད་ཡིག་གཉིས་པ་སྟེ་རྒྱ་སྐད་ནི་ནམ་ཡང་མཛུབ་མོས་གྲངས་ཀ་བརྩི་ནུས་པའི་བོད་སྐད་དང་མི་མཚུངས་ལ་ནམ་ཡང་འདི་ལྟ་བུའི་ལོ་རྒྱུས་ཤིག་ཤར་བའང་ཉིན་མོའི་སྐར་མ་བཞིན་ཡིན། ཡང་མི་ལོ་འགའ་ཤས་གོང་ཐད་བསྐོས་བྱས་པའི་རྒྱ་ནག་གཞུང་གི་དབུ་འཁྲིད་ལུས་ཅུང་ཆུང་བ་དེ་གང་གི་ཕྱོགས་ནས་བལྟས་ཀྱང་༸རྒྱལ་བ་སྐུ་འཕྲེང་བཅུ་གསུམ་པའི་ཡང་སྲིད་༸རྒྱལ་བ་བཅུ་བཞི་པ་ཆེན་པོ་སྟེ་བོད་ཀྱི་དབུ་ཁྲིད་དང་མི་སེམས་གཅིག་ལུས་གཉིས་ཅན་ཞིག་ག་ལ་ཡིན་སྲིད། ད་དུང་ཡང་བོད་ཟས་དང་རྒྱ་ཟས་ནི་ཤ་གཟན་དང་རྩྭ་གཟན་གྱི་ཁྱད་པར་ཇི་བཞིན་ཤིན་ཏུ་ཁྱད་པར་ཆེ་བས་ནམ་ཞིག་ཉི་མ་ནུབ་ནས་མ་ཤར་བར་དུ་མཚུངས་པར་འགའ་མ་མཆིས།
དེ་བཞིན་བོད་རྒྱ་གཉིས་ཀྱི་དབར་ས་གནས་ཀྱི་ཁྱད་པར་དུ་མ་གཟིགས་ཤིང་ངའི་སྤུན་ཟླའི་ངར་ཤུགས་ལྷ་ཡུལ་དུ་བརྟན་ཅིང་བདེན་པ་ལ་ལན་ཞིག་ནམ་ཡང་ཡོད་བསམ་བཞིན་ཐབས་ཤེས་འདྲ་མིན་གྱིས་བདེན་པའི་འཐབ་རྩོད་བྱས།

འཐབ་རྩོད་ཀྱི་གོམ་པ་ཐོག་མ། (རང་བཙན་གཙང་མ།)

དེ་ཡང་ཕྱི་ལོ་ ༡༩༥༩ ཡི་ལོ་མགོ་ཞིག་ནས་ངའི་ཤ་ཁྲག་གཅིག་པའི་རྩམ་གཟན་བོད་མི་རྣམས་རང་ཡུལ་དུ་དམྱལ་བའི་སྡུག་བསྔལ་གཟིགས་ནས་མི་ཡུལ་དུ་མི་གྱར་ཀ་མེད་བྱུང། མི་ཡུལ་དུ་བྱིའུ་ཚང་མེད་པའི་བྱེའུ་བཞིན་ལུས་པ་ནས་བཟུང་ད་ལྟ་བར་འཐབ་རྩོད་ཀྱི་མེ་ཁ་མ་ཤི་བར་བརྟན་པོར་གནས།
བོད་དེ་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པར་དངོས་སུ་ཤེས་པའི་ཐོག་རང་དབང་སྒེར་ལངས་ཐོག་མ་ལོ་དེའི་ཟླ་བ་༣ པའི་ཚེས་ ༡༠ ཉིན་ལ་བྱས། དེ་ནི་ང་ལྟ་བུར་མཚོན་ན་བདེན་པའི་འཐབ་རྩོད་ཀྱི་གོམ་པ་དང་པོར་མཐོང་། དེ་ནས་རིམ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུའི་ཐོག་བོད་དོན་གླེང་བ་དང་། དེ་བཞིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནས་རིམ་བཞིན་བོད་དེ་རང་བཙན་གཙང་མ་ཡིན་པའི་གོ་རྟོགས་གསར་པ་སྤེལ་ཡོད།
སྟོབས་ཆེན་རྒྱ་ནག་ནི་རྫུན་གྱི་དཔོན་པོ་ལགས་པས་སླར་ཡང་བཅོས་མའི་གཏམ་དང་ཡིག་ཆ་དུ་མས་བོད་དོན་ལ་བདེན་པར་མཐོང་བའི་རྒྱལ་ཁབ་དུ་མའི་མགོ་བོ་སླར་ཡང་རྫུན་གྱིས་བསྐོར་ནས་ཇི་ལྟར་བོད་མིས་རང་བཙན་གཙང་མར་འཐབ་རྩོད་བྱས་ན་ནམ་ཡང་སྐྱིད་པའི་ཉི་མ་ཤར་མི་སྲིད་པའི་གནས་ཚུལ་དུ་གྱུར་པས་བོད་མི་རྣམས་ཀྱིས་འཐབ་རྩོད་ཀྱི་གོམ་པ་གསར་པ་ཞིག་མ་སྤོས་ཀ་མེད་བྱུང།

འཐབ་རྩོད་ཀྱི་གོམ་པ་གཉིས་པ། (དབུ་མའི་ལམ།)

ཕྱི་ལོ་ ༡༩༨༧ ལོར་རྒྱ་ནག་གི་དཔོན་པོ་ཏིང་ཤོ་ཕིང་གིས་”གལ་ཏེ་ཁྱེད་ཚོས་རང་བཙན་མ་བརྩད་ན། སྐད་ཆ་ག་རེ་ཡོད་ཀྱང་འགྲིག་གི་རེད་”ཅེས་ཁ་ནས་ཐལ་བས། བོད་མི་རྣམས་ཀྱིས་ཐབས་ཤེས་ལུ་གུ་བརྒྱུད་དུ་སྤེལ་བས་མཐར་༸གོང་ས་མཆོག་གི་དགོངས་གཞི་བཞིན་དབུ་མའི་ལམ་ནས་རང་སྲིད་རང་སྐྱོང་ལ་འཐམ་མགོ་བརྩམས།
དེ་ལྟར་ཁས་ལེན་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བའི་ཆེད་ཡིན། རིམ་བཞིན་༸གོང་ས་མཆོག་གི་དབུ་འཁྲིད་འོག་སླར་ཡང་བདེན་པའི་ལོ་རྒྱུས་རིང་པོ་དེ་ལ་འཐབ་དང་འཐབ་ཀྱིན་ཡོད།
དབུ་མའི་ལམ་ནི་བོད་རྒྱ་གཉིས་ཀ་ལ་ཕན་པའི་ཐབས་ལམ་བཟང་ཤོས་དེ་ཡིན། ཞི་བའི་ལམ་ནས་མི་མང་སྒེར་ལངས་དང་གཞུང་གིས་ཞི་བའི་གྲོས་མོལ་ཐེངས་འགར་བྱས། དེར་མ་ཟད། བདེན་པ་ལ་ལན་ཞིག་ཐོབ་ཆེད་དུ་མི་རང་ཉིད་ཀྱི་དབུགས་འབྱུང་མཐའ་མའང་རྒྱལ་ཁབ་ཀྱི་སླད་དུ་བློས་གཏོང་བྱེད། ད་དུང་སེམས་ཤུགས་དང་ལ་རྒྱའི་ཁུར་བོ་རྒྱབ་ཏུ་ཁུར་བཞིན་གངས་ཅན་པ་རྣམས་མུན་པས་བཏུམས་པའི་འཇིག་རྟེན་དུ་བདེན་པའི་ཨུ་ཚུགས་ཀྱིས་ལམ་བཟང་དེ་འཚོལ་བཞིན་མཆིས།

འཐབ་རྩོད་ཀྱི་འབྲས་བུ་ཆེ་ཤོས།  ༢༠༠༨ ཀྱི་འཐབ་རྩོད།

ཕྱི་ལོ་ ༢༠༠༨ ལོའི་རང་དབང་གི་འབོད་སྒྲ་དེ་ནི་ཆེས་བྱུང་མ་མྱོང་བའི་འཐབ་རྩོད་ཁྱད་པར་ཅན་ཞིག་རེད། དེ་ཡང་ལོ་དེར་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་སྤུན་ཟླས་བཟོད་ཐབས་ཟད་ནས་མཐར་ཟླ་ ༣  པའི་ཚེས་ ༡༠ ཉིན་ནས་དཔའ་ངར་དང་བློ་སྟོབས་ཆེན་པོས་འབོད་སྒྲ་དང་ངར་སྐད་བསྒྲགས་ཏེ་རྒྱ་ནག་གི་ཚོགས་ཁང་ཆེན་མོ་དང་འཛམ་གླིང་གི་ཡུལ་གྲུ་གང་སར་བྲག་ཅ་བཞིན་ཐོས་པར་གྱུར། སྐབས་དེར། རང་དབང་སྒེར་ལངས་ཀྱི་འབོད་ཚིག་འབྲུག་སྐད་བཞིན་སྒྲོག། ཞི་བདེ་ཡི་གོམ་བགྲོད་དཀར་ཐིག་བཞིན་འཐེན། རང་སྲོག་བློས་བཏང་བྱེད་པའི་སྐྱེ་བོའི་སེམས་ཤུགས་རླུང་བུ་བཞིན་ཁྱབ་སྟབས། རྒྱ་དམར་གྱི་གདུག་རྩུབ་མནར་གཅོད་གློག་དམར་བཞིན་འཁྱུག་མཐར། འཛམ་གླིང་དུ་ལོང་བར་ལུས་པའི་རྒྱལ་ཁབ་དུ་མས་བདེན་པ་མཐོང་བར་གྱུར་ལ། ཡུན་རིང་དུ་འོན་པར་ལུས་པའི་སྐྱེ་བོ་དུ་མས་བདེན་གཏམ་དག་གཞི་ནས་ཐོས་པར་གྱུར། འདི་ནི་མི་ལོ་མང་པོའི་འཐབ་རྩོད་ཀྱི་རྒྱལ་ཁ་ཆེ་ཤོས་དེ་ཡིན། མདོར་ན། ངས་མི་ལོ་ལྔ་བཅུའི་རིང་གི་མི་རབས་ཤིག་གི་བདེན་པའི་འཐབ་རྩོད་འདིར་ཕྱིར་ལྟ་ཞིག་བྱེད་སྐབས། ངོ་མ་ཡི་རང་དང་བསྟོད་བསྔགས་བྱེད་འོས་པ་ཞིག་ཡིན་པ་གཞི་ནས་ཤེས། ངས་ཇི་སྲིད་རང་དབང་གི་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བོད་མི་རྣམས་ཀྱི་སེམས་ཤུགས་ཀྱི་མེ་ལྕེ་མ་ཤི་བར་ལས་ཤིག་ཅེས་སྨོན་ལམ་ཁྲི་དང་རེ་བ་འབུམ་བྱེད་བཞིན་རྩོམ་གྱི་འབྲི་མཚམས་བཞག །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་དགག་སྒྲུབ་རྩོམ་ཡིག་ཅིག་ཡིན༌ཞིང། རྩོམ་ཡིག་ནང་གཤིབ་སྡུར་དང་རིགས་འདེད་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་དང་རྒྱ་ནག་གཉིས་རུས་རྒྱུད་དང་ཤེས་རིག ས་ཁོངས་སོགས་ཀྱི་ཆ་ནས་ཕན་ཚུན་ཐ་དད་ཡིན་པ་དང། བོད་ཀྱི་འཐབ་རྩོད་དེ་དྲང་བདེན་དང་ལུགས་མཐུན་ཞིག་ཡིན་པས་རྩོད་རུང་ལ་ངེས་པར་དུ་རྩོད་ཀྱང་དགོས་པ་ཞིག་ཡིན་པར་བསྒྲུབས་ཡོད། སྤྱི་ཡོངས་ཀྱི་ཆ་ནས་རྩོམ་ཡིག་གི་ནང་དོན་ཁྱབ་ཚད་དང། ཚིག་སྦྱོར། སྒྲིག་གཞི། ཁྱད་པར་སྒྲུབ་རིམ་དང་སྒྲུབ་བྱེད་འགོད་ཚུལ་ཅུང་ལེགས། སྒོས་སུ་བདེན་པའི་འཐབ་རྩོད་བྱེད་ཕྱོགས་ཀྱི་ཐད་མིའི་རིགས་ཀྱི་དགོས་མཁོ་དང་བསྟུན་ནས་རང་བཙན་ནས་དབུ་མའི་ལམ་དུ་རིམ་པར་འཕོ་འགྱུར་བྱུང་བ་རྒྱུ་མཚན་དང་བཅས་ཏེ་བྲིས་ཡོད༌པ་ཅུང་བཟང།
འོན་ཀྱང་། བོད་རྒྱའི་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ༌སོགས་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་མ་ཡིན་པ་རེ་འགའ་ཐོན་འདུག་པས། བསམ་ཚུལ་མ་སྨིན་པའི་བརྗོད་བྱའི་རིགས་རྩོམ་ཡིག་གི་སྒྲུབ་བྱེད་དུ་ཚམ་ཚོམ་མེད་པར་འགོད་ཐལ་མི་གནང་བ་ཡིད་འཇོག་ཡོང་བར་ཞུ

མདུན་ཤོག

Menu