[toc]

རྒྱ་གར་གཞུང་མང་གི་བཀའ་དྲིན།(ཨང་དང་པོ)

གོ་པལ་པུར་བོད་ཁྱིམ་སློབ་གྲྭ།     པདྨ་རྒྱ་མཚོ།

སྔོན་བྱོན་ཆོས་རྒྱལ་ལོ་པན་རྣམས་ཀྱི་སྐུ་རིང་ནས་བླ་སློབ་ཀྱི་འབྲེལ་ལམ་བཟུང་སྟེ། ད་ལྟའི་གཞུང་མང་གི་འབྲེལ་བའི་ངོས་ཐད་དུ་འཕེལ་བའི་རིམ་པར་ཕྱིར་མིག་ཅིག་བལྟས་ན། རྒྱ་གར་གཞུང་མང་ནི་ང་ཚོ་བོད་ཀྱི་འཚོ་བའི་གནས་སྟངས་དང་རིག་གཞུང་རིན་ཐང་གི་ལྟ་བའི་ངོས་ནས་ཧ་ཅང་གལ་ཆེན་དང། བཀའ་དྲིན་ཆེན་པོ་རེད།
ད་ལྟའི་དུས་སུ་འཛམ་གླིང་འདིར་ངོམ་དུ་རི་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་དག་ཀྱང་རྒྱ་གར་གཞུང་མང་གི་བཀའ་དྲིན་ལས་ཐོབ་པ་ཞིག་ལས་བོད་རང་གི་རིག་གནས་ཀྱི་ཉིང་ལག་ཕུན་སུམ་ཚོགས་པ་ཞིག་དང་ཐུན་མོང་གི་འཚོ་བའི་དགོས་མཁོ་དང་མཐུན་པ་ཞིག་གིས་བསྐྱེད་པ་ཞིག་གཏན་ནས་མིན། འཛམ་གླིང་འདིའི་ཐོག་བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་དང་གཤིས་རྒྱུད་འཇམ་པོ་སོགས་བྱམས་སེམས་ཀྱིས་བརླན་ནས་ཡོད་པ་འདི་དག་ཀྱང་ནང་བསྟན་རིན་པོ་ཆེ་བོད་དུ་དར་བ་ནས་དེའི་བག་ཆགས་ཀྱིས་བསྐྱེད་པ་ཞིག་ལས་བོད་རང་གི་རིག་གནས་སེམས་ཁམས་ལ་མངའ་བ་ཞིག་མིན་པ་དེ་ཡང་རྒྱ་གར་གཞུང་མང་གི་བཀའ་དྲིན་ལས་ཅི་ཡང་མིན། བོད་རང་གི་འཚོ་བའི་ངོས་ཐད་ནས་ཕན་ཐོགས་ཀྱི་ཆ་ཡོངས་སུ་རྫོགས་ཤིང་བོད་རང་གི་འཚོ་བའི་དགོས་མཁོ་དང་མཐུན་ཞིང་མི་རིགས་ཀྱི་ལོ་རྒྱུས་ཧྲིལ་པོ་བོད་རང་གི་སྐད་གདངས་ཀྱི་གཟུགས་སུ་བསྐྲུན་པའི་ཡི་གེ་འདིས་ད་བར་དུ་བསྐྱངས་པའང་རྒྱ་གར་གྱི་ཡི་གེ་ལ་དཔེ་བལྟས་ཏེ་གསར་བཟོ་མཛད་པས་ཡི་གེའི་བཀོལ་སྤྱོད་ཚད་དང་ལྡན་པ་ཞིག་ཆགས་ཡོད་པའང་རྒྱ་གར་གཞུང་མང་གི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ནོ། །
བོད་དུ་དུས་འགྱུར་བྱུང་སྟེ་༸གོང་ས་མཆོག་གཙོས་པའི་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་ཕེབས་པར་སྐྱབས་བཅོལ་བའི་གནས་ཚང་གཡར་བ་དང་། སྐབས་དེའི་གཞུང་མང་གི་ལྷག་བསམ་ཟོལ་མེད་ཀྱི་འཛུམ་མདངས་ཀྱིས་སེམས་པ་སྡུག་གིས་བཀང་ཞིང་ཞེ་སྡང་གི་མེ་ལྕེ་རབ་ཏུ་འབར་གྱིན་པའི་མི་མང་པོ་ཞིག་ལ་སེམས་གསོའི་ཁ་གཡང་བསྒྲགས་པ་ནི་རླབས་ཆེན་གྱི་བཀའ་དྲིན་ཞིག་མ་ཡིན་ནམ།  ད་དུང་འུ་ཐུག་ཐབས་ཟད་ཀྱི་བོད་མི་མང་པོར་སེམས་གསོའི་འཛུམ་མདངས་ཀྱི་སྤྲིན་དཀར་ལྷོག་ལྷོག་ཏུ་བསྡུས་ཏེ་ཨ་ཐང་ཆད་པའི་སེམས་པ་གང་མང་ལ་བདུད་རྩིའི་དངོས་གྲུབ་གནང་སྟེ་སེམས་ཤུགས་ཀྱི་མེ་ལྕེ་སྦར་བ་མ་ཡིན་ནམ། ད་ལྟའི་ཆར་བོད་མི་སྐྱབས་བཅོལ་བའི་གཞུང་འདི་སྐྱབས་བཅོལ་བའི་ནང་ནས་མི་འདྲ་བ་ཞིག་ཏུ་གྱུར་བ་འདི་ཡང་རྒྱ་གར་གཞུང་མང་གི་བཀའ་དྲིན་གྱིས་ང་ཚོ་ལ་ཕྱོགས་ཡོང་ནས་མཐུན་རྐྱེན་སྦྱར་བ་ཞིག་ཡིན་པ་དང། བོད་ཀྱི་བདེན་མཐའ་སེལ་བར་ལས་འགུལ་གང་འདྲ་ཞིག་སྤེལ་ཡང་སྤེལ་ཆོག་ཆོག་ཡིན་པ་འདི་ནི་རྒྱ་གར་གཞུང་མང་གི་བཀའ་དྲིན་ལགས།
རྒྱ་གར་གཞུང་མང་གི་བཀའ་དྲིན་ནི་རི་རབ་ལས་མཐོ་ཞིང་རྒྱ་མཚོ་ལས་ཟབ་པ་ཞིག་ཡིན་ཕྱིན་དུས་རྟག་ཏུ་བཀའ་དྲིན་སྙིང་བཅངས་ཀྱིས་བཀའ་དྲིན་ཚོར་བར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་གར་གྱིས་བཙན་བྱོལ་བོད་གཞུང་ལ་གནས་ཚང་གཡར་ཏེ་མི་ལོ་ལྔ་བཅུ་འགོར་བའི་ནང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་ཏེ་ནུས་པ་གལ་ཆེན་ཐོན་པ་དང་མི་ལོ་ལྔ་བཅུའི་རིང་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཁག་སྲ་བརྟན་དང་གཞིས་ཆགས་ཁག་གི་འཚོ་བའི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་ནི་རྒྱ་གར་གཞུང་མང་གི་མཐུན་འགྱུར་རོགས་རམ་འོག་ནས་བྱུང་བ་ལ་བཀའ་དྲིན་བསམ་ཤེས་བྱེད་དགོས་ཤིང། མི་ལོ་ལྔ་བཅུའི་རིང་རྒྱ་གར་གཞུང་མང་གི་མཐུན་རྐྱེན་སྦྱོར་སྟངས་ལ་བསམ་ན་ང་ཚོས་ཐོག་དང་པོར་ཤེས་དགོས་པ་ནི་རྒྱ་གར་གཞུང་མང་གིས་ལྷག་བསམ་དག་པའི་སྒོ་ནས་ང་ཚོ་ལ་གནས་ཚང་དྲོན་མོ་ཞིག་གཡར་ཡོད་པ་དེ་ཡིན། ང་ཚོས་གནས་ཚང་དྲོན་མོ་འདི་མི་ལོ་ལྔ་བཅུར་གཡར་ཚར་བ་རེེད་ལ་མི་ལོ་ལྔ་བཅུའི་རིང་ང་ཚོས་གཡར་རིན་མི་དགོས་པའི་གནས་ཚང་འདི་ནས་རང་གི་དགོས་མཁོ་རྐྱང་རྐྱང་བསྒྲུབས་ཏེ་གནས་ཚང་འདིའི་བྱ་དངོས་མང་པོ་ཞིག་བདག་གིར་བཞེས་པ་རེད། གནས་ཚང་དྲོན་མོ་འདིའི་བཀའ་དྲིན་ལས་ང་ཚོས་འཕག་འཚག་རྒྱག་ཐུབ་སོང་བ་དང། གནས་ཚང་དྲོན་མོ་འདིའི་དྲིན་ལས་ང་ཚོས་གནས་ཚང་འདིའི་ཡོད་ཚད་ལ་ཧབ་ཐོབ་རྒྱག་གིན་ཡོད། འུ་ཚོ་ནི་མགྲོན་པོ་ཡིན་པ་ལས་མགྲོན་བདག་མིན་པས་ང་ཚོས་མགྲོན་བདག་ལ་བསྟུན་དགོས་པ་ལས་མགྲོན་བདག་གིས་འུ་ཚོར་བསྟུན་ག་ལ་སྲིད།
གནས་ཚང་འདི་ནས་ང་ཚོ་ཅི་ཙམ་ཞིག་སྡོད་དགོས་པ་སུ་ལའང་གསལ་ཆ་མེད་པས་ང་ཚོས་གནས་ཚང་འདི་ལ་རྒྱབ་གཏོད་བྱེད་མི་རུང་ལ། གནས་ཚང་འདིའི་བདག་པོར་ཕོག་ཐུག་གཏོང་མི་རུང། གནས་ཚང་འདི་ནས་ང་ཚོས་མི་རིགས་ཤིག་གི་ཉག་ཕྲ་བའི་ལས་དབང་གི་དར་སྐུད་མཐུད་དགོས་པ་ལས་གནས་ཚང་འདིའི་བདག་པོ་བཞིན་སྡོད་ག་ལ་རུང། འདི་ནི་མ་གཞི་ནས་ང་ཚོར་དབང་བའི་གནས་མིན་པས་གནས་ཚང་འདིའི་ཉལ་ས་དྲོན་མོར་ཞེ་ཆགས་ན་ག་ལ་འགྲིག འུ་ཚོས་གནས་ཚང་འདིའི་སྒྲིག་སྲོལ་དང་འགལ་ཏེ་གནས་འདིའི་ལམ་དང་ལུགས་སྲོལ་ལ་སེར་ཁ་འཐེན་ན་ག་ལ་འགྲིག འཇིག་རྟེན་པའི་གཏམ་རྒྱུད་དུ་གྲགས་པ་ཡུན་རིང་པོའི་ལོ་རྒྱུས་ཀྱི་བྱུང་བ་དང་རང་བྱུང་ཁམས་ཀྱི་བྱ་དངོས་སྙོམས་སྒྲིག་གི་འགལ་འདུ་ཡིན་པ་ལས་གནས་ཚང་གཏོར་བཤིག་གི་གཏམ་རྒྱུད་ཡིན་ན་ག་ལ་འགྲིག གནས་ཚང་འདིའི་བདག་པོས་ཀྱང་ནམ་ཞིག་གི་ཚེ་ང་ཚོ་ཕུད་ངེས་ཡིན་ལ། ང་ཚོས་ཀྱང་བཀའ་དྲིན་བསམ་ཤེས་ཀྱི་ཚིག་འགའ་ཞུ་དགོས་པ་རེད། གནས་ཚང་དྲོན་མོ་འདིའི་བཀའ་དྲིན་མི་ཚོར་བར་གནས་ཚང་འདིའི་ལུགས་སྲོལ་ལ་རྡོག་བརྫིས་གཏོང་མི་རུང་ངོ༌། །
གནས་ཚང་འདི་ནས་ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ནང་གཏན་དུ་འོད་བཞིན་འཚེར་ཞིང་རི་ལྟར་གཡོ་བ་མེད་པའི་གཏམ་རྒྱུད་ཅིག་བཞེངས་དགོས་ལ། རང་ཅག་གིས་ཤོར་ཟིན་ལ་འཐོབ་པར་འོས་པའི་འཚོལ་བྱ་ཞིག་རྙེད་པར་བྱ་དགོས། གནས་ཚང་འདིའི་བཀའ་དྲིན་ལས་འུ་ཚོར་ནམ་མཁར་མི་ཤོང་པའི་སྤོབས་པ་དང་རེ་བ། ཡིད་ཆེས་ཐོབ་སོང་ལ། ཕུགས་འདུན་དང་གནས་ལུགས་ཀྱིས་ཕྱུག་པའི་རང་ལུགས་ཤིག་རྙེད་བྱུང། གནས་ཚང་འདིའི་བཀའ་དྲིན་ལས་ང་ཚོས་འཚོལ་སྙེག་གི་ལམ་ཕྲན་རྙེད་བྱུང་ལ་གཏམ་རྒྱུད་ཀྱི་བྱུང་བའང་རྙེད་བྱུང།
མདོར་ན། གནས་ཚང་འདིའི་བཀའ་དྲིན་ལས་རང་མི་རིགས་འདིས་དགེ་སྡུག་གི་རྣམ་གཞག་ཤེས་སོང། ལས་འབྲས་ཀྱི་ས་བོན་ངོས་ཟིན་སོང་ལ། འཁོར་བའི་ཕུན་ཚོགས་ཀྱི་ཉེས་དམིགས་ཤེས་བྱུང་ལགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་རང་ལུགས་གཙོ་བོར་བརྗོད་པའི་དགག་སྒྲུབ་ཀྱི་རྩོམ་ཡིག་ཅིག་ཡིན། ནང་དོན་གྱི་ཐད་ནས་ཚན་པ་གཉིས་སུ་དགར་ཆོག་སྟེ། རང་བྱུང་ཚན་པ་དང་པོ་དང་གཉིས་པས་གནའ་དེང་རྒྱ་གར་གཞུང་མང་གི་བཀའ་དྲིན་བརྗོད་པ་དང་། དེའི་བྱིངས་ཕལ་ཆེར་བཀའ་དྲིན་ལ་བསམ་ཤེས་བྱེད་དགོས་པའི་བསླབ་བྱའི་ཚུལ་དུ་བྲིས་ཡོད།
རྩོམ་ཡིག་གི་རྗོད་བྱེད་སྡེབ་སྦྱོར་ལེགས་ཤིང་བརྗོད་བྱའི་དོན་གསལ་ཞིང་གནད་ལ་ཕིགས་པ། གོ་རིམ་འབྲེལ་ཆགས་པ། བརྗོད་བྱའི་ནང་དོན་ལྟོས་འཇོག་གིས་ཟབ་ཅིང་རྒྱ་ཆེ་བར་བརྗོད་ཆོག། ཁྱད་པར་རྩོམ་ཡིག་ནང་བོད་མི་རྣམས་མུ་མཐུད་གཞན་བརྟེན་མ་དགོས་པར་རང་གི་ལས་དབང་ལ་ཁ་ལོ་བསྒྱུར་བའི་ལས་འགན་འཁུར་བའི་བསམ་བློ་ཤུགས་ཆེར་མངོན་པ་བཅས། ཁྱོན་ཡོངས་ནས་སློབ་མའི་རྩོམ་ཡིག་ལེགས་གྲས་སུ་འཇོག་པར་འོས་སྙམ།
རྩོམ་ཡིག་ནང་རྗོད་ཚིག་ཁ་ཤས་ནང་དོན་གྱི་ཆ་ནས་དོན་དངོས་དང་མཐུན་མིན་བརྟག་དཔྱད་གཟབ་ནན་མ་བྱས་པའི་སྐྱོན་མངོན་པར་ཐུགས་གཟབ་ཡོང་བར་ཞུ།

རྒྱ་གར་གཞུང་མང་གི་བཀའ་དྲིན།(ཨང་གཉིས་པ)

སུ་ཇ་བོད་ཁྱིམ་སློབ་གྲྭ།    ཚེ་རིང་དོན་གྲུབ།

དུས་ནི་མི་རྟག་སྐད་ཅིག་ཉིད་ཀྱི་འགྱུར་འགྲོས་ལས། །བོད་ནི་མ་བརྟན་ཙི་ན་དམར་པོས་ཧམ་པས་བཟུང། །
སྐྱབས་ཡུལ་གང་བསྟེན་རྨོངས་པའི་དུས་ཀྱི་མཐའ་མ་ལ། །མ་བསྐུལ་སེམས་ཀྱིས་ཡང་ཡང་བསུ་བའི་མགོན་དེ་གང། །

འདས་པའི་ཕྱིར་མིག་ཀློང་གི་རྒྱ་གར་གཞུང།

དེ་ཡང་རང་ཡུལ་བོར་བའི་གཞན་ཡུལ་ན། ངེད་ཐུ་བྷོད་ཚང་གིས་མི་རིགས་ཤིག་གི་གྱོང་གུད་དང་བདེན་དོན་རྩོད་པའི་དུས་འདིར། ཁོ་བོས་འདི་ལྟར་སྨྱུ་གུའི་ཁ་ཕྱོགས་རང་ཡུལ་ལ་ཆེས་འབྲེལ་འདྲིས་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་མི་གཏོད་ཀ་མེད་བྱུང། དེ་ཡང་སྟེས་དབང་གིས་བྱུང་བའི་ཁ་གཡང་ཙམ་མིན་པར་དགོས་དབང་གིས་བྱུང་བའི་བདེན་དོན་ཞིག་ཡིན་ཕྱིར། སེམས་ཁོང་ན་ལྷག་པའི་ཚོར་སྣང་ཟླུམ་པོ་ཤོག་དཀར་ལ་མི་བསྒྱུར་མཐུ་མེད་རེད།
འཐབ་གྲོགས་ལགས། ཁྱེད་ཀྱིས་རྒྱ་གར་འཕགས་པའི་ཡུལ་འདི་ནང་བསྟན་ཆོས་ཀྱི་འཁོར་ལོའི་འབྱུང་ཁུངས་ཡིན་པ་མཁྱེན་ནམ། འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཚེ། ད་ལྟ་བོད་ཁ་བའི་ཡུལ་ན་འོད་ཀྱིས་འཚེར་བའི་ནང་པའི་ཆོས་ཀྱི་གླེགས་བམ་རེ་རེ་བོད་རྒྱ་གཉིས་ཀྱི་ལོ་པཎ་དུ་མས་དཀའ་བ་ཁྲི་ཕྲག་གི་ཀློང་ནས་བསྒྱུར་པ་མ་ཡིན་ནམ། དེ་དུས་ང་ཚོ་དང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་དབར་ན་སྲིད་འབྱོར་རིག་གསུམ་གྱི་འབྲེལ་འདྲིས་གཏིང་ཟབ་ཡོད་པ་མ་ཟད། ཕན་ཚུན་འགྲོ་འོང་གི་སྲོལ། གཅིག་ཕན་གཅིག་གྲོགས་ཀྱི་ལུགས། གདུང་སེམས་མཉམ་བསྐྱེད་ཀྱི་ལས་བཅས་ཀྱི་ཆ་ནས་ཀྱང་ཕུ་ནུ་མིང་སྲིང་ལྟ་བུའི་བརྩེ་འདང་ཡོད་མོད། འོན་ཀྱང་སྐྱོ་དགོས་པ་ཞིག་ནི་ང་དགུ་ལོའི་བཙན་འཛུལ་ཆེན་མོས་འུ་ཚང་གི་ལོ་རྒྱུས་ལ་གོད་ཆག་ཐེབས་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་ལམ་ཡང་བཅད། དེ་ནས་བཟུང་བོད་ཁ་བ་གངས་ཅན་ལྗོངས་ཀྱི་རང་བཙན་གཙང་མའི་ཆོ་ལོ་ཡལ་སོང་ལ།  མི་རིགས་ཤིག་གི་ངོ་བོའང་བརླགས་སོང། འདི་ནི་རྒྱ་ནག་དམར་པོས་འུ་ཚང་གི་ལོ་རྒྱུས་ལ་ཕབ་པའི་ནག་ཉེས་ཐོག་མ་ཡིན་པ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་ལ་དཀྲུག་ཤིང་འཕེན་མཁན་གྱི་གྱོད་ཡ་ཐོག་མའང་ཡིན། ཅིའི་ཕྱིར་ཞེ་ན། རྒྱ་ནག་དམར་པོས་ཆབ་སྲིད་ཀྱི་ཤུགས་རྐྱེན་དང་དཔལ་འབྱོར་གྱི་ཡོང་འབབ་བཅས་ཀྱི་ཐད་ནས་རྒྱལ་ཁབ་ཀུན་ལས་རྣམ་པར་རྒྱལ་བ་ལྟ་བུའི་རང་གཤིས་ཀྱིས་ཡོད་ཚད་རང་གི་མངའ་འོག་ཏུ་བསྡུ་བར་བསམ།
   ལྷག་པར་དུ་རྒྱ་གར་གཞུང་དང་དབྱིན་གཞུང་གཉིས་ལ་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་བོད་དེ་རང་བཙན་གཙང་མ་ཡིན་པའི་བདེན་དཔང་ཡོད་མེད་ཀྱི་དྲི་བ་དྲིས་རུང། སྐབས་དེའི་རྒྱ་དཀར་ནག་གཉིས་ཀྱི་ཆབ་སྲིད་ཀྱི་འབྲེལ་འདྲིས་དང་ཚོང་ལས་ཀྱི་བརྒྱུད་ལམ་བཅས་ཀྱི་ཤུགས་རྐྱེན་གྱིས་བོད་དེ་རང་བཙན་ཡིན་པའི་ར་སྤྲོད་བྱེད་མ་ཐུབ། ད་དུང། སྲིད་བློན་ནེ་རུ་ཡིས་”ད་ལྟ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་”ཞེས་པ་བཅས་ཀྱི་ཁུངས་གཙོ་བོ་རྒྱ་ནག་གི་ཆབ་སྲིད་ལས་བྱུང་བའི་གནོན་ཤུགས་ཡིན་པ་ལས་ང་ཚོ་གཡོ་འཚོང་བྱེད་འདོད་པའི་ཧམ་སེམས་ག་ལ་ཡིན། ལྷག་པར་སྐབས་དེའི་སྟོབས་ཤུགས་ཀྱི་ཆ་ནས་རྒྱ་ནག་བོད་པས་ལྡབ་འགྱུར་གྱིས་ཆེ་བའི་དབང་གིས་རྒྱ་གར་གཙོ་བྱས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་བསྟུན་གང་ཐུབ་བྱས། འདི་ནི་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་ཡིན་པའི་ཆ་ནས་ང་ཚོས་ངེས་པར་དུ་བསམ་ཤེས་བྱེད་དགོས། ཡང་གཅིག་བཤད་ན་འདི་ནི་རྒྱ་གར་ལ་བསམ་ཤེས་དང་རྒྱུས་ལོན་མེད་པའི་མི་བུ་དག་གིས་རྒྱ་གར་གཞུང་དང་སྲིད་བློན་ནེ་རུ་ལ་སྨད་ར་དང་འཕྱ་སྨོད་བྱེད་བཞིན་པའི་ནོར་འཁྲུལ་ལ་དགག་པའི་བདེན་དོན་ངོ་མ་སྟེ་རྒྱ་གར་གཞུང་མང་གི་བཀའ་དྲིན་ཡིན་པས་ཆེད་དུ་བྲིས་པའོ། །

མི་ལོ་ལྔ་བཅུའི་ཁྲོད་ཀྱི་རྒྱ་གར་གཞུང།

སྤྱིར་བཏང་གི་ཆ་ནས་རྒྱ་གར་ནི་མི་འབོར་མང་ཞིང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ལ། ཨ་རི་ལྟར་དཔལ་འབྱོར་གྱི་ཡོང་འབབ་ཕུན་སུམ་ཚོགས་པས་དབེན་ལ། དམག་དོན་གྱི་སྟོབས་ཤུགས་ཅི་ཡང་མེད། འོན་ཀྱང། ངོ་མཚར་བ་ཞིག་ལ་ངེད་ཐུ་བྷོད་ཚང་ལ་བཙན་འཛུལ་ཐེབས་ཏེ་སྐྱབས་ཡུལ་མེད་པའི་དུས་འདིར་རང་གི་ཕྲུ་གུ་རང་ཡུལ་དུ་བསུ་བ་ལྟ་བུའི་བརྩེ་འདང་གིས་༸གོང་ས་མཆོག་གཙོ་བྱས་པའི་ཡུལ་མི་སྟོང་ཕྲག་བརྒལ་བ་རྒྱ་གར་དུ་བསུས།
འཐབ་གྲོགས་ལགས། ཁྱེད་ཀྱིས་གནས་སྟངས་དེ་ལ་བསམ་གཞིགས་བྱས་མྱོང་ངམ། དེ་ནི་རྒྱ་གར་གཞུང་མང་གིས་འུ་ཐུག་ཐབས་ཟད་ཀྱིས་ལྷགས་པའི་བོད་མི་རིགས་ལ་གནང་བའི་ཚེ་སྲོག་འཕར་མ་རེད། སྐབས་དེའི་རྒྱ་གར་གྱི་བསུ་མ་མེད་ན་འུ་ཅག་ལ་འདི་ལྟ་བུའི་རྒྱས་སྤྲོས་ཀྱི་འཚོ་བ་ཞིག་གང་ན་ཡོད། འུ་ཅག་ལ་རང་དབང་ལྡན་པའི་རྒྱལ་ཁབ་ལས་ལྷག་པའི་གནས་བབ་ངེས་ཅན་ཞིག་གང་ན་ཡོད།   ལྷག་པར་དུ་རང་དབང་གི་ཤེས་བྱར་འཇུག་པའི་སློབ་གྲྭ་ཞིག་དང། ནང་པའི་ཆོས་རར་འཇུག་པའི་དགོན་སྡེ།  དེ་བས་ཀྱང་མང་གཙོའི་ལུགས་དང་མཐུན་པའི་གཞུང་ཡང་དག་ཅིག ཡོད་ཚད་རྒྱ་གར་གཞུང་མང་གི་རོགས་འདེགས་ལས་བྱུང་བ་མ་ཡིན་ནམ། མི་ལོ་ལྔ་བཅུའི་བོད་གཞིས་ལུས་མི་མང་ལ་རང་དབང་དང་ཐོབ་ཐང་གང་ཡང་མེད་པར་མནར་གཅོད་དང་སྡུག་ཡུས་རྐྱང་རྐྱང་མྱོང་བཞིན་ཡོད་མོད།  མི་ལོ་ལྔ་བཅུའི་བཙན་བྱོལ་བར་རང་དབང་དང་ཐོབ་ཐང་ཡོད་པའི་སྒོ་ནས་བདེ་སྐྱིད་ཀྱི་འཚོ་བར་འཇུག་བཞིན་པ་སུ་ཞིག་གི་བཀའ་དྲིན་ཡིན་པ་བསམ་གཞིགས་བྱས་མྱོང་ངམ།   དྲི་རྟགས་བཀོད་མྱོང་ངམ། མི་ལོ་ལྔ་བཅུའི་ས་དང་ཆུ། གོས་དང་ཟས་ཡོད་ཚད་རྒྱ་གར་གཞུང་མང་གི་རོགས་འདེགས་ལ་རག་ལས་ཡོད་ལ། རྒྱ་གར་གཞུང་མང་གི་བཀའ་དྲིན་ཡིན་པ་ཚོར་བར་གྱིས་དང་ངའི་འཐབ་གྲོགས་ཚོ།
རྒྱ་གར་ལ་རང་བཙན་ཐོབ་སྟེ་མི་ལོ་དྲུག་ཅུ་ལྷག་ཙམ་འགོར་ལ། འུ་ཅག་གིས་རང་བཙན་ཤོར་ཏེ་མི་ལོ་ལྔ་བཅུ་འདས། འདི་དག་གི་ཀློང་རུམ་ནས་ང་ཚོར་དུས་རབས་གསར་པ་ཞིག་གི་འོད་སྣང་དང། མི་རིགས་རྣལ་མ་ཞིག་གི་ངོ་བོ་གནང་མཁན་རྒྱ་གར་གཞུང་མང་ཡིན་པའི་ཆ་ནས་དུས་རྟག་ཏུ་ཡི་རང་དང་གོང་བཀུར་བྱས་ན་ལེགས། ༸གོང་ས་མཆོག་གིས་རྟག་ཏུ་གསུངས་པ་བཞིན་”རྒྱ་གར་དང་བོད་ནི་ཕ་མ་བུ་ཕྲུག་ལྟ་བུའི་འབྲེལ་བ་གཏིང་ཟབ་ཡོད་པས་ཕན་ཚུན་གྱི་དམ་ཚིག་ལ་བརྩི་སྲུང་བྱེད་དགོས་”ཞེས་པ་དེའང་གཞན་དང་མི་འདྲ་བའི་གནས་ལུགས་ངེས་ཅན་ཞིག་དང་འབྲེལ་འདྲིས་གཏིང་ཟབ་ཅིག་ཡོད་པས་གསུངས་པ་རེད།

མཐའ་མའི་སྨོན་ཚིག་ཀློང་གི་རྒྱ་གར་གཞུང།

ཁོ་བོར་རྩོམ་ལ་འཇུག་པའི་ནུས་རྩལ་ཅི་ཡང་མེད་མོད། འོན་ཀྱང་རང་ཉིད་སྤྱི་ཚོགས་འཚོ་སྡོད་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་འཚོ་སྡོད་བྱེད་སའི་སྤྱི་ཚོགས་ཀྱི་གནས་བབ་དང་དགེ་སྐྱོན་གྱི་ཐད་ལ་བསམ་གཞིགས་བྱེད་རྒྱུ་ནི་རང་གི་འོས་འགན་དུ་བསམས། དེ་བས་ཁྲ་ཁྲ་ཟང་ཟིང་གི་མི་ཡུལ་ན་སྣ་ཚོགས་འཕྲུལ་སྣང་གི་ཟློས་གར་མང་རུང་ང་ཚོ་རང་བཙན་མེད་པའི་མི་རིགས། རང་ཡུལ་དབེན་པའི་འཁྱམས་པོ། རང་དབང་མེད་པའི་བཙན་བྱོལ་བ་དག་གི་སྐྱབས་ཡུལ་ངོ་མ་དེ་སུ་ཡིན་པ་དང། དེ་ང་ཚོ་ལ་རིན་ཐང་ག་འདྲ་ཞིག་ཡོད་མེད་ལ་དཔྱད་པ་གཏོང་རྒྱུ་གལ།
ལྷག་པར་༸གོང་ས་མཆོག་གི་དགོངས་གཞི་ལ་བསམ་གཞིགས་དང་ལག་ལེན་བྱེད་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པས། ཇི་སྲིད་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་བསྒྲུབ་ན་དེ་སྲིད་འོད་སྟོང་འབར་བའི་སང་ཉིན་ཞིག་འཆར་ཐུབ་པར་མ་ཟད་རྒྱ་གར་གཞུང་མང་གི་བཀའ་དྲིན་ཡང་ཚོར་ཐུབ། འདི་ནི་ཅོལ་ཆུང་བདག་གི་སྨྱུག་རྩེ་ནས་བཞུར་བའི་ཚོར་ཤུགས་སམ་རྒྱ་གར་གཞུང་མང་གི་བཀའ་དྲིན་ཡིན་ཕྱིར་ཀུན་གྱིས་མཁྱེན་པར་གལ།
དུས་ཀྱི་ཕྱེད་ཀ་དྲོད་ཁོལ་འཛོམས་པའི་ཡུལ་དུ་བསྐྱལ། །དབུ་མའི་འཐབ་རྩོད་རྒྱ་བོད་གཉིས་ཀྱི་ཕུགས་ལས་བསྐྱངས། །
འཚེ་མེད་མ་ཧཱ་གནྡྷིའི་ཐུགས་ལྟར་སྤེལ། །ཡོད་ཚད་ཁྱེད་ཀྱི་པང་ནས་བསྐྱངས་པ་ཐུགས་རྗེ་ཆེ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་བགྲོ་གླེང་གི་རྣམ་པས་བྲིས་པའི་རྩོམ་ཡིག་ཅིག་རེད། རྩོམ་ཡིག་ཏུ་ཆབ་སྲིད་དང་། རིག་གནས་ལོ་རྒྱུས་ཀྱི་ཆ་སོགས་ཟུར་དང་ཕྱོགས་མི་འདྲ་བ་བརྒྱུད་ནས་བོད་མི་རྣམས་ལ་རྒྱ་གར་གཞུང་མང་བཀའ་དྲིན་ཆེ་ཚུལ་གསལ་པོར་བྲིས་ཤིང། དེའང་འདས་པའི་ལོ་རྒྱུས་དང་འབྲེལ་བའི་ཆ་དང། མི་ལོ་ལྔ་བཅུའི་བཙན་བྱོལ་གྱི་ཆ། མ་འོངས་འབྱུང་འགྱུར་གྱི་ཆ་བཅས་དུམ་བུ་གསུམ་དུ་ཕྱེས་ཏེ་བྲིས་འདུག ཚིག་སྦྱོར་ལེགས་ཤིང་འབྲེལ་ཆགས་པ། བརྗོད་བྱ་ཆ་བགོས་དང་ཚིག་གི་གཅོད་མཚམས་གསལ་བ། གནས་ལུགས་གོ་བསྐོན་བྱེད་པའི་ནུས་པ་ལྡན་པའི་བགྲོ་གླེང་གི་རྩོམ་ཡིག་ཅིག་རེད།
དངོས་ཡོད་གནས་སྟངས་བརྗོད་བྱར་གྱུར་པའི་རྩོམ་ཡིག་འདིར་སྒྲུབ་བྱེད་ཀྱི་རིགས་པ་དང་བསྒྲུབ་བྱའི་ནང་དོན་ཚང་མ་ཡང་དག་པ་ཞིག་དགོས་སྟབས། འུད་སྒྲོག་གི་རྣམ་པས་མ་བསླད༌པ་ཞིག་དགོས་པར་ཐུགས་སྣང་ཡོང་བར་ཞུ།

རྒྱ་གར་གཞུང་མང་གི་བཀའ་དྲིན།(ཨང་གསུམ་པ)

གོ་པལ་པུར་བོད་ཁྱིམ་སློབ་གྲྭ།    བསོད་ནམས་རྒྱ་མཚོ།

སྤྱིར་ང་ཚོས་འགྲོ་བ་མིའི་རིགས་ཀྱི་བྱུང་རིམ་ལོ་རྒྱུས་ཁྲོད། སྲིད་འབྱོར་རིག་དངོས་དང་བཟང་སྤྱོད། ཡང་སྒོས་ཆོས་རིག་གིས་བྱུར་བུར་གཏམས་ཤིང་གཙང་ཆབ་ལས་དྭངས་ལ་ཀ་ར་ལས་མངར་བའི་རྒྱ་བོད་མི་རིགས་གཉིས་ཀྱི་བཞུར་རྒྱུན་མི་ཆད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ལ་དེ་རིང་ཕྱིར་དྲན་ཞིག་བྱེད་སྐབས། རྒྱ་གར་མི་རིགས་ནི་ང་ཚོའི་དགེ་རྒན་ཞིག་དང་ང་ཚོ་ནི་རྒྱ་གར་གྱི་དགེ་ཕྲུག་གཤའ་མ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ཁ་གྲགས་འོང་ལ། རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་མཐུད་ནི་རང་ཡུལ་ཤོར་ཞིང་མི་ཡུལ་དུ་འཁྱམས་པའི་བཙན་བྱོལ་བའི་ཉིན་མོ་སྟེ་མི་ལོ་བཅུ་ཕྲག་ཁ་ཤས་དང་མི་རབས་འདིའི་རིང་གསར་དུ་བྱུང་བ་ཞིག་གཏན་ནས་མ་ཡིན་པར། ཧ་ཅང་རིང་བའི་མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་ཆོས་རིག་ཐད་ཐུན་མིན་དགེ་སློབ་ཀྱི་དམ་ཚིག་གཙང་མ་
ཞིག་ལས་འཕགས་བོད་གཉིས་ཀྱི་འབྲེལ་བ་བསླངས་པ་ཡིན་ལ། མི་རིགས་འདི་གཉིས་ནི་མི་རིགས་གཞན་ལྟར་དམག་དོན་དང་དཔལ་འབྱོར་སོགས་ཀྱི་ཁེ་དབང་ལ་བརྟེན་ནས་ཉེ་རབས་སུ་གསར་དུ་འབྲེལ་བ་བཟོས་པ་ཞིག་མ་ཡིན་པར། དུས་རབས་མང་པོ་ཞིག་ནས་ང་ཚོར་བཀའ་དྲིན་ཤིན་ཏུ་ཆེ་བའི་ཡབ་མེས་ཚོས་དཀའ་བ་དུ་མ་ཁྱད་དུ་བསད་ནས་ཕྱི་རབས་ཀྱི་དྲན་ངོར་ངེས་པའི་འཕགས་བོད་ཀྱི་མཛའ་མཐུན་ཡོ་ལང་རྣམ་པར་རྒྱས་ལ། ང་ཚོས་མཁྱེན་མངའ་ལྟར་ང་ཚོ་ནང་པ་སངས་རྒྱས་པའི་སྲོག་ཤིང་བདག་ཅག་གི་སྟོན་པ་རིན་པོ་ཆེ་ནི། རྒྱ་གར་འཕགས་པའི་ཡུལ་ནས་འཁྲུངས་ཤིང་དེ་ནས་འཛམ་གླིང་མི་མང་ནས་འགྲམ་ཆུ་ལྡང་ཞིང་བོད་མིའི་རྩིས་ཐང་ངོ་མ་སྟེ་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྱུང་ཁུངས་ངོ་མ་ཡང་རྒྱ་གར་འཕགས་པའི་ཡུལ་ཡིན་པས་མདོར་ན། འདས་མ་འོངས་ད་ལྟའི་གནས་སྟངས་གང་ལ་བསམ་བློ་བཏང་ཡང་ང་ཚོར་རྒྱ་གར་གཞུང་མང་ལས་བཀའ་དྲིན་ཆེ་བ་ཞིག་བྱུང་མྱོང་མེད་པ་ང་ཚོའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་གསལ་པོ་ཡིན།
དེ་རིང་ང་ཚོ་བོད་ཆོལ་ཁ་གསུམ་དང་གཞིས་བཞུགས་བོད་མི་སྤྱི་པོ་གནམ་བསྟན་ཡོངས་ཀྱིས་ཐུན་མོང་དང་གཅིག་གྱུར་ཐོག་ལོངས་སུ་སྤྱོད་ཐུབ་པའི་བོད་ཡིག་འདི་ཇི་ལྟར་བྱུང་བར་བལྟས་ན། ཐོན་མི་བཀའ་དྲིན་ཅན་གྱིས་རི་ཆུ་སྟོང་གིས་བར་ཆོད་པའི་བཤུལ་ལམ་རིང་མོ་གོམ་པའི་འདེགས་འཇོག་རེ་རེས་གཞལ་ཏེ་འཛམ་གླིང་གི་རྩེ་མོ་མཐོ་སྒང་གི་མི་རིགས་འདིའི་ཆེད་དུ་རྒྱ་གར་འཕགས་པའི་ཡུལ་ནས་དགེ་རྒན་ཆེན་མོ་ལྷ་རིག་པའི་སེང་གེ་དང་བྲམ་ཟེ་ལི་བྱིན་གཉིས་ཀྱི་ཞབས་ལ་གཏུགས་ནས་མི་ལོ་བདུན་རིང་རྩོལ་བ་བྱས་པས་ད་གཟོད་ང་ཚོའི་མི་རིགས་ཀྱི་སྲོག་ཤིང་དུ་གྱུར་པའི་བོད་ཡིག་འདི་གསར་བཟོ་ཐུབ་ལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་གར་ནས་སློབ་དཔོན་པདྨ་འབྱུང་གནས་དང་མཁན་ཆེན་ཞི་བ་འཚོ་གདན་དྲངས་ཏེ། བོད་ཀྱི་བདུད་སྲིན་ཐམས་ཅད་དམ་ལ་བཏགས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་ཐུབ་པ་དང། རྒྱ་གར་ནས་ནང་བསྟན་རིག་དངོས་ཀྱི་རིན་བྲལ་དཔེ་ཆ་མང་པོ་བོད་བསྒྱུར་མཛད། བོད་དུ་སྒྲ་སྒྱུར་གླིང་བཙུགས་ནས་རྒྱ་གར་ལས་ལོ་པན་དང་མཁས་པ་མང་པོ་གདན་དྲངས་ནས་བོད་ཡུལ་ན་ཆོས་ཀྱི་ཡོ་ལང་རྣམ་པར་རྒྱས། བོད་དུ་རབ་བྱུང་གི་སྡེ་ཐོག་མར་བཙུགས། རྒྱ་གར་གྱི་མིང་གྲགས་ཆེ་བའི་པན་གྲུབ་མང་པོས་ཐོན་མིར་བོད་མི་ཡང་དག་སྟེ། སམ་བྷོཊ་དང་བྷོཊའི་ལྗོངས་ཞེས་ཆོ་ལོ་བསྩལ་མྱོང། གལ་སྲིད་རྒྱ་གར་གྱི་ལོ་པན་ཚོས་ཐོན་མིར་བདག་སྐྱོང་དང་གཟིགས་རྟོག་འདི་འདྲ་གནང་མེད་ན་སྲོང་བཙན་སྒམ་པོའི་མངའ་ཐང་དང་བོད་བཙན་པོའི་རྒྱལ་རབས་ལ་འོད་སྣང་དང་ཟིལ་ཤུགས་ནམ་ཡང་མེད་ལ། དེ་བས་གྲགས་ཆེ་བའི་ང་ཚོའི་སྲིད་འབྱོར་རིག་དངོས་དང་བཀའ་བསྟན་གཙོ་བོར་གྱུར་བའི་ནང་དོན་རིག་པའི་གཞུང་རྣམས་བོད་མིས་བདག་སྤྲོད་མི་ཐུབ་ལ་ཡུན་རིང་སྦས་པའི་གཉན་པོ་གསང་བའི་མདུད་རྒྱ་ཇི་ལྟར་གྲོལ་ཐུབ། ངོ་མ་ཆོས་རིག་གི་ཐད་ནས་གླེང་ན་རྒྱ་གར་ནི་ང་ཚོའི་མི་རིགས་ཀྱི་དགེ་རྒན་དངོས་དང། ང་ཚོ་ནི་རྒྱ་གར་གྱི་དགེ་ཕྲུག་འཁྲུལ་མེད་ཅིག་ཡིན་པར་གདོན་མི་ཟའོ། །
བོད་ཆེན་པོའི་ལོ་རྒྱུས་ལས་བསུབ་ཐབས་དཀའ་བའི་ལོ་ངན་ཏེ། ང་དགུའི་ལོར་བོད་ཁམས་ཡོངས་སུ་རྒྱ་ནག་གིས་དྲག་འཐབ་ཀྱིས་དབང་བསྒྱུར་ཏེ་བོད་མི་ཁྲི་སྟོང་མང་པོའི་ཚེ་སྲོག་རྒྱ་མིའི་མེ་མདའི་སོ་ཁ་རུ་ཤོར་ཡོད་ལ། བོད་ཁམས་ཡོངས་དམར་པོས་ཧམ་དྲི་བྲོ་བའི་ངན་གཡོ་དང་གདུག་རྩུབ་དྲག་འཐབ་ཁོ་ནས་བོད་མི་རིགས་དེ་རྩ་མེད་བཟོ་ཐབས་བྱས་པས་མཐར་༸གོང་ས་མཆོག་དབུས་པའི་བོད་མི་འབུམ་གཅིག་ཙམ་བོད་མི་རིགས་ཀྱི་བདེན་དོན་བསྐྱར་གསོ་དང་རང་དབང་ཆེད་ལམ་རྒྱགས་སྐྱུར་མོ་ཞིག་དང་ཁུར་པོ་ལྕི་མོ་ཞིག་དང་མཉམ་དུ་བྲལ་མི་ཕོད་པའི་ཕྱི་མིག་རིང་མོ་ཞིག་ཕ་སར་ཅེར་ནས་དུག་སྦྲུལ་གྱི་ཚང་དང་བཙན་རྫོང་དུ་མ་གཏོར་བཞིན་མཐར་མི་ཡུལ་དུ་མི་རིགས་གཞན་ཞིག་གི་རོགས་སྐྱོར་ཐོབ་ཕྱིར་སློང་མོ་བའི་ལམ་ལ་ཞུགས།
སྐབས་དེར། ང་ཚོ་ནི་ཅི་ཡང་མེད་པའི་སྤྲང་པོ་ཁྱུ་ཞིག་ཡིན་པ་དང། བོད་མི་ཧ་ཅང་མང་པོའི་འཚོ་གོས་དང་མདུན་ལམ་བཅས་ལ་རྒྱང་གཟིགས་གནང་དགོས་པས་ངོ་མ་ང་ཚོ་ནི་ཕ་མ་མེད་པའི་བྱིས་པ་ཞིག་གཅེར་བུར་སྤང་དུ་ལུས་པ་དང་གཉིས་སུ་མ་མཆིས། སྐབས་དེར་རྒྱ་གར་གྱི་སྲིད་བློན་དམ་པ་དཔལ་ལྡན་ནེ་རུ་མཆོག་གིས་༸གོང་ས་མཆོག་དང་ང་ཚོ་བོད་མི་བཙན་བྱོལ་བ་ཡོངས་ལ་འཚོ་ཐབས་དང་སྡོད་གནས་སོགས་མཁོ་སྒྲུབ་གནང་ཞིང། དེ་ནས་རིམ་བཞིན་བོད་པའི་གཞིས་ཆགས་ཁག་གསར་འཛུགས་དང། དེ་ནས་ང་ཚོའི་ཆོས་དང་རིག་གཞུང་ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་ཕྱིར་རྒྱ་གར་གཞུང་ནས་༸གོང་ས་མཆོག་གི་དགོངས་མངའ་བཞིན་སློབ་གྲྭ་ཁག་ཟུར་དུ་བཙུགས་ཆོག་པའི་ཆོག་མཆན་ཐོབ་ཡོད།
རང་ཡུལ་དགྲ་ལག་ཏུ་ཤོར་ཞིང་མི་ཡུལ་ནས་གཞན་བརྟེན་རྐྱང་རྐྱང་གི་ལོ་ཟླ་རིམ་བརྩེགས་ཀྱིས་མི་ལོ་ཧྲིལ་པོ་ལྔ་བཅུའི་ནང་། རྒྱ་གར་གཞུང་མང་གཉིས་ཀྱི་དངོས་ཤུགས་བརྒྱུད་གསུམ་གྱི་བཀའ་དྲིན་ལ་བརྟེན། ༸གོང་ས་མཆོག་གི་ཕྱིར་སྐྱོད་ཀྱི་མཛད་འཕྲིན་དང་བོད་དོན་ལ་ཉིན་བཞིན་རྒྱལ་སྤྱིའི་སྟེང་དོ་སྣང་དང་གདེང་འཇོག་ཐོབ་ཀྱིན་ཡོད་ལ། ང་ཚོ་ལ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་དང་གོང་འཕེལ་གྱི་ལམ་བུར་བསྐྱོད་ཐུབ་པ་ནི། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ཉག་གཅིག་ཡིན།
ཅི་ཡང་མེད་ལ་ཕ་ས་མི་ལག་ཏུ་ཤོར་བའི་དུས་རབས་ཕྱེད་ཙམ་རིང། རྒྱ་གར་གཞུང་མང་གཉིས་ཀྱི་བླ་མེད་ཀྱི་བཀའ་དྲིན་ལ་བརྟེན་གཞན་ཡུལ་ན་མང་གཙོའི་ལྟ་གྲུབ་མ་ཚང་བ་མེད་ཅིང་ཆེས་མཐོའི་ཀ་བ་གསུམ་གྱི་འཛིན་སྐྱོང་འོག་སྒྲིག་འཛུགས་དང་འཐུས་སྒོ་ཡོངས་སུ་ཚང་བའི་བཙན་བྱོལ་བོད་གཞུང་དེ་དབུ་བརྙེས་ཐུབ་ཅིང། དེ་ནས་རིམ་བཞིན་བོད་མིའི་ནང་བསྟན་རིག་གནས་གོང་འཕེལ་ཕྱིར། གདན་ས་གསུམ་གཙོ་བོར་གྱུར་བའི་རིས་མེད་ཀྱི་ཆོས་ཀྱི་རྔ་སྒྲ་སྒྲོག་སའི་དགོན་སྡེ་གྲྭ་ཚང་ཁག་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གཞུང་དང་བོད་མི་ཡོངས་འདུས་སྡོད་དང་འཚོ་ཐབས་ཕྱིར་ད་བར་བོད་མི་གཞིས་ཆགས་བདུན་ཅུ་ལྷག་བཙུགས་ཡོད་ལ། དེ་བས་བོད་མི་རིགས་ཀྱི་རང་དབང་སླར་གསོ་ཡོང་ཐབས་སུ་བོད་ཕྲུག་རྣམས་ལ་ཤེས་ཡོན་སྤྲོད་རྒྱུ་ནི་མེད་དུ་མི་རུང་བས་༸གོང་ས་མཆོག་གི་ཐུགས་དགོངས་བཞིན། བོད་ནས་གསར་དུ་སླེབས་པའི་བོད་ཕྲུག་ཁྲི་སྟོང་མང་པོ་དང་དེ་བས་ཉམ་ཐག་དང་དྭ་ཕྲུག་སོགས་ལ་དམིགས་ཏེ། རང་མི་རིགས་ཀྱི་སྐད་དང་ཡི་གེ་ཆོས་རིག་ཡུལ་གོམས་གཤིས་ལུགས་སོགས་སྦྱངས་པ་བྱེད་སའི་མ་ལག་མ་ཚང་བ་མེད་པའི་གཏན་སློབ་བརྩིས་པའི་ད་བར་ཤེས་ཡོན་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཁག་བརྒྱད་ཅུ་ལྷག་གསར་འཛུགས་བྱས་ཡོད། མདོར་ན། རྒན་གསོ་ཁང་དང། ལག་ཤེས་སློབ་གྲྭ་སོགས་བོད་མི་རྒན་གཞོན་བར་གསུམ་གྱི་ཉིན་རེའི་འཚོ་བ་རང་ཁ་རང་གསོ་ཐུབ་ལ། དེ་བས་དུས་འདིར་ང་ཚོ་བོད་ཀྱི་རྩ་དོན་ལ། ཉིན་བཞིན་དོ་སྣང་བྱེད་མཁན་ཇེ་མང་དང་བོད་དོན་ལ་འཛམ་གླིང་མི་མང་དང་ཡང་སྒོས་རྒྱ་གར་མི་མང་དང་ཡུལ་མི་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་ནས་དངོས་ཤུགས་བརྒྱུད་གསུམ་ནས་དབང་ཤུགས་ཇི་ལྟར་བྱས་ཀྱང་རྒྱ་གར་གཞུང་ནས་སྣང་མེད་ཐོག་བོད་མིར་རྒྱབ་སྐྱོར་ཆད་མེད་ཞུ་བཞིན་ཡོད།
འཛམ་གླིང་གི་ལོ་རྒྱུས་ནང་མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་མི་ལོ་ཧྲིལ་པོ་ལྔ་བཅུའི་རིང་གནས་ཚང་གཡར་བ་ཞིག་ཧ་ལམ་བྱུང་མྱོང་མེད། ང་ཚོ་བོད་མི་མི་རེ་ངོ་རེས་རྒྱ་གར་གཞུང་མང་གི་བཀའ་དྲིན་སྙིང་ལ་བཅངས་ནས་ཇི་སྲིད་བོད་ཀྱི་བདེན་དོན་མ་གསལ་བར་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་ནུས་ཤུགས་འདོན་དགོས་ལ། མ་འོངས་བོད་གཞིས་བྱེས་ལྷན་འཛོམས་བྱུང་མཚམས་ང་ཚོས་རྒྱ་གར་གཞུང་མང་གི་བཀའ་དྲིན་རྗེས་དྲན་གྱིས་མི་ལོ་ལྔ་བཅུར་གཡར་བའི་བུ་ལོན་དང་གནས་ཚང་ཏན་ཏན་གུན་གསབ་བྱེད་དགོས་ཤིང། ཇི་སྲིད་བསྐལ་པ་མ་སྟོང་དེ་སྲིད་བོད་མི་རིགས་མི་འཇིག་པར། ང་ཚོ་བོད་མི་ས་ཡ་དྲུག་གིས་རྒྱ་གར་གཞུང་མང་གི་བཀའ་དྲིན་བརྗེད་མི་ཐུབ་ལ་བཙན་བྱོལ་བའི་དུས་སྐབས་དེ་ནི་བོད་ཆེན་པོའི་རྒྱལ་རབས་ལོ་རྒྱུས་ནང་ཆོས་ཕྱོགས་གཅིག་པུ་ནས་བསམ་ན་རང་ཡུལ་མི་ལག་ཏུ་ཤོར་བ་དང་རང་དབང་མེད་པས་ཆེས་སྐྱི་གཡའ་བའི་དུས་སྐབས་ཤིག་ཏུ་བརྩི་སྲིད།
ཕྱོགས་གཞན་ནས་གླེང་ན་མེས་པོའི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་གཟི་བརྗིད་དང་ཟིན་ཐོ་གསར་པ་ཞིག་ཡིན་ལ། ང་ཚོས་སྨྲ་བརྗོད་དང་འདྲ་མཉམ། རང་དབང་སོགས་ཀྱི་ཕྱིར་འགྲུལ་བཞུད་ཀྱི་དུས་སྐབས་རྩ་ཆེན་ཞིག་ཡིན།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་འདས་ཟིན་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རྒྱ་གར་དང་བོད་གཉིས་ལ་ཆོས་དང་རིག་གནས་སོགས་གང་ཅིའི་ཐད་གཞན་དང་མི་འདྲ་བའི་འབྲེལ་འདྲིས་ཟབ་མོ་ཡོད་པ་ལོ་རྒྱུས་ཀྱི་བྱུང་རིམ་བཞིན་བཀོད་པ་ཅུང་བཟང། འབྲེལ་འདྲིས་བྱུང་བའི་བརྒྱུད་རིམ་ལས་རྒྱ་གར་ནི་བོད་ལ་བཀའ་དྲིན་ཆེན་པོ་ཡིན་ཚུལ་བརྗོད་པའི་ཚིག་གི་ཉམས་ཀྱང་ཅུང་ལེགས། ཁྱད་པར་དུ་བཙན་བྱོལ་བོད་མིའི༌འཚོ་ཐབས་དང་མདུན་ལམ་ཐད་རྒྱ་གར་གྱི་རོགས་སྐྱོར་བྱས་པ་ཕྱོགས་དུ་མ་ནས་གསལ་སྟོན་བྱས་ཏེ་རྒྱ་གར་གཞུང་མང་གི་བཀའ་དྲིན་གསལ་བཤད་བྱས་ཚུལ་ཞིབ་ཚགས་པོ་དང་ཆ་ཚང་བ་བྱུང་འདུག རྩོམ་ཡིག་གི་ཚིག་སྦྱོར་འབྲེལ་ཆགས་ཤིང་དོན་བརྗོད་ཀྱི་ནུས་པ་ལྡན། འོན་ཀྱང་རྩོམ་ཡིག་མཇུག་སྡུད་སྟངས་ལ་སྐྱོན་གྱི་ཆ་མེད་ཀྱང་ནུས་པ་ལྡན་པ་ཞིག་བྱུང་མི་འདུག་པས། རྩོམ་ཡིག་གཞན་གྱི་ལེགས་ཆ་མང་ཙམ་སྡུད་ལེན་བྱ་བར་ཐུགས་སྣང་དགོས་གལ་ཆེ་སྙམ།

མདུན་ཤོག

Menu