[toc]

ངའི་སེམས་གཏིང་གི་བོད།(ཨང་དང་པོ)

སུ་ཇ་བོད་ཁྱིམ་སློབ་གྲྭ།     སེང་གདོང་སྐྱབས།

ཕྱི་སྣོད་བཀོད་པས་ཡིད་དབང་རབ་འཕྲོག་སྐྱེ་རྒུ་འགུག་པའི་དཔྱིད། །ནང་བཅུད་སྐྱེ་འགྲོའི་ལྟ་སྤྱོད་རབ་གཙང་རིགས་མང་འགྲོ་བའི་མཆོག །སྙན་ངག་ཚིག་གིས་བསྟོད་ན་འདོད་དོ་སུམ་རྩེན་ཁ་བའི་ལྗོངས། །ཟླུམ་གཟུགས་གོ་ལའི་ཏོག་ལྟར་མཛེས་པ་བསྐལ་བརྒྱར་རབ་ཏུ་བརྟན།  །
ངའི་དྲན་ངོགས་སུ་ཡང་ཡང་འཆར་བ་ནི་ཁོ་བོའི་ཤ་ཁྲག་གདོས་བཅས་ཀྱི་ལུས་རྟེན་འཇིག་རྟེན་དུ་ཐོག་མར་འཕོས་སའམ། ཆེས་ཐོག་མའི་ངུ་ངག་གི་དབྱངས་རྟ་ཤུགས་ཀྱིས་གྱེར་སའི་མཐའ་བཞི་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་སཱ་ལའི་སྨན་ལྗོངས་ཏེ།  འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་འབོད་པའི་ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་གནས་པུར་རྒྱལ་བོད་ཅེས་བྱ་བ་དེ་ཡིན། དེའི་ཕྱིའི་སྣོད་ཀྱི་བཀོད་པའི་ཡུལ་ལྗོངས་ལྟ་བས་ཆོག་མི་ཤེས་ཏེ་རབ་ཏུ་མཛེས་པའི་མེ་ཏོག་སྣ་ཚོགས་ཀྱིས་དཔྱིད་དཔལ་གྱི་ལང་ཚོ་ཡོངས་སུ་ངོམ་པར་བྱེད་ཅིང། ད་དུང་བརྗིད་ཉམས་དོད་པའི་གསེར་གྱི་ལྷུན་པོ་ལྟ་བུའི་སྤང་རི། དེ་བཞིན་བལྟས་པས་མཐའ་མི་དཔོག་པའི་གཡུ་ཡི་མཎྜལ་དང་ངོ་བོ་གཅིག་ཏུ་འདྲེས་པའི་མཚོ་མོ་སོགས་ངོ་མཚར་བའི་རང་བྱུང་གི་མཛེས་སྡུག་གིས་ཡིད་ལ་སྤྲོ་བ་ངང་གིས་སྦྱིན་འོང། གནས་དེ་ན། རང་དབང་བདེ་སྐྱིད་ཀྱིས་འཚོ་བའི་ཕྱུགས་རིགས་དཀར་ནག་ཀྱང་བགྲང་གིས་མི་ལང་བས། དགུང་གི་སྐར་ཚོགས་ས་རུ་གཏོར་བ་ལྟ་བུ་ཡིན།  འདི་ནི་བོད་ཡུལ་ཏེ།  སུམ་རྩེན་གྲོང་གི་ཟླ་རུ་འགྱིང་བའི་མི་ཡུལ་གྱི་དག་ཞིང་དང། གླུ་གར་གྱི་རྒྱ་མཚོ་ཞེས་ཀུན་གྱིས་མགྲིན་གཅིག་གིས་བསྟོད་པའི་གདོང་དམར་བོད་ཀྱི་ཞིང་ཁམས་འདིའི་མཛེས་སྡུག་གི་རྣམ་པ་ཡིན།
དེ་བཞིན་གནས་མཆོག་འདིའི་བདག་པོ་སྟེ་ནང་བཅུད་ཀྱི་སྐྱེ་འགྲོ་ལ་ཡང་ངོ་མཚར་ཞིང་ཁྱད་དུ་འཕགས་པའི་ཐུན་མོང་མ་ཡིན་པའི་དགེ་མཚན་བླ་མེད་ཡོད། དེ་ཡང་ཀུན་གྱིས་བསྔགས་པའི་བོད་ཀྱི་རིག་གཞུང་གི་ངོ་བོ་ཡང་བྱ་རོག་སོར་རྟོག་གི་རྗེས་སུ་མ་སོང་བར་ཚད་ལྡན་གྱི་ལུང་དང་ཡང་དག་པའི་རིགས་པས་གཏན་ལ་ཕབ་ཡོད་ཕྱིར། བོད་མི་ཚོ་ཕྱི་ཐག་རིང་ཞིང་ཁྲེལ་བག་ལྡན་པ། ངང་རྒྱུད་རིང་ལ་ཡིད་གཏོད་རུང་བ། གཤིས་ཀ་འཇམ་ལ་ལྟ་སྤྱོད་ལེགས་པ་སོགས་ཀྱིས་ཀུན་ནས་སྤུད་པས། མིའི་རིགས་ཀྱི་ཉིན་རེའི་འཚོ་བའི་ནང་མེད་དུ་མི་རུང་བའི་ལུས་ངག་ཡིད་གསུམ་དང་ལྟ་སྒོམ་སྤྱོད་གསུམ་གྱི་ལུགས་བཟང་རྒྱུན་འབྱམས་སུ་ཡོད་པ་འདི་ཀུན་གྱིས་བསྟོད་པའི་མཐེ་བོང་སྒྲེང་བའི་གནས་མ་ཡིན་ནམ། དེ་བས། གཞན་ཕན་ལྷག་བསམ་ཡིད་ཀྱི་མཆོད་པ་ཡིན། ཁྱེད་བཟང་ང་བཟང་ངག་གི་འགྱུར་ཁུག་ཡིན། ཅི་ལྕོགས་ནུས་པ་ལུས་ཀྱི་སྟངས་སྟབས་ཡིན།
གང་ལྟར། འདི་ལྟ་བུའི་དཔལ་ཡོན་གྱིས་ཡོངས་སུ་ཕྱུག་པ་འདི་བོད་མི་ཁོ་ནར་མངའ་བའི་མཆོག་གྱུར་གྱི་རིག་གནས་མ་ལག་དང་བཅས་པ་སྒོ་ཀུན་ནས་འགྲན་ཟླ་བྲལ་བ་ཞིག་གོ །
རེད་ཡ། འདི་ནི་རིགས་རུས་ལ་དབྱེ་བ་མེད་པར་ཀུན་གྱི་དུངས་པ་ཅིག་ཅར་དུ་བཀུག་མྱོང་བའི་ངའི་ལྟེ་ཁྲག་འཐོར་སའི་ཕ་ཁྱིམ་གྱི་མཛེས་པ་ཡང་ཡིན། བསམ་གཞིགས་ཀྱི་གཉེར་མ་དཔྲལ་བར་སྡུད་ཐེངས་རེར། ངས་གསལ་ལེར་དྲན་པ་ནི་བོད་པའི་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་ལས་འདའ་ཐུབ་མེད་པས། སྨོན་འདུན་གྱི་སོར་བཅུའི་ཐལ་མོ་སྙིང་ལ་སྦྱར་ནས། ཅོལ་ཆུང་བའི་སེམས་གཏིང་གི་རུས་རྒྱུད་འདིའི་མངའ་ཐང་ཚེ་ཚེ་རབས་རབས་ནས་ཡར་ངོའི་ཟླ་ལྟར་དར་ཞིང་རྒྱས་པར་སྨོན།
ཇི་སྲིད་བསྐལ་པ་འབྱུང་བཞིའི་དབྱིངས་སུ་མ་ཐིམ་བར། །དེ་སྲིད་རྒྱལ་བསྟན་དར་ཞིང་ཡུན་དུ་གནས་གྱུར་ཅིག།།
ཇི་སྲིད་བསྐལ་པ་བདེ་བར་གནས་པ་དེ་སྲིད་དུ། །གངས་ལྗོངས་དཔལ་ཡོན་དར་ཞིང་སྙན་གྲགས་འབར་གྱུར་ཅིག།།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་ནང་རྩོམ་པ་པོས་གསལ་བཤད་དང་བཀོད་འབྲི་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ། རང་ཡུལ་གངས་ལྗོངས་ཀྱི་ངོ་མཚར་ཡིད་དུ་འོང་བའི་ཕྱི༌སྣོད་ཀྱི་བཀོད་པའི་མཛེས་སྡུག་དང་། ནང་བཅུད་ཀྱི་གངས་རིའི་བདག་པོ་ཁ་བ་གངས་ཅན་པ་རྣམས་ཀྱི་བསམ་བློའི་དཔལ་ཡོན་བཅས་སྡེབ་ལེགས་པའི་ཚིག་གི༌ཕྲེང་བར་བཀོད་དེ། ཀློག་མཁན་རྣམས་ལ་རང་ཡུལ་གངས་ཅན་གྱི་སྣོད་བཅུད་ཀྱི་མཛེས་སྡུག་ལམ་མེར་བཀྲལ་བ་བརྒྱུད། གངས་ལྗོངས་ན་གཞོན་རྣམས་ཀྱིས་རང་གི་ཕ་ཡུལ་བོད་ལ་བཅངས་པའི་བརྩེ་དུང་ཟབ་མོ་དེ་མཚོན་ཐབས་བྱས་ཡོད།
རྩོམ་ཡིག་གི་ཚིག་སྦྱོར་སྙན་ཞིང་ནང་དོན་ཟབ་པར༌མ་ཟད། བརྗོད་དོན་གཙོ་བོ་དམ་འཛིན་བྱས་པའི་ཐོག མཇུག་སྡུད་པའི་སྐབས་སུ་བརྗོད་དོན་གཙོ་བོ་ཕྱོགས་བསྡུས་ཀྱིས་འབུར་དུ་བཏོད་པ་བཅས་རྩོམ་སྟངས་ལ་ཅུང་བྱང་ཆ་ལྡན་པར་སྣང། མུ་མཐུད་རྩོམ་ཡིག་གི་ནང་དོན་ཇུས་འགོད་ལེགས་པོ་ཡོང་ཐབས་དང་ལྷན་ཟབ་ཚད་ཐད་འབད་བརྩོན་བྱས་ན། རྩོམ་ཡིག་ཐུང་ཐུང་། ནང་དོན་ཟབ་པོ། མཚོན་ཐབས་ངོ་མཚར་ཅན་བཅས་དེང་སྐབས་མཐོང་དཀོན་པའི་རྩོམ་ཡིག་འབྲི་ཐུབ་པ་ཞིག་ཡོང་རེ་ཆེ་སྙམ།

ངའི་སེམས་གཏིང་གི་བོད།(ཨང་གཉིས་པ)

གོ་པལ་པུར་བོད་ཁྱིམ་སློབ་གྲྭ།  ཀུན་དགའ་ཚེ་རིང།

ལྟ་ན་སྡུག་པའི་ཤེལ་དཀར་གྱི་མཆོད་རྟེན་བཞེངས་འདྲའི་གངས་དཀར་ལྷུན་པོའི་མུ་ཁྱུད་ཀྱིས་མཐའ་ནས་བསྐོར་ཞིང། ཕྱིའི་སྣོད་བཅུད་ཀྱིས་སྐྱེ་འགྲོ་ཀུན་གྱི་ཡིད་དབང་འགུགས། བྱམས་སེམས་དང་སྙིང་རྗེ་ཡི་དྲི་ངད་ལྡང་ལ་ཞི་བདེ་ལྷིང་འཇགས་ཀྱི་དགའ་སྐྱིད་དགོད་སྒྲས་མྱོས་པའི་གདུལ་བྱ་རྣམས་ཀྱིས་ནང་བཅུད་ཀྱི་རྒྱན་ཆ་རུ་སྤྲས་པས། ཐ་ན་འབུ་སྲིན་སྲོག་ཆགས་ཡོངས་ཀྱི་ཡིད་ཀྱི་དང་བ་དབང་མེད་དུ་འཕྲོག་ནས། འཚོ་རྟེན་གྱི་གཞི་བཅོལ་སའི་གནས་མལ་དྲོན་མོ་རུ་གཞིས་ཆགས་པའི་ཁ་བ་གངས་ཅན་གྱི་ཡུལ་འདི་ནི་ངའི་གཅེས་སུ་འོས་པའི་མ་ཡུམ་བོད་ལྗོངས་རེད།
མ་ཡུམ་ལགས། སྔོ་ལྗང་གི་མཆོར་གོས་ཀྱིས་ནོར་འཛིན་དགའ་མ་ཡོངས་སུ་བརྒྱན་ཅིང་། གཡའ་དག་ལ་དུག་དྲི་དང་བྲལ་བའི་མཁའ་དབུགས་གཙང་མ་འབྱིན་རྔུབ་རེ་བྱེད་དུས། ང་ལ་སུམ་རྩེན་ལྷ་ཡི་ཁང་བཟང་ལས་ཀྱང་ལྷག་པའི་ཚོར་སྣང་ཤུགས་ཆེན་སྦྱིན་ལ་ལུས་སེམས་བདེ་བའི་རྒྱུ་རུ་འགོད། ད་དུང། ཁྲ་ལམ་མེར་ཁྱབ་པའི་རྟ་ནོར་གཡང་གི་ཕྱུགས་ཟོག་ཡངས་ཤིང་རྒྱ་ཆེ་བའི་མུ་མེད་ཀྱི་རྩྭ་ཐང་དུ་ཅི་དགར་རྩྭ་ཆུའི་དཔལ་ལ་ལོངས་སུ་སྤྱོད་པའི་ངང་ཚུལ་ནི་ངོ་མ་མིག་ཟུང་གི་སྒོ་མོ་ཕྱེ་བའི་ལྟད་མོ་མཆོག་ཏུ་གྱུར་པ་ཞིག  མ་ཟད། གཡུ་འབྲུག་སྔོན་མོ་མཁའ་རུ་རྒྱུ་འདྲའི་དུ་སྤྲིན་ལང་ལོང་གིས་འཁྲིགས་ཤིང་ཁུ་སིམ་ལྷོད་གཡེང་གིས་རོལ་བའི་སྦྲ་ནག་གི་ཚོགས་ནི་དེ་ལས་ཀྱང་ཉམས་དགའ་ཞིང་ཡིད་དུ་འོང་བ་ཞིག་མ་ཡིན་ནམ། འདི་འདྲའི་མཛེས་སྡུག་གི་སྒེག་ཉམས་ཤིག་ཁྱེད་ཀྱི་པང་ན་མཆིས་པ་ནི་བུ་ཚ་ང་ཚོའི་ཡིད་སྨོན་དང་སྤོབས་པ་སྐྱེ་དགོས་པའི་ཡུལ་ལས་མ་འདས་པར་སྙམ།
མ་ཡུམ་ལགས། ཁྱོད་ཀྱི་པང་ན་གསེར་ལྡན་དུས་ཀྱི་འཇོལ་མོའི་གླུ་སྐད་སྙན་མོ་སྒྲོག་དུས། བསིལ་རླུང་འཇམ་པོའི་སྟངས་སྟབས་དང་ལྷན་དུ་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་ལོ་ཡག་གི་སྙེ་མའི་ཁྲོད་དུ་དཀའ་སྡུག་ལས་རྣམ་པར་རྒྱལ་བའི་འཛུམ་མདངས་ཀྱི་འདབ་བརྒྱ་ལྷུག་ལྷུག་གྲོལ་བའི་ཞིང་ལས་ངལ་རྩོལ་པ་རྣམས་ཀྱི་ཞལ་རས་རྣམ་པར་བཀྲ། བག་ཕེབས་ཀྱི་འཚོ་བའི་ཁྱིམ་གཞིས་ནས་དལ་འགྲོའི་བཞུར་རྒྱུན་གྱི་སྒྲ་དབྱངས་སྙན་མོ་ཤང་ཤང་དུ་འབབ་པར་ཉན་བཞིན་མི་ཚེ་གཅིག་གི་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད། སྐབས་དེའི་ཞིང་གྲོང་གི་རྣམ་པ་ཅི་འདྲའི་བབ་ཆགས་ཤིང་ཞི་དུལ་གྱིས་གནས་ལ། ནས་ཆང་མངར་མོའི་བདུད་རྩི་མྱོང་བཞིན་རང་སེམས་ཀྱི་སྡུག་བསྔལ་ཡོད་དོ་ཅོག་ལོ་ལེགས་རྟེན་འབྲེལ་གྱིས་གཙང་མར་བཀྲུས་ནས། ཞི་བདེ་བག་ཡངས་ཀྱིས་དུས་འདའ་བའི་ངོ་མཚར་ཡུལ་གྱི་མཛེས་ལྗོངས་དང་བཀྲག་མདངས་རྒྱས་པའི་འཚོ་བའི་རྟེན་གཞི་འདི་དག་ཁྱེད་ཀྱི་རུམ་ཁོང་དྲོན་མོ་རུ་མཆིས་པ་ནི་ཅི་འདྲའི་ཁྱད་དུ་འཕགས་པའི་ཡུལ་གྱི་དྭངས་མ་ཞིག་རེད་ཨང།
མ་ཡུམ་ལགས། ངའི་སེམས་ཁོང་ན་ལྷོག་ལྷོག་ཏུ་འཕུར་བའི་བོད། མཛེས་ཤིང་ལྟ་ན་སྡུག་ལ་ཡིད་དུ་འོང་བ། དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བའི་གཞི་རྟེན་འདི་ནས་སོས་དལ་བག་ཕེབས་དང་ཞི་དུལ་ལྷིང་འཇགས་ཀྱིས་རྒྱུ་བ་ལས་དྲག་པོའི་རླུང་འཚུབ་མི་གཡུགས་ཤིང། ཁྲག་གི་དྲི་མ་བྲལ་བས་གཞི་ནས་ང་ཚོ་ནི་ས་ཡི་གོ་ལ་ཆེན་པོའི་སྟེང་གི་ཆེས་བདེ་ཞིང་སྐྱིད་པའི་མིའི་རིགས་ཡིན་པ་རྟོགས། འདི་ནི་མ་ཡུམ་ཁྱེད་ཀྱིས་གནང་བའི་ཞིམ་མངར་བྲོ་བའི་བྱིན་རླབས་ཀྱི་སྔོན་འགྲོའི་མཆོད་བརྗོད་ཀྱང་རེད།
ང་ཡི་བོད་ལ་ད་དུང་བཤད་མི་ཚར་བའི་གཏམ་རྒྱུད་ཡོད་ལ་བྲིས་མི་ཚར་བའི་ལོ་རྒྱུས་ཡོད། ད་དུང་བསྟན་མ་ཚར་བའི་ཡིད་འོང་གི་སྐྱེད་ཚལ་ཡོད་པས། ངས་ནི་སྲོག་བྲལ་གྱི་སྨྱུག་རྩེ་ནས་རང་གི་ཁྲག་གི་བཞུར་རྒྱུན་དང་སེམས་རྩ་འཁོལ་བའི་ལར་ཞེན་གྱི་ཟུངས་ཁྲག་དང་ལྷན་དུ་སེམས་གཏིང་ན་འཇིག་པ་མེད་པར་གནས་པའི་མ་ཡུམ་ལགས་བཞེངས་བསྐྲུན་བྱ་རྒྱུ་ཡིན།
དེའང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེད་ན་བླ་ན་མེད་པའི་ཆོས་རྒྱལ་ཚོའི་མཛད་རྗེས་ཡོད་ལ་བླ་རབས་དཔོན་རབས་ཚོའི་བྱ་གཞག་ཡོད། ཕོ་བྲང་པོ་ཏཱ་ལའི་རྒྱ་ཕིབས་དང་གསེར་ཏོག་ནས་མིག་གིས་མི་བཟོད་པའི་འོད་ཟེར་ལྷམ་མེར་འཕྲོ། ལྷོ་ཁའི་རྩེད་ཐང་གྲོང་གི་རི་འདབས་སུ་ཀྲོང་ངེར་འགྱིང་བའི་ཡུམ་བུ་བླ་མཁར། ཡངས་ཤིང་ཁོད་སྙོམས་པའི་སྤང་ཐང་ན་བརྗིད་པར་ཆགས་པའི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང། རྒྱ་བོད་ས་མཚམས་ན་ལངས་པའི་གུ་གུ་རྨེ་རུའི་རྡོ་རིང་རིན་པོ་ཆེ། གནའ་རབས་ཚོང་ཟོག་གི་འབྲེལ་འདྲིས་ལས་འཕྱུར་བའི་ཏུན་ཧོང་བྲག་ཕུག་སོགས་དང། ཇོ་བོ་རྣམ་གཉིས་ཀྱི་གཟི་བྱིན་འཕྲོས་པའི་ཇོ་ཁང་དང་ར་མོ་ཆེའི་གཙུག་ལག་ཁང། བྱང་གི་དགོན་ཆེན་བཞི། སེ་འབྲས་དགེ་གསུམ། སྐུ་འབུམ་བྱམས་པ་གླིང་ནས་བླ་བྲང་བཀྲ་ཤིས་འཁྱིལ་སོགས་དགོན་པ་ཆེེ་ཆུང་ཁྲི་ཕྲག་མང་པོ། དེ་དག་ཏུ་འདུས་པའི་ངུར་སྨྲིག་གི་ན་བཟའ་བཀླུབས་པའི་ཞི་དུལ་སེམས་སྦྱོང་གི་དགེ་འདུན་པ། ཆོས་དད་མང་ཚོགས་ལ་སོགས་ཀྱིས་ངེད་ཅག་ལ་ངོ་གནོང་མི་དགོས་པའི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་ཡོད།
དེས་ག་ལ་ཚད། བདག་གི་མ་ཡུམ་གངས་ལྗོངས་སུ་བཤད་མི་ཚར་བའི་གཏམ་རྒྱུད་ཡོད་པ་བརྗེད་དུ་མ་འཇུག གནའ་བོའི་ཆོས་རྒྱལ་མེས་དབོན་རྣམས་ཀྱི་སྐབས་འབུམ་དམག་དང་ཁྲི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ལ་དམག་དྲངས་ཏེ་དབང་དུ་བསྡུས་པའི་གནའ་གཏམ་ཡོད་ལ། གསན་བསམ་སློབ་གཉེར་དང་རིག་གནས་བཅུ་ཡིས་རབ་ཏུ་ཕྱུག་པའི་བླ་སྤྲུལ་མང་པོས་དམར་འཛིང་གཡུལ་འགྱེད་ཀྱི་བར་འདུམ་མཛད་མྱོང་ཞིང། ཕྱི་རོལ་མུ་སྟེགས་འདུལ་བ་དང་ཕྱི་འབྲེལ་མཛའ་གྲོགས་ཀྱི་ལག་ཟུང་བརྐྱངས་ནས་དགོངས་པ་ཟབ་པའི་སངས་རྒྱས་ཆོས་ལུགས་ཀྱིས་ཡུལ་ཁམས་ཁྱབ་མྱོང་བའི་ལོ་རྒྱུས་ཀྱང་ཆུ་བོའི་རྒྱུན་ལས་རིང། ད་དུང་སྙན་ཞིང་འཇེབས་པའི་གླུ་ངག་སྙན་མོའི་རྒྱ་མཚོ་མཆིས་ཤིང། སྒྱུ་རྩལ་གར་གྱི་སྟངས་སྟབས་འཁྱུག་པའི་ཞབས་བྲོ་འཁྲབ་རོལ་གྱི་ཉ་མོའི་འཁྱུག་འགྲོས། ཚིག་གི་ལོ་མས་མ་བསྒྲིབས་ཤིང་དོན་གྱིས་ཕྱུག་པའི་རྩོམ་རིག་རྒྱལ་སྲས་ཀྱི་ཁྲི་ཡང་མཐོ། བྱིས་པའི་བློ་ཁ་དབང་དུ་བསྒྱུར་བའི་རྒན་པོའི་འབེལ་གཏམ་དང་གནའ་སྒྲུང་ཡོད། ཐ་ན་འཇིག་རྟེན་འདིའི་བང་མཛོད་དུ་གྱུར་པའི་ནོར་བུ་མང་པོའི་འཚང་ཁ་ཤིག་ཤིག་ཏུ་རྒོད་ཅིང་འོད་ཟེར་ཆེམ་ཆེམ་དུ་འཕྲོ་བའི་གཏམ་རྒྱུད་རིང་མོ་དང་རིག་གནས་སྒྱུ་རྩལ་སོགས་ཀྱིས་བྱུར་བུར་གཏམས།
ཡིད་དུ་འོང་བའི་ངའི་ཕ་ས་ཕྱུག་མོའི་སྐྱེད་ཚལ་འགྲིམས་པར་ཕེབས་དང། གནས་དེ་ན་མེ་ཏོག་སྣ་བརྒྱའི་འདབ་སྟོང་བཞད་ཅིང་དྲི་ཞིམ་གང་སར་ལྡང་བ། རྩི་ཤིང་དང་རྐང་འཐུང་འཁྲིགས་པའི་ཚང་ཚིང་ཚོགས། གནམ་སྔོན་མོ་ས་ལ་ལྷུང་འདྲའི་མཚོ་དང་མཚེའུ། དེ་ལས་ཀྱང་ཡི་གར་འོང་བ་ནི་སྲོག་ཆགས་མོད་པོའི་གནས་གཞི་དང། འདབ་ཆགས་བྱ་ཡི་གླིང་ཕྲན། གཅན་གཟན་དང་རི་དྭགས་ཀྱི་ཁྱུ། སྐམ་གཤེར་གཉིས་ཀར་འཚོ་བའི་སྲོག་ཆགས་ཀྱིས་གང་ནས་ཡོད། ཉམ་ཆུང་དུད་འགྲོའི་གཞིས་ཀ། འབུ་སྲིན་གྲངས་ལས་འདས་པ་གནས་ངེས་མེད་དུ་ཟ་ཟིའི་གླུ་དབྱངས་ལེན་བཞིན་སྤྲོ་སྣང་ལྡན་པའི་རྣམ་པ། དེ་ལས་ཀྱང་ཧང་སངས་དགོས་པ་ཞིག་ནི་འཛམ་བུ་གླིང་གི་དཀོན་ནོར་དུ་གྱུར་པའི་བྱི་ལ༌དོམ། གཡི། གསའ། རྐྱང། འབྲོང་། དོམ་ཁྲ། ཁྲུང་ཁྲུང་སྐེ་ནག་སོགས་ཅི་དགར་ལོངས་སུ་སྤྱོད་པའི་གནས་མལ་དྲོན་མོ་ཡིན་ཞིང། མི་རིགས་ཡོངས་ཀྱིས་འཛམ་གླིང་གི་ཡང་ཐོག་ཅེས་ཁ་མིག་ཡར་ལྟ་ཡི་གཞི་མ། དཔལ་ཡོན་གྱིས་ཕྱུག་པའི་མདོ་དབུས་མཐོ་སྒང་ཕ་ས་འདིའི་གཟི་ཉམས་དང་རྔམ་བརྗིད་འགྲན་པའི་དོ་ཟླ་བྲལ་ལོ། །
འོན་ཏེ། དུས་རབས་ཀྱི་དཀྱོག་མཚམས་དང་མེ་མདའི་སོ་ཁ་ནས་ངེད་ཚང་ལ་སྡུག་སྦྱོང་མནར་གཅོད་ཀྱི་སྐྱོ་གར་ཡང་ཡོད། དེ་ནི་ལོ་ངོ་ལྔ་བཅུའི་ཡན་གྱི་ཆེས་མུན་ནག་གི་ཉིན་མོ་ཞིག  དུས་དེ་ནས་བཟུང། སྲིད་འབྱོར་རིག་གསུམ་གྱིས་ཕྱུག་པའི་འུ་ཚང་གི་ཕ་ཁྱིམ་བཟང་པོ་ཉམས་རྒུད་དུ་འགྲོ་བར་འགོ་བརྩམས་པ་རེད། མིག་ཆུ་དང་འདྲེས་པའི་འོ་དོད་དང་སྨྲེ་ངག་སྒྲོག་དགོས་བྱུང་བ་རེད། གདུག་རྩུབ་དང་དྲག་སྤྱོད་ཀྱི་ཁ་ནས་ང་ཚོའི་བོད་ནམ་ཞིག་ལ་ཐར་དགོས་པ་རེད་ལ། གྲོལ་རྒྱུའང་རེད། དེ་ནི་རང་རེའི་ཤ་རུས་གདུང་རྒྱུད་གཅིག་ཅིང་དཔའ་ངར་ཞུམ་མེད་ཀྱི་སྤུན་ཟླ་མང་པོའི་ལ་རྒྱ་དང་ཤ་ཞེན། དེ་རྣམས་གནའ་དེང་ཟུང་གི་ཤེས་བྱའི་འདབ་ལག་རྒྱས་པ་དང་རྒྱལ་སྤྱིས་བོད་དོན་ཐོག་མིག་ཟུང་རེ་ཕྱེ་ཡོད་པས་ཡིན། ངའི་སེམས་གཏིང་ན་དྲོད་ཁོལ་གྱིས་བཟུང་བ་ནི་ནམ་ཡང་ནུབ་མི་སྲིད་པའི་བོད་ཡིན། འོད་ཟེར་སྟོང་ལྡན་གྱི་ཉི་གཞོན་ཞིག་གངས་རིའི་རྩེ་ནས་ཤར་ཏེ། འདྲ་མཉམ། མང་གཙོ། མིའི་ཐོབ་ཐང་ལ་ལོངས་སུ་སྤྱོད་བཞིན་སྔར་ལྟར་ལྟ་བས་མི་ངོམས་པའི་རང་ཅག་གི་ཕ་ཡུལ་བོད་དེ་འཛུགས་སྐྲུན་བྱའོ། །
མ་ཡུམ་ལགས། ངའི་གཅེས་སུ་འོས་པའི་བོད་ལྗོངས། ཕ་བུ་ཚ་རྒྱུད་ཀྱི་ཕ་གཞིས་དྲོན་མོ། ངའི་ཟུངས་ཁྲག་གི་བཞུར་རྒྱུན་ཁྲོད་ཡོངས་སུ་ཐིམ་འདུག་ལ། ངའི་སྙིང་ཁོང་གི་འཕར་ལྡིང་ཁྲོད་ལྷོག་ལྷོག་གིས་ལྡིང་བཞིན་འདུག དེ་བས་བོད་ནི་ངའི་སེམས་གཏིང་ན་ནམ་ཡང་ནུབ་མི་སྲིད་པའི་ཉི་གཞོན་ཞིག་དང་། ངའི་དྲན་ངོགས་སུ་རྡོ་བརྐོས་ཀྱི་རི་མོ་བཞིན་བརྟན་པའི་ཡུལ་ལྗོངས་མཚར་སྡུག་ལྡན་ལ་བཀྲག་མདངས་རྒྱས་པའི་གནས་གཞི་ངོ་མ་དེའོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི༌ནང་དོན་གྱི་ཆ་ནས་དུམ་མཚམས་ཆེན་པོ་གསུམ་དུ་ཕྱེས་ཆོག། དེ་ཡང་དུམ་མཚམས་དང་པོར་ཕ་ཡུལ་བོད་ཀྱི་འབྲོག་ཁུལ་གྱི་རྣམ་པ་བཀོད་འབྲི་བྱས་ཡོད་ལ། དུམ་མཚམས་གཉིས་པར་རོང་ཁུལ་གྱི་ཡུལ་ལྗོངས་དང་འཚོ་བའི་སྐོར། དུམ་མཚམས་ཐ་མར་ཁ་གསབ་དང་བར་བཅུག་གི་ཐབས་ལམ་ལ་བརྟེན་ནས་བོད་ཀྱི་ཕྱི་སྣོད་ཀྱི་མཛེས་སྡུག་དང་ངོ་མཚར་རྨད་དུ་བྱུང་བའི་ལོ་རྒྱུས་ཀྱི་དཔལ་ཡོན་ལ་སྦྱར་ཏེ། མ་ཡུམ་བོད་ལ་བཅངས་པའི་དྭངས་ཤིང་དྲི་མ་མེད་པའི་བརྩེ་སེམས་དང། བརྟན་ཞིང་གཡོ་བ་མེད་པའི་ཡིད་ཆེས། ཟབ་ཅིང་མུ་མཐའ་མེད་པའི་དུང་ཞེན༌བཅས་ཀྱི་སྒོ་ནས། ‘‘ངས་ནི་སྲོག་བྲལ་གྱི་སྨྱུག་རྩེ་ནས་རང་གི་ཁྲག་གི་བཞུར་རྒྱུན་དང་སེམས་རྩ་འཁོལ་བའི་ལར་ཞེན་གྱི་ཟུངས་ཁྲག་དང་ལྷན་དུ་སེམས་གཏིང་ན་འཇིག་པ་མེད་པར་གནས་པའི་མ་ཡུམ་ལགས་བཞེངས་བསྐྲུན་བྱ་རྒྱུ་ཡིན།” ཞེས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་དགའ་སྤོབས་དང། ད་ལྟའི་གནས་སྟངས་ལ་གདུང་སེམས། མ་འོངས་པའི་མདུན་ལམ་ལ་སེམས་འཁུར་བཅས༌རང་ཉིད་ཀྱིས་བོད་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཡོད། 
རྩོམ་ཡིག་འདི་ལས་ང་ཚོས་མཐོང་ཐུབ་པ་ནི། རྩོམ་པ་པོས་བོད་ལ་རྒྱུས་ལོན་ཅུང་ཟབ་སྟེ། སྣོད་བཅུད་ཀྱི་བཀོད་པ་དང་གནའ་དེང་གི་ལོ་རྒྱུས་སོགས་ཕྱོགས་མང་པོ་ཞིག་དང་སྦྱར་ནས་རང་ཉིད་ཀྱི་སེམས་ཚོར་རྣམས་སྡེབ་ལེགས་པའི་ཚིག་གི་ཕྲེང་བར་སྤེལ་ཏེ་ཞིབ་འབྲི༌བྱས་ཡོད། ན་གཞོན་སློབ་མ་ཞིག་གིས་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་འདི་འདྲའི་རྩོམ་ཡིག་ཡག་པོ་ཞིག་འབྲི་ཐུབ་པ་ནི་དངོས་ནས་བསྔགས་འོས་སུ་མཐོང།
ཐུགས་སྣང་དགོས་རྒྱུ་ཞིག་ལ། རྩོམ་འབྲིའི་རྒྱུ་ཆ་ལག་ཏུ་ཐེབས་ཚད་དང་སེམས་ལ་དྲན་ཚད་མི་འབྲི་བར་སྒྲིག་གཞི་བཀོད་སྒྲིག་ལེགས་པོ་བྱས་ཏེ། རྒྱུ་ཆ་གང་ཡིན་ཡང་བརྗོད་དོན་སྟོན་ནུས་མིན་ལེགས་པར་བརྟགས་ཏེ། གང་ལེགས་པ་དེ་སྤྱད་དེ་རྒྱ་ཆེ༌བ། གནད་བསྡུས། དོན་ཟབ་པ་བཅས་ཀྱི་ཁྱད་ཆོས་གཙོ་བོར་བཟུང་འོས་སྙམ་པས། མུ་མཐུད་འབད་བརྩོན་ཡོང་བར་ཞུ།

ངའི་སེམས་གཏིང་གི་བོད།(ཨང་གསུམ་པ)

གོ་པལ་པུར་བོད་ཁྱིམ་སློབ་གྲྭ།  ཚེ་དཔག་སྒྲོལ་དཀར།

བོད། མི་ཡུལ་གྱི་ཤམ་བྷ་ལའི་མཛེས་ལྗོངས། རབ་དཀར་ལྷུན་བརྗིད་ཀྱི་གངས་རི། པུར་རྒྱལ་བོད་ཀྱི་རྣམ་ཤེས། དྭངས་གཙང་དྲི་མེད་ཀྱི་གཙང་ཆབ་སྔོན་མོ། གངས་ཅན་བོད་ཀྱི་ཚེ་སྲོག་གི་ཟུངས་ཁྲག་དྲོན་མོ། མུ་མེད་མཛེས་སྡུག་གི་རྩྭ་ཐང་ཡངས་པོ། གདོང་དམར་བོད་ཀྱི་མཚེར་ས་དྲོན་མོ། མཐིང་སྨུག་གི་སྦྲ་གུར་ཆུང་ཆུང། དབུ་ནག་བོད་ཀྱི་ཁྱིམ་གཞི་དྲོན་པོ། ད་དུང། སྦྲང་དཀར་གྱི་རྩམ་པ།  དཀར་གཙང་གི་འོ་ཞོ།  གཡང་དཀར་གྱི་ལུག་ཁྱུ། འདོ་རིགས་ཀྱི་རྟ་ཕོ་སོགས་བྲིས་མི་ཚར་བ་དུ་མ་ཞིག་རྩྭ་ཐང་དེ་ན་མཛེས་ཤིང་སྡུག
དབྱར་དུས་ཡུལ་གྲུ་དེ་ན་རྩྭ་རྩི་ཐོག་གིས་བྲོ་གར་འཁྲབ་ཅིང། འབྲི་བེའུ་ཡིས་ངུར་རྒྱངས་འཐེན། མར་ཕྱུར་གྱི་རི་རབ་བརྩིགས་ཤིང་འོ་ཞོ་ཡི་རྒྱ་མཚོ་བསྐྱིལ། སྦྲང་ཆར་ཟིམ་ཟིམ་དུ་འབབ་ཤིང་ན་བུན་གྱིས་རི་སྐེད་བཅིངས། གཡག་དང་འབྲོང་རྒོད་ཡིས་ཤ་ཤེད་ངོམ། དེ་ཡང། འབྲི་མོའི་བཞོ་དབྱངས་རིང་མོས། རྩྭ་ཐང་གི་མཛེས་སྡུག་སྒྲོག་ཅིང། འབྲོག་མོའི་མཛེས་སྡུག་གི་ལང་ཚོས། རྩྭ་ཐང་གི་ཡོད་ཚད་ལ་སྔར་མེད་ཀྱི་བཀྲག་མདངས་བསྣན།
དགུན་དུས། ཡུལ་ལྗོངས་དེ་ན། རབ་དཀར་ཁ་བའི་འདབ་མ་ལྷབ་ལྷུབ་ཏུ་འབབ་བཞིན། གྲང་ངར་གྱི་རླུང་བུ་བསིལ་བསིལ་དུ་ལྡང་། དེ་ནི་ཆེས་གྲང་བའི་ལྷགས་རླུང་ཞིག་ག་ལ་ཡིན་ཏེ། གདོང་དམར་བ་ཚོར་དགུན་ཟླའི་མཛེས་སྡུག་སླེབས་པའི་མགྲོན་བརྡ་ཞིག་ལོས་ཀྱང་ཡིན། ཆུ་མོའི་དྭངས་གཙང། སྦྲ་ནག་གི་དྲོད་ཁོལ། རྩམ་པ་ཡི་རོ་བཅུད། གཡང་དཀར་གྱི་འབའ་སྒྲ།  ཅང་ཤེས་ཀྱི་འཚེར་སྐད། འབྲི་མོའི་ངུར་སྒྲ། ད་དུང་འབྲོག་མོའི་གླུ་དབྱངས་དང།  སྟག་ཤར་གྱི་སྒྱུ་རྩལ་བསམ་ཚེ། ངའི་སེམས་གཏིང་གི་བོད།  སུས་ཀྱང་མཇལ་མ་མྱོང་བའི་ཤམ་བྷ་ལའི་མཛེས་ལྗོངས་ངོ་མ། མཛེས་སྡུག་གིས་བརྒྱན་པའི་ཕ་ས། མེ་ཏོག་གིས་བལྟམས་པའི་ཡུལ་ལྗོངས། ངའི་ཡིད་འོང་གི་ཕ་གཞིས་དྲོན་མོ། ཁྱེད་ཀྱི་ཚེ་སྲོག་མེ་ཏོག་གངས་ལྷ་བཞིན། ནམ་ཡང། མཐོ་སྒང་གི་དཔང་རྟགས་སུ་བཞད་དང། ངེད་ཚོའི་ལང་ཚོ་མཛེས་སྡུག་གི་མེ་ཏོག་བཞིན། གཏན་དུ་གངས་ལྗོངས་ཀྱི་རུམ་ཁ་རུ་དར་ངེས། ཁྱེད་ཀྱི་མཛེས་སྡུག་ཡལ་ན། ངེད་ཚོའི་ལང་ཚོ་རྫོགས་པས། ཁྱེད་རྟག་ཏུ་བཞད་རོགས། མཛེས་སྡུག་གི་ཕ་ས་དྲོན་མོ། མེ་ཏོག་གངས་ལྷ་བཞིན་བཞད་རོགས།
བོད། སྐབས་ཤིག་ལ་སུས་ཀྱང་མཐོང་མི་འདོད་པའི་ཡུལ་ས། ཁ་སང་སྟེ། ཆེས་འཁྱགས་པའི་ཁ་སང། བབས་མ་མྱོང་བའི་ཁ་བ་ནག་པོ་འབབ་པའི་དགུན་ཟླ་གྲང་མོ། ཐན་ལྟས་ཀྱི་ལོ་ནག  དེ་དུས་གངས་ཅན་པ། དམག་ཟོར་རྒྱལ་མོའི་གཡུལ་ས་ནས། ཁྲག་གིས་བྲིས་པའི་གཏམ་རྒྱུད་དང། རོ་ཡིས་བཀོད་པའི་འཇིག་རྟེན་ལ་སྒུག་དགོས་བྱུང། ཁྱེད་ཕམ་ང་རྒྱལ་གྱི་གཡུལ་ས་དེ་ནས་རང་ཉིད་ཀྱིས་རང་ཉིད་བོར་བའི་རྣམ་ཐར་སྐྱུར་མོར་ལག་ཟུང་སྙོབ། ཁྲི་ཤོར་རྒྱལ་མོ་ཁྲག་གིས་བཀླུབས་ཤིང། མ་ཕམ་གཡུ་མཚོ་རོ་ཡིས་བརྫིས་པས། པོ་ཏ་ལའི་ལས་སྐལ་ལ་ལྐོག་ལྟ་བྱེད་ཁོམ་མ་རེག་མོད། ཕོ་བྲང་དམར་པོར་གྱེས་མཇལ་ཞུས་པ་ནས། སུས་ཀྱང་རིག་མ་མྱོང་བའི་ལ་ཁའི་དར་ལྕོག་རེད། གངས་སེང་གིས་ཕྱིར་མིག་ལྟ་སའི་ཉག་ཁ་དེ་ནས། ཁྲག་གིས་བྲིས་པའི་ལོ་རྒྱུས་ཀྱི་གླེགས་བམ་རུམ་ཞིང། རོ་ཡིས་སྲུང་བའི་སྲོང་བཙན་གྱི་བང་སོ་ཉར། ཆེས་འཇིགས་རུང་གི་གཡུལ་ས་དེ་ནས། དུར་ཁྲོད་ཀྱི་ཁ་དོག་འཚོལ་མཁན་མང་དྲགས་ཐལ། ངོ་མ་མང་དྲགས་ཐལ། དུར་ས་དེ་ནས་བྲལ་མི་ཐུབ་པའི་རྣམ་ཤེས་དུ་མ། སླར་ཡང། སྐྱུར་ཁ་བཙན་པའི་ལོ་རྒྱུས་དམར་པོར་འཐམས། སྙིང་རེ་རྗེ། ཡ་རེ་ང། གནམ་རྒན་མ། གོད་ཆག་མཐའ་དག་སུ་ཞིག་གིས་བཏང་བའི་བཀའ་རྒྱ་རེད། ངོ་མ་བཙན་དྲགས་ཐལ། ད་དུང་ཡང་རྣམ་ཤེས་རྨས་མ་ཞིག་གིས་རང་ལ་མཁོ་བའི་མཐའ་མཇུག་གི་མགྲོན་པོར་སྒུག་བཞིན་བསུ། ལས་དབང་སྐྱུར་མོ་དང། གཞན་དབང་བཙན་པོའི་རུམ་ཁ་ནས། རང་གི་མགྲོན་པོར་སྒུག་པའི་ཆོད་སེམས་ནམ་ཡང་ནུབ་མི་སྲིད། འོན་ཀྱང། བཏང་བ་མང་ཡང་ཐོབ་པ་ཉུང་བའི་གཡུལ་ས་ཞེ་སྔངས། ཅི་ཞིག་གིས་བལྟམས་པའི་དུར་ཁྲོད་ནག་པོ་རེད། ངེད་ཚོས་འདི་ལྟར་བསམ་ཞིང། འདི་ལྟར་འདྲི། གནམ་རྒན་མར་སྙིང་རྗེ་ལྡན་ཚེ་གཡུལ་ས་དེའི་གཏིང་འོག་བརྗེ་རོགས།  ཀུན་གྱི་བླ་སྲོག་གཏམ་རྒྱུད་དེ་དང་གཡུལ་ས་དེ་རུ་འཁྱམས་ན་མི་འདོད། དྲང་བདེན་གྱི་ཕོ་བྲང་ལ། རྒྱལ་ཁ་ཡི་ཀ་བ་འཛུགས་རོགས། ཉམ་ཆུང་གི་ཚེ་སྲོག་ལ། འགྲན་མེད་ཀྱི་རང་དབང་སྩོལ་རོགས། གདོད་མ་ཡི་ཤམ་བྷ་ལའི་གནས་མཆོག ཁྲག་གིས་བརྫིས་པའི་གཡུལ་ས་ཞིག་ཏུ་འགྱུར་དགོས་དོན་ཅི་ཡིན་ནམ། དྲན་གདུང་དང་རེ་སྒུག་མང་བའི་གཡུལ་ས་འདི་ཅི་འདྲའི་འཇིགས་ཤིང་སྐྲག་ཨང། གཡུལ་ས་དེ་གདོང་དམར་ཚང་གི་མཐའ་མཇུག་གི་ཕ་ས་དེ་མིན་པར་སྨོན།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་གཟུགས་རྒྱན་དང་རབ་རྟོག་གི་རྒྱན་མང་དུ་སྤྱད་དེ༌རང་ཡུལ་བོད་ཀྱི་མཛེས་ལྗོངས་ལ་བསྔགས་བརྗོད་བྱེད་པ་དང་ཆབས་ཅིག་རང་ཉིད་ཀྱི་བོད་ལ་བཅངས་པའི་གཏིང་ཟབ་ཅིང་ཤུགས་དྲག་པའི་བརྩེ་སེམས་མཚོན་ཞིང། ཞི་བདེའི་མཛེས་ལྗོངས་སུ་བཙན་དབང་དང་སྡུག་སྦྱོང་རྒྱུན་ཆད་མེད་པར་གནས་པའི་ལས་དབང་ལ་གདུང་སེམས་མཉམ་སྐྱེད་ཀྱི་སེམས་ཚོར་མཚོན་ཡོད།
རྩོམ་ཡིག་གིི་མགོ་མཇུག་བར་གསུམ་དུ་རང་ཉིད་ཀྱི་བོད་ལ་བཅངས་པའི་བརྩེ་དུང་ཟབ་མོ་དང་བོད་ཀྱི་ཡ་ང་བའི་ལས་དབང་གཉིས་ཟུང་འབྲེལ་བགྱིས་ཏེ། ཚིག་རྒྱན་དང་གདངས་དབྱངས་སྙན་པོའི་སྒོ་ནས་མཚོན་ཐབས་བྱས་པ་བཅས་ཚིག་གི་སྦྱོར་བ་ལེགས། སྒྲིག་གཞིའི་ཐད་བརྗོད་དོན་གཙོ་བོ་དམ་འཛིན་བྱས་ཡོད་པས་སྤྲོ་སྣང་འཕེལ་བའི་རྒྱུ་རུ་མཐོང།
འོན་ཀྱང་། བོད་ཡུལ་གྱི་མཛེས་ལྗོངས་ནས་ཡ་ང་བའི་གནས་སྟངས་བར་བརྗོད་བྱའི་ནང་དོན་འབྲེལ་མཐུད་བྱས་པ་བཙན་ཚུགས་ཀྱི་རྣམ་པ་མངོན་གསལ་དུ་མཐོང་ཐུབ༌ཅིང། བརྗོད་དོན་སྙིང་པོའི་ཐད་རང་ཉིད་ཀྱི་སེམས་ཚོར་མངོན་ཐབས་ཙམ་མ་ཡིན་པར། རྒྱ་ཆེའི་ཀློག་མཁན་ལ་རྩོམ་ཡིག་གི་སེམས་སྐྱེད་དང་ཤུགས་རྐྱེན་གཏོང་ཐུབ་པའི་རིན་ཐང་ཡང་དགོས་ངེས་ལགས་ན། དེའི་ཐད་དམིགས་བསལ་གྱིས་ཐུགས་སྣང་ཡོང་བར་ཞུ།

མདུན་ཤོག

Menu