[toc]

བརྩེ་ལྡན་ཕ་མའི་བཀའ་དྲིན།(ཨང་དང་པོ)

མེའོ་གཏན་སློབ།    ཆོས་ཉིད་སྒྲོལ་དཀར།

ངའི་ནང་ལ་མི་ལྔ་ཡོད། ངའི་པཱ་ལགས་ཀྱི་མིང་ལ་བཀྲ་ཤིས་རྒྱལ་མཚན་ཟེར། ངའི་ཨ་མ་གྲོངས་ནས་ལོ་མང་པོ་ཕྱིན། ཨ་མ་མེད་ནའང་ཨ་མ་ཡོད་པ་ནང་བཞིན་པཱ་ལགས་ཀྱིས་བརྩེ་བ་དང་བྱམས་སྐྱོང་བྱེད་ཀྱི་འདུག
ང་ལ་ཅ་ལག་གང་དགོས་པ་དེ་པཱ་ལགས་ཀྱིས་སྤྲོད་ཀྱི་འདུག ངའི་ནང་ནི་ཨ་མ་མེད་ན་ཡང་གཙང་མ་ཞིག་ཡོད། པཱ་ལགས་ཀྱིས་ཞིང་ཁའི་ལས་ཀ་བྱས་པ་ལ་བརྟེན་ནས་ང་ཚོ་ནང་མི་རྣམས་འཚོ་བ་སྐྱེལ་གྱི་ཡོད། རྨོ་མོས་ཀྱང་ཨ་མ་ནང་བཞིན་ང་ལ་བྱམས་པོ་བྱེད་ཀྱི་འདུག ངའི་ཨ་མ་མེད་ན་ཡང་ནང་ལ་ཨ་མ་ལགས་ཡོད་པ་དང་འདྲ། ནང་ལ་ལས་ཀ་ཚང་མ་པཱ་ལགས་ཀྱིས་བྱས་ནས་ཨ་མ་ཡོད་པ་ནང་བཞིན་འདུག ངས་ནང་ལ་ལས་ཀ་བྱེད་དུས་ཨ་མ་དྲན་གྱི་འདུག པཱ་ལགས་ཀྱིས་ཕྲུ་གུ་ལ་བརྩེ་བ་དང་སྐྱིད་པོ་ཚང་མ་སྤྲོད་ཀྱི་འདུག ནང་ལ་པཱ་ལགས་ཀྱིས་ཡག་པོ་བྱས་ནས་སྐྱིད་པོ་ཡོད། པཱ་ལགས་ནི་ལས་ཀ་བྱས་ནས་དཀའ་ངལ་འཕྲད་ཀྱི་ཡོད་ནའང། ཨ་མའི་བརྩེ་བ་དང་ཚང་མ་པཱ་ལགས་ཀྱིས་སྤྲོད་ཀྱི་འདུག སེམས་སྐྱིད་པོ་དེ་ཨ་མ་མེད་ནའང་པཱ་ལགས་ཀྱིས་སྤྲོད་ཀྱི་འདུག
ང་འཛིན་གྲྭ་གཉིས་པར་སླེབས་དུས་ཨ་མ་འདས་གྲོངས་སུ་ཕྱིན། སློབ་ཕྲུག་གཞན་རྣམས་ཀྱི་ཨ་མས་སོ་སོའི་ཕྲུ་གུ་ལ་བྱམས་སྐྱོང་གནང་བ་མཐོང་དུས་ང་རང་སེམས་པ་སྐྱོ་ཡི་འདུག ཡིན་ཡང། ང་རང་གི་པཱ་ལགས་ཀྱིས་ཨ་མ་དང་ཁྱད་མེད་བྱམས་སྐྱོང་གནང་དུས་ང་རང་གི་པཱ་ལགས་དེ་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་བྱུང།
ང་རང་གི་དམིགས་ཡུལ་ནི་ང་རང་སློབ་སྦྱོང་ཡག་པོ་སྦྱངས་ནས་མ་འོངས་པར་ང་རང་གི་པཱ་ལགས་དང་སོ་སོའི་རྒྱལ་ཁབ་ཀྱི་དོན་དུ་ལས་ཀ་ཡག་པོ་བྱེད་རྒྱུ་ཡིན། ད་ལྟ་པཱ་ལགས་ཀྱིས་ང་ཚོའི་དོན་དུ་དཀའ་ལས་མང་པོ་རྒྱག་གི་འདུག པཱ་ལགས་ལ་རོགས་པ་བྱེད་མཁན་ནི་སུ་ཡང་མེད། གང་ལགས་ཤེ་ན། ང་ཚོ་ཚང་མ་བུ་མོ་དང་སློབ་སྦྱོང་བྱེད་མཁན་ཡིན་སྟབས་པཱ་ལགས་ལ་དཀའ་ངལ་ཆེན་པོ་འདུག དེར་བརྟེན། ངས་བརྩེ་ལྡན་གྱི་ཕ་མའི་བཀའ་དྲིན་དུས་ནམ་ཡང་བརྗེད་ཀྱི་མེད། ཕ་མ་ནི་བརྩེ་ལྡན་དང་བཀའ་དྲིན་ཆེན་པོ་ཡིན་པ་ངས་པཱ་ལགས་ཀྱི་སྟེང་ནས་ཤེས་བྱུང།
ངའི་པཱ་ལགས་དང་འདྲ་བར་ཕྲུ་གུ་གཞན་གྱི་པཱ་ལགས་རྣམས་ཕྲུ་གུ་ལ་ཡག་པོ་བྱེད་པ་དང། ངའི་པཱ་ལགས་ཚེ་རིང་པོར་བཞུགས་པའི་སྨོན་ལམ་ཡོད།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་གོ་རིམ་ལྡོག་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཡིན། རྩོམ་ཡིག་གི་འགོར་རང་ཁྱིམ་དུ་ནང་མི་ཅི་ཡོད་དང། ཕ་མའི་གནས་སྟངས། ཁྱད་པར་པཱ་ལགས་ཀྱི་གོ་བབ་(འདི་ནི་རྩོམ་ཡིག་གི་བརྗོད་དོན་གཙོ་བོའང་ཡིན་)བཅས་ཚིག་ཉུང་ངུས་གནད་ལ་ཁེལ་བའི་གསལ་སྟོན་བྱས་ཡོད། འདི་ལྟར་རྩོམ་ཡིག་གི་རྒྱབ་ལྗོངས་བཀོད་འབྲི་བྱས་པའི་རྗེས་སུ། དུམ་ཚན་གཉིས་པའི་ནང་པཱ་ལགས་ཀྱིས་ཨ་མ་མེད་པའི་བུ་ཕྲུག་རྣམས་ལ་བྱམས་སྐྱོང་ཇི་ལྟར་གནང་བའི་ཚུལ་རྣམས་དཔེ་མཚོན་རང་བཞིན་དུ་དྲངས། དེ་རྗེས་ཀྱི་དུམ་ཚན་དེའི་ནང་རྩོམ་པ་པོ་རང་ཉིད་ཀྱིས་པཱ་ལགས་ཀྱི་བཀའ་དྲིན་བསམ་ཤེས་ཀྱི་སྒོ་ནས་སློབ་སྦྱོང་ལ་བརྩོན་འགྲུས་བྱེད་པའི་ཆོད་སེམས་མཚོན་ཡོད། དུམ་ཚན་མཐའ་མ་དེར་རྩོམ་པ་པོས། ངའི་པཱ་ལགས་དང་འདྲ་བར་ཕྲུ་གུ་གཞན་གྱི་པཱ་ལགས་རྣམས་ཕྲུ་གུ་ལ་ཡག་པོ་བྱེད་པ། ཞེས་རང་ཉིད་ཀྱི་པཱ་ལགས་ཀྱིས་རང་ལ་གནང་བའི་བྱམས་སྐྱོང་དེ་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཕྲུ་གུ་གཞན་རྣམས་ལའང་དེ་ལྟ་བུའི་བྱམས་སྐྱོང་དགོས་གལ་ཆེ་བའི་ཉམས་མྱོང་མཚོན་ཡོད་པ་འདི་ནི། རྩོམ་ཡིག་ཧྲིལ་པོའི་ནང་དོན་གྱི་མཐོ་རླབས་ཡིན་ཞིང། དེ་རྗེས་པཱ་ལགས་སྐུ་ཚེ་རིང་བའི་སྨོན་འདུན་གྱིས་རང་ཉིད་ཀྱིས་པཱ་ལགས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པ་འདིས་རྩོམ་ཡིག་གི་མཇུག་བསྡུས་པས། རྩོམ་ཡིག་གི་བརྗོད་དོན་གཙོ་བོར་རམ་འདེགས་ཤུགས་ཆེན་བྱས་ཡོད་པས། རྩོམ་ཡིག་འདིའི་ལེགས་ཆ་ཆེ་ཤོས་ནི་བརྗོད་དོན་གཙོ་བོ་དམ་འཛིན་ཐུབ་པ་དང། རྩོམ་ཡིག་གི་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་གང་ལེགས་བྱུང་འདུག་པ་བཅས་ཡིན།
རྩོམ་ཡིག་ནང་ཡིག་ནོར་རེ་ཟུང་དང་ཚིག་སྦྱོར་ཐད་ལེགས་བཅོས་དགོས་པ་ཅུང་ཟད་མཆིས་པས། རྩོམ་ཡིག་འབྲི་ཀློག་དང་སྐད་ཆའི་སྒྱུ་རྩལ་ཐད་མུ་མཐུད་ཐུགས་སྣང་བྱས་ན་རྩོམ་རྩལ་ཡར་རྒྱས་ཡོང་བར་གདོན་མི་ཟའོ། །

བརྩེ་ལྡན་ཕ་མའི་བཀའ་དྲིན།(ཨང་གཉིས་པ)

 སུ་ཇ་བོད་ཁྱིམ་སློབ་གྲྭ།     ཤ་བོ་མཆོད་རྟེན།

གངས་ཅན་ཨ་མའི་མངལ་སྦུག་ལས་སྐྱེས་ཤིང། སྤྲེལ་རྒན་སེམས་དཔའི་རིགས་རྒྱུད་དུ་གཏོགས་པའི་ཉིན་མོ་དེ་ནས་བཟུང། ངའི་ཡ་ཆུང་སེམས་ཁོང་ན་ཡང་ཡང་འཁོར་ཞིང་ཁྲ་ཆུང་མིག་ལམ་ན་ནམ་ཡང་རྒྱུ་བ་ནི་བརྩེ་ལྡན་གྱི་ཕ་མ་གཉིས་ཡིན་པ་མ་ཟད། སྟོང་བསམ་དང་རྨི་ལམ་གྱི་ཞིང་ཁམས་སུ་རྟག་ཏུ་དྲན་པ་དེ་ཡང་བརྩེ་ལྡན་ཕ་མའི་བཀའ་དྲིན་ཡིན།
    བྱིས་དུས་ཀྱི་ང་རང་གཉོམ་ལག་མ་རྒྱས་པའི་སྐབས་སུ། འགྲོ་འདུག་སྡོད་གསུམ་གྱི་ཆ་ལུགས་ལ་དྲིན་ཆེན་ཨ་མའི་ཐུགས་བྱམས་པོས་གཉོར་སྐྱོང་གནང་སོང་ལ། ལག་འཇམ་པོས་བྱམས་པོ་གནང་སོང། སྐབས་ཐོག་དེར། ཅི་ཡང་མི་ཤེས་པའི་ང། བྱེའུ་ཕྲུག་དམར་རྗེན་བཞིན་དུ་ཐམས་ཅད་འཁུམས་ནས་ཐ་ན་བཙོག་གཅིན་ཡང་ཕ་མའི་གཉའ་ལ་གཏོང་དུས། དྲིན་ཆེན་ཕ་མས་འཛུམ་མདངས་ཤིག་དང་ཁོང་དགོད་ཙམ་ལས་ངར་ངར་རྫིག་རྫིག་གི་རྣམ་འགྱུར་ཞིག་ནམ་ཡང་བསྟན་མྱོང་མེད། ངས་རྐང་ལག་བཞི་ས་ལ་བཙུགས་ཏེ་གོག་ནས་འགྲོ་དུས་ཀྱང། ཐོག་མར་འཇམ་པའི་ཕྱག་ཟུང་གིས་སྐྱོར་ཏེ་གོམ་ཙེ་སྐྱ་ཙེ་བསླབས་ཤིང་རིམ་བཞིན་ང་ནི་རང་རྐྱ་ཐུབ་པའི་སྒོ་ནས་འགྲོ་ཐུབ་པ་བཟོས་པ་འདི་ཡང་ཕ་མའི་བཀའ་དྲིན་ལས་གཞན་ཅི། གལ་སྲིད་ཁྱེད་ཀྱིས་ང་རང་ལ་འགྲོ་འདུག་གི་ཆ་ལུགས་བསླབས་མེད་ཚེ། ཕལ་ཆེར་དེ་རིང་གི་ང་རང་འགྲོ་འདུག་ཙམ་ཡང་མི་ཤེས་པའི་གླེན་ཕྲུག་ཅིག་ཆགས་མེད་པ་ག་ལ་སྲིད།
ལོ་ཟླའི་འཁོར་སྐྱོད་ཀྱི་བརྒྱུད་རིམ་དང་བསྟུན་ནས་ང་རང་འགྲོ་འདུག་གི་ཆ་ལུགས་ལ་བྱང་ཆ་ཐོབ་ཀྱང། ཕ་མ་ལགས། ཁྱོད་ཀྱིས་ད་དུང་ཡང་ཟས་ཞིམ་པོ་ཁམ་གང་ཡོད་ཀྱང་ང་རང་ལ་སྤྲད་བྱུང་ལ། གོས་འཇམ་པོ་འདོམ་གང་ཡོད་ཀྱང་རང་ཉིད་ཀྱིས་མི་གྱོན་པར་ཕངས་སེམས་མེད་པར་ང་རང་ལ་གཡོགས། ལག་ཟུང་སེར་ཁས་ཁེངས་ཀྱང་བུ་ཆུང་ངའི་བདེ་སྡུག་གི་ཆེད་དུ་དགོང་འཕྱི་ཉལ་དང་ནངས་སྔ་ལངས་ཀྱིས་ཁྱིམ་ལས་དག་ཆད་ལྷག་མེད་པར་བྱས། ངས་སྤྱོད་ངན་ཆུང་ངུ་ཙམ་ཞིག་བྱས་ཀྱང་སུན་སྣང་མེད་པར་སྙན་པའི་གསུང་གིས་བསླབ་བྱ་རྒྱག་དུས། ཕ་མ་ལགས། ཁྱེད་ནི་ང་ཡི་མགོན་སྐྱབས་རེད་བསམས་བྱུང་། མགོན་པོ་ཁྱེད་ཀྱི་བྱམས་བརྩེ་དེ་ཅི་འདྲའི་ཟབ་ལ་ཅི་འདྲའི་ཡངས་པ་ལ་ཨང་སྙམ།
བཅུ་དྲུག་ལང་ཚོའི་ཐེམ་སྐས་བསྙེགས་ནས་རང་མགོ་རང་གིས་ཐོན་པའི་དུས་ཚོད་དེ་ལའང་། ཕ་མ་ལགས། ཁྱེད་ཀྱིས་སྔར་བཞིན་ད་དུང་ཡང་ང་ལ་སེམས་ཁྲལ་བྱེད་ཅིང། མཚམས་མཚམས་སུ་བསླབ་བྱ་གནང། ངོ་མ། ཁྱེད་ཀྱི་ངག་སྙན་པོའི་བསླབ་བྱ་དེ་དག་གིས། ངའི་སྙིང་ཁམས་ལ་གཡོ་འགུལ་ཆེན་པོ་ཐེབས་ཏེ་མིག་ཟུང་ལས་མཆི་མ་དབང་མེད་དུ་བཞུར་བ་ཐེངས་གཅིག་ག་ལ་ཡིན།
སེན་མགོ་ཁྲག་དང་སེན་རྟིང་རྣག་གིས་བརྫིས་པའི་ལོ་ཟླ་དེ་དག་ཏུའང། ཕ་མ་ལགས། ཡོང་འབབ་ཅུང་ཙམ་ལས་མེད་ཀྱང་སོ་སོས་མི་སྤྱོད་པར་བུ་ཆུང་ངའི་ཕྱོགས་སུ་བཏང་བ་གྲངས་ཀས་ཟིན་ནམ། དེའི་ཕྱིར། ཕ་མའི་ཞལ་རས་གཉེར་མས་ཁེངས་ཤིང་འགྲོ་འདུག་འཁར་བར་བཅོལ་བ་གོ་དུས། ཕ་མ་ལགས། ཁྱེད་ཀྱི་བརྩེ་དུང་དེ་ངས་ཅི་ལྟར་ཚད་གཞལ་ལམ། ཡང་ན། ཁྱེད་ཀྱི་བཀའ་དྲིན་དེ་ངས་འཇལ་ཐུབ་བམ། ངོ་མ། ང་རང་ལ་མཚོན་ན། འཇིག་རྟེན་འདིར་ཁྱེད་ལས་ལྷག་པ་ཞིག་ཡོད་མི་སྲིད།
ཕ་མ་ལགས། ཁྱེད་ཀྱི་བྱམས་བརྩེའི་ཐུགས་རྒྱུད་ཀྱིས་ང་རང་ལ་ཚུལ་མཐུན་གྱི་ཀུན་སྤྱོད་བསྩལ་བྱུང་ལ། ཁྱེད་ཀྱི་དོན་ལྡན་གྱི་བསླབ་བྱ་ཡིས་ང་རང་ལ་འགྱུར་མེད་ཀྱི་མི་གཞི་གནང་བྱུང། ཁྱེད་ཀྱི་བརྩེ་དུང་དང་སྙིང་རྗེ་ཡིས་ང་རང་ལ་མ་འོངས་པའི་བདེ་སྐྱིད་གནང་བྱུང། དེའི་ཕྱིར། ཕ་མ་ལགས། ཁྱེད་ནི་ནམ་ཡང་ནུབ་མི་སྲིད་པའི་རྡོ་རིང་ཞིག་རེད་ལ། ཁྱེད་ནི་གཏན་དུ་འོད་དུ་འཚེར་བའི་ཉིན་བྱེད་དབང་པོ་ལགས། ནམ་ཞིག་གི་ཚེ་ཁྱེད་གཉིས་ཀྱི་བཀའ་དྲིན་དེ་ཅི་ནས་ཀྱང་འཇལ་དུ་ཡོང་ངེས། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་རང་ཉིད་འཇིག་རྟེན་དཀར་ངོགས་སུ་སླེབས་པ་ནས་བཟུང་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་དྲིན་ལྡན་ཕ་མའི་བྱམས་བརྩེ་ངང་གཉོར་སྐྱོང་ཇི་ལྟར་གནང་ཚུལ་རྣམས་བཀོད་འབྲི་བྱས་པ་དང༌སྦྲགས། སྐྱེ་བོ་ཞིག་གི་མི་ཚེའི་ནང་ཕ་མའི་བཀའ་དྲིན་ནི་གཞལ་མཐའ་བྲལ་ནའང། དེ་དག་ལས་གལ་ཆེ་ཤོས་ནི་དྲིན་ལྡན་ཕ་མའི་བྱམས་བརྩེའི་ཐུགས་རྒྱུད་དང། དོན་ལྡན་གྱི་བསླབ་བྱ༌བཅས་ཡིན་སྟབས། ཕ་མ་ནི་ནམ་ཡང་ནུབ་མི་སྲིད་པའི་རྡོ་རིང་དང། འོད་སྟོང་ཅན་ཉི་མ་ལྟ་བུའི་གདེང་འཇོག་ཆེན་པོ་བྱས་ཡོད། རྩོམ་ཡིག་གི་ཚིག་སྦྱོར་སྙན་ཞིང་དབྱངས་ཀྱི་འདེགས་འཇོག་རན་པ། ནང་དོན་གོང་འོག་འབྲེལ་ཆགས་ཤིང་བཀོད་འབྲི་དང་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་ནས་བརྗོད་དོན་གཙོ་བོ་གང་ལེགས་མཚོན་ཐུབ་པ་བྱུང་འདུག། 
རྩོམ་ཡིག་གི་འགོ་འཛུགས་སྟངས་བརྗིད་ཉམས་དང་ལྡན་ལ། སྤྱི་སྡོམ་དང་བརྣན་པའི་སྒོ་ནས་མཇུག་སྡུད་སྟངས་ཕན་ནུས་ལྡན་པ་བྱུང་འདུག༌པའི་ཐོག རྩོམ་འབྲིའི་རྒྱུ་ཆ་གདམ་གསེས་དང་བཀོལ་སྤྱོད་བྱེད་སྟངས་ཀྱང་ཅུང་ལེགས། འོན་ཀྱང། མ་རྩོམ་ནང་དུམ་ཚན་དབྱེ་སྟངས་དང། བཀོད་འབྲིའི་ཐབས་རྩལ་སྤྱོད་སྐབས་རགས་པ་དང་མདོར་བསྡུས་ཙམ་མ་ཡིན་པར། དགོས་ངེས་ཡོད་སར་ཞིབ་འབྲི་བྱས་པའི་སྒོ་ནས་བརྗོད་གཞིའི་རྣམ་པ་གསོན་ཉམས་ལྡན་པར་འབུར་འདོན་བྱ་རྒྱུ་དང། དུང་སེམས་མཚོན་པའི་འབྲི་ཐབས་སྤྱོད་སྐབས་ཁོར་ཡུག་དང། དཔེ་གཟུགས། བྱ་སྤྱོད་སོགས་ཀྱི་སྒོ་ནས་རང་ཉིད་ཀྱི་ཡིད་འགྱུར་མཚོན་ཐབས་བྱེད་པ་ལྟ་བུའི་ཐབས་རྩལ་བཀོལ་སྤྱོད་ཐད་འབད་བརྩོན་མུ་མཐུད་ཡོང་བའི་རེ་འདུན་བཅས།

བརྩེ་ལྡན་ཕ་མའི་བཀའ་དྲིན།(ཨང་གསུམ་པ)

གོ་པལ་པུར་བོད་ཁྱིམ་སློབ་གྲྭ།    ཀརྨ་ཚེ་དབང།

ངའི་ཚེ་སྲོག་གི་འདབ་མ་སྦྲ་འདབས་སུ་འཐོར། ལས་དབང་ལ་གཤོག་པ་ཁྱད་མཚར་ཞིག་ཐོགས། འདི་ལྟར། འདོད་འདུན་སྨུག་པོས་གཤོག་ཟུང་མཁའ་རུ་བརྐྱངས། རྒྱང་བཞུད་ཀྱི་སྣེ་མོར་འཇུས།
ཨ་ཕ། ཨ་མ། བུ་ཆུང་གི་འདོད་འདུན་གྱི་ཆེད་དུ་མཆོག་གསུམ་ལ་སྨྲེ་ངག་བཏོན་ཏེ། ཁྱི་སྤྱང་གི་སྡེར་འོག་ནས་བསྐྱལ། སྟོན་མཇུག་གི་སྡོང་ལོར་སེར་ཤ་ལྷུང་དུས། ནུབ་ཕྱོགས་ཀྱི་གཅེས་ལོར་གྱུར།
ཉིན་དེ་ནས་བཟུང། འཇིག་རྟེན་ལ་བདེ་བ་མེད། ཚོར་བ་ལ་བདེ་སྐྱིད་དབེན། ཨ་ཕ། ཨ་མ། བརྩེ་བ་འཇམ་པོ་གོས་སུ་གྱོན་ཏེ། དུང་བ་ཟབ་མོ་ཧུབ་ཀྱིས་རྔུབ་དུས་གསོན་བྲལ་གྱི་འཇིགས་སྣང་མ་རྟོགས་པས་ས་མཐའི་སྐྱོ་གར་གླེང་བ་ལ་ཁོང་དགོད་རེ་བྱེད་ཀྱིན་རང་ཉིད་ཀྱི་འདོད་འདུན་ལ་བཀག་སྡོམ་ཞིག་བྱས་མ་མྱོང།
ཨ་ཕ། ཨ་མ། སྤྱན་ཆབ་ཀྱི་ཐིགས་པ་རེ་རེ་ཡིས་སེམས་གཏམ་དྲོན་མོ་རེ་གླེང་དུས། ངའི་སེམས་པ་རྡོ་ལས་མཁྲེགས་ལ་རི་ལས་ལྕི།
ཨ་ཕ། ཨ་མ། ཁྱེད་གཉིས་མེད་པ་ན། བདེ་སྣང་གི་རྩེད་འཇོ་མེད་ལ། བདེ་སྐྱིད་ཀྱི་དགོད་སྒྲ་དབེན། ངའི་འདོད་འདུན་ཡོད་ཚད་སུས་བརླག་པའང་མི་ཚོར་བར་ཡུལ་གྲུ་འདིའི་མཁའ་དབུགས་རྔུབ་མི་འདོད། ལོ་ཟླ་མཛུབ་རྩེ་རུ་བགྲང་སྟེ། བར་སྟོང་གི་དུས་ཚོད་རེ་དང་བསྟུན་ནས་ཕ་མའི་བསླབ་བྱའི་མན་ངག་རེ་རེ་ཟིན་ཐོར་བཀོད་པ་ཡང་ཉུང་ཉུང་མིན། གཞན་ཡང་འདིར་དྲོད་ཁོལ་འཛོམས་ཀྱང་ཁེར་རྐྱང་གི་སེམས་པ་གྲང་ཤུར་ཤུར།
ཨ་ཕ། ཨ་མ། བདག་གི་ཕ་མ། དུངས་སྣང་གི་ཕ་མ། མཚན་གཞུང་གི་ཟླ་ཟེར་འོག་ན་ངས་ཁེར་རྐྱང་གི་སྐྱོ་གླུ་ལེན་བཞིན་ཁྱེད་གཉིས་ཀྱི་པར་ཆུང་སྙིང་ཁར་སྦྱར་ཏེ་འདས་སོང་གི་འཚོ་བར་བསམ་གཞིགས་དང་དགུ་ཚིགས་སྐྱ་མོའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དུས་ཁྱེད་གཉིས་ཀྱི་ཞི་འཇམ་གྱི་པང་ཁ་དྲན་བྱུང།
ཨ་ཕ། ཨ་མ། ཁྱེད་གཉིས་མེད་པའི་འཇིག་རྟེན་གྱི་འཚོ་བ་རྫ་མཐོའི་ཡུ་མོ་ཁེར་སྨྱོན་བཞིན་ཁ་ཆར་བུ་ཡུག་གི་ཁྲོད་དུ་གར་འགྲོ་གར་སྡོད་བདེ་སྐྱིད་ཀྱི་ཚོར་སྣང་གིས་སྟོངས་ཤིང། ཁྱེད་གཉིས་ཀྱི་བྱམས་བརྩེའི་འོད་རླབས་མེད་ན་འཚོལ་སྙེག་གི་ཕུགས་བསམ་དབེན། འཇིག་རྟེན་ན་ཅི་ཞིག་གི་ཆེད་དུ་གསོན་ཡོད་པའང་མི་ཤེས།
དོན་ལྔ་སྣོད་དྲུག་གི་ཟབ་སར་འཕག་འཚག་གིས་ང་རོ་སྒྲོག ཨ་ཕ། ཨ་མ། ཚོར་ཤུགས་ཉམས་པའི་མི་ཡུལ་འདི་ནས་ངས་བསམ་གཞིགས་ཀྱི་རི་ཀླུང་འགྲིམ་སྟེ་འུ་ཅག་གི་ལས་དབང་ལ་བསམ་པ་ཡང་ཡང་འཁོར་རུང་བདག་ལ་ཐོབ་པ་ནི་འཁྱག་སོབ་སོབ་ཀྱི་མིག་ཆུ་ཁོ་ན། བྲང་གཞུང་ཁུ་ཚུར་གྱིས་བརྡུང་དུས་བླ་འཁྱམས་ཀྱི་བེམ་པོ་རེད།
ཨ་་་་་་   ལས་དབང་འདི།  སྐྱོ་གདུང་གི་ཀློང་ན་ལུས་ཡོད་དུས་ནམ་ཞིག་ལ་དྲན་གདུང་གི་སྨུག་པ་སངས་ཤིང་སེམས་སྡུག་གི་ཆབ་རོམ་ཞུ་སྟེ་ལྷན་འཛོམས་ཀྱི་དགོད་སྒྲ་སྒྲོག་ཐུབ་བམ། ཨ་ཕ། ཨ་མ།  ཁྱེད་གཉིས་གང་དུ་ཡོད། གང་དུ་ཡོད།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་བརྩེ་བའི་ཕ་མ་དང་རིང་དུ་གྱེས་པའི་དྲན་གདུང་གི་སེམས་ཚོར་ཞིབ་འབྲི་བྱས་པའི་ལྷུག་རྩོམ་ཞིག་རེད།
རྩོམ་ཡིག་ཏུ་བྱེས་པ་ཞིག་གིས་ཕ་ཡུལ་གྱི་བྱམས་ལྡན་ཕ་མའི་ཞལ་རས་ཀྱི་འཛུམ་མདངས་དང། བརྩེ་དྲོད་ཀྱིས་ཁེངས་པའི་གསུང་ཚིག་གསལ་ལེར་དྲན་པའི་སེམས་ཚོར་ཟབ་མོ་བྲིས་ཡོད་པར་མ་ཟད། ཕ་མ་མེད་ཚེ་འཚོ་བར་དོན་སྙིང་མེད་ཅིང། ལྷག་པར་ས་མཐའི་འཚོ་བའི་ཁྲོད་ཕ་མའི་བཀའ་དྲིན་བསམ་ཤེས་ཀྱིས་རང་ཉིད་ཀྱི་བརྩེ་དུང་ཟབ་མོ་མཚོན་ཡོད།
རྩོམ་ཡིག་ཏུ་ལྷུག་རྩོམ་གྱི་སྙན་ཆ་དང་འགྱུར་ཁུག་མངོན་པར་གསལ་བ། ཚིག་སྦྱོར་སྙན་ཞིང་འབྲེལ་ཆགས་པ། དུམ་ཚན་དང་ཚིག་གི་གཅོད་མཚམས་གསལ་བ། སྒྲིག་གཞིའང་གང་ལེགས་བྱུང་འདུག དོན་བརྗོད་རང་བཞིན་གྱི་ལྷུག་རྩོམ་འབྲི་སྐབས། རྒྱས་བཤད་དང།་བཀོད་འབྲི།  དུང་སེམས་མཚོན་པའི་ཐབས་རྩལ་ཙམ་ལས་བརྒལ་ཏེ། ཁ་གསབ་དང་བར་བཅུག་སོགས་ཀྱི་ཐབས་རྩལ་ཀྱང་གང་འོས་སྤྱད་ཆོག རྩོམ་ཡིག་གི་བརྗོད་དོན་གཙོ་བོ་མཚོན་ཐབས་ཐད་ལ་ཐུགས་སྣང་བྱ་གལ་ཆེ། དཔེར་ན། རྩོམ་ཡིག་ནང་ཕ་མ་དང་ཁ་བྲལ༌བའི་གནས་སྟངས་དེ་མི་སྒེར་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ལ་དགོངས་ཏེ། མཇུག་གི་དུམ་ཚན་ནང་ཟབ་འཇུག་བྱ་ཐུབ་ཚེ་རྩོམ་ཡིག་གི་ལྗིད་ཁོག་ཇེ་ཆེར་འགྲོ་བའི་དགེ་མཚན་ཡོད་སྙམ།

མདུན་ཤོག

Menu