[toc]

སྲོལ་རྒྱུན་རིག་གནས་ཀྱི་ཕན་རླབས།(ཨང་དང་པོ)

གོ་པལ་པུར་བོད་ཁྱིམ། ཀུན་བཟང་ཐོགས་མེད།

གླེང་བརྗོད།

གསེར་མདོག་འཚེར་བའི་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་ཁྲོད་དུ་ང་ཚོའི་རླབས་ཆེན་གྱི་བཙན་པོ་རིམ་བྱོན་དང༌། ལོ་པན་མཁས་གྲུབ་མང་པོས་མི་ཡུལ་གྱི་དག་ཞིང་དུ་འབོད་པའི་ཕ་ཡུལ་གངས་ལྗོངས་འདིར་བཅུ་ཕྲག་རིག་གནས་ཀྱི་ས་བོན་ཐོག་མར་བཏབ་ཅིང༌། སྲོལ་རྒྱུན་ཤེས་རིག་གི་ཉི་འོད་ཐོག་མར་འཕྲོས་སུ་བཅུག་མྱོང༌།
དུས་དེ་ནས་བཟུང༌། ཉི་མ་དང་ཧ་ཅང་བར་ཐག་ཉེ་བའི་ཡུལ་གྲུ་འདི་ནི་གཞན་ཕན་དང་ཞི་བདེ་རྩ་བར་བཟུང་བའི་རླབས་ཆེན་གྱི་ཤེས་རིག་ཅིག་གི་འབྱུང་ཁུངས་སུ་གྱུར་ཅིང༌། བཟང་སྤྱོད་དང་ཁྲེལ་བག་གཙིགས་སུ་འཛིན་པའི་སྲོལ་རྒྱུན་ཀུན་སྤྱོད་རིང་ལུགས་པའི་མིག་ལྟོས་བྱེད་ཡུལ་དུ་གྱུར། འདི་ལྟར་གངས་ལྗོངས་སྲོལ་རྒྱུན་རིག་གནས་ཀྱི་དགེ་མཚན་ཧི་མ་ལ་ཡའི་གངས་རི་བརྒལ་ནས་འཛམ་གླིང་འདིའི་གྲུ་ཟུར་ཀུན་ལ་ལྷོད་ཀྱིས་ཁྱབ་འགོ་ཚུགས་པ་དང༌། མཉམ་དུ་ཐུན་མོང་མ་ཡིན་པའི་རིག་གཞུང་འདི་ལ་རེ་བཞག་དང་ཞིབ་འཇུག་བྱེད་མཁན་ཡང༌། རྩྭ་ཐང་གི་མེ་ཏོག་བཞིན་གཅིག་རྗེས་གཉིས་མཐུད་དུ་བཞད་འགོ་བརྩམས་སོང༌། དེ་རིང་ས་སྒང་འདིའི་ཐོག་གི་བསམ་བློ་བ་དང་ལོ་རྒྱུས་སྨྲ་བ། དཔྱད་བརྗོད་མཁན། ཆབ་སྲིད་པ་སོགས་གང་མང་ཞིག་གིས་ཡིད་ཆེས་དང་སྨོན་འདུན་ནི། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ད་གཟོད་འགྲན་རྩོད་དང་རྡུལ་ཕྲན་གྱི་དུས་རབས་འདིར་ང་ཚོ་ཐུན་མོང་ལ་དབང་བའི་འཇིག་རྟེན་མི་ཡུལ་གྱི་སྤྱི་ཚོགས་འདིར་ཞི་བདེ་དང་མཐུན་སྒྲིལ། མཉམ་གནས། འདྲ་མཉམ། རང་དབང་བཅས་ཀྱིས་ཁེངས་པའི་སང་ཉིན་གསར་པ་ཞིག་འདྲེན་རྒྱུ་དེ་མ་ཡིན་ནམ།
ཐུན་མོང་གི་རྨི་ལམ་འདི་དང༌། ཐུན་མོང་གི་བྱ་བཞག་འདི་འགྲུབ་པར་ཐོག་མར་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞུང་ལུགས་རེ་རེའི་རང་སྟེང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཕན་རླབས་ངོས་ཟིན་དགོས་པ་ནི་ཅིས་ཀྱང་གཡོལ་ཐབས་མེད་པའི་འགན་འཁྲི་ཞིག་རེད།

སྲོལ་རྒྱུན་བོད་ཀྱིབརྡ་སྤྲོད་རིག་གནས།

    སློབ་དཔོན་ཐོན་མིའི་དབྱངས་གསལ་སོ་བཞིའི་བྱིན་རླབས་ལོ་རྒྱུས་ཀྱི་གཞུང་རྟར་ཞུགས་པ་ནས་བཟུང་བོད་ཀྱི་བརྡ་སྤྲོད་པའི་སྐྱ་རེངས་ཐོག་མར་ཤར་འགོ་ཚུགས། “བྱེ་བྲག་རྟོགས་བྱེད་ཆེན་མོ་”དང་”སྐད་གསར་བཅད་རིམ་པ་གསུམ་”གྱི་བརྒྱུད་རིམ་ལས་རིམ་བཞིན་བོད་ཀྱི་བརྡ་སྤྲོད་རིག་གནས་ལ་སྐྱེ་སྟོབས་རྒྱས་འགོ་ཚུགས་ཤིང༌། སི་ཏུ་པན་ཆེན་དང་པྲ་ཏི་དགེ་བཤེས་སོགས་ཀྱི་བཀའ་དྲིན་ལས་ད་གཟོད་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཀྱི་གཞི་རྐང་ཡོངས་སུ་ཚུགས་སོང༌།
དུས་དེ་ནས་བཟུང༌། དབྱངས་གསལ་སོ་བཞིའི་སྦྱོར་བ་འདིས་ནང་བསྟན་གཞུང་ལུགས་ཀྱིས་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ཡོངས་རྫོགས་ལེགས་སྦྱར་ལྷ་ཡི་སྐད་དང་འདྲ་བར་ཡོངས་སུ་སྟོན་ཐུབ་པར་གྱུར། ད་དུང་བརྡ་སྤྲོད་ཀྱི་སྦྱོར་བ་འདིས་དེང་རབས་ཚན་རྩལ་རྩིས་གསུམ་དང༌། སྲོལ་རྒྱུན་ལྟ་གྲུབ་ལུང་གསུམ་འཆུག་མེད་དུ་སྟོན་ཐུབ་པས། ངེས་དོན་དུ་བརྡ་སྤྲོད་ཀྱི་གཞུང་ལུགས་འདིས་བསྡུས་པའི་སྐད་ཡིག་དབྱངས་གསལ་སོ་བཞི་ནི་འཛམ་གླིང་ཡི་གེའི་རྒྱལ་པོ་ཡིན་ཞེས་སྨྲ་བར་སྤོབས།   

སྲོལ་རྒྱུན་བོད་ཀྱི་གཏན་ཚིགས་རིག་པ།

དགག་སྒྲུབ་དང་གཏན་ཚིགས་གཉིས་ནི་ཡང་དག་པའི་གཞུང་ལུགས་གཏན་ལ་འབེབས་བྱེད་གཤོག་ཟུང་ཡིན་པ་བཞིན། 《ཚད་མ་ཀུན་བཏུས་》དང་ 《ཚད་མ་རྣམ་འགྲེལ་》གྱི་འོད་སྣང་ང་ཚོའི་ཕ་ཡུལ་དུ་འཕྲོས་པ་ནས་བཟུང་བོད་རང་གི་ཚད་མའི་གཞུང་ལུགས་ལའང་རང་ཉིད་ཀྱི་ཁ་ཕྱོགས་དང་ཁྱད་ཆོས་ལྡན་ཞིང༌། ཕྱ་བ་ཆོས་ཀྱི་སེངྒེ་སོགས་བོད་རང་གི་རིགས་པའི་སེང་ཆེན་བརྒྱད་སོགས་ལ་བརྟེན་ནས་རིམ་བཞིན་བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་ཕྱོགས་ཡོངས་ནས་གཏན་ཚིགས་དང་རྒྱུ་མཚན་གྱི་བདེན་དཔང་ཡོད་པར་གྱུར། དེར་བརྟེན། ང་ཚོས་རིག་གཞུང་འདིའི་ཐབས་རྩལ་བཀོལ་ནས་ལྟ་གྲུབ་དང་བྱ་དངོས་གང་ལའང་ཕྱོགས་སུ་མ་ལྷུང་བར་བརྟག་དཔྱད་བྱེད་ཆོག་ལ། འབྱུང་འགྱུར་གྱི་རིག་གཞུང་མ་ལག་གཞན་པ་སྟེ། དཔེར་ན། སྐྱེ་དངོས་རྫས་གསུམ་དང་ས་ཁམས་ལོ་རྒྱུས་སོགས་ཀྱང་རིགས་ལམ་འདི་བཀོལ་ནས་སྤུས་ཀ་ཇེ་ལེགས་སུ་གཏོང་བར་ཕན་ནུས་འདོན་ཐུབ།
བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས་འདི་ནི་འཕྲུལ་འཁོར་དང་ཚན་རིག་གི་དུས་རབས་འདིར་ཆེས་མེད་དུ་མི་རུང་བའི་གཞུང་ལུགས་ཤིག་སྟེ། འདི་ལས་ང་ཚོས་ལེགས་ཉེས་ཀྱི་སྤྱན་ཟུང་རྙེད་ངེས་ལ། སྤང་བླང་གི་ལམ་ཁའང་མཐོང་ངེས་ཡིན།

སྲོལ་རྒྱུན་བོད་ཀྱི་བཟོ་ལས་རིག་གནས།

བཟོ་ལས་འཕྲུལ་འཁོར་གྱི་ཚད་གཞི་ཡང་རྩེར་སླེབས་པའི་དུས་རབས་ཉེར་གཅིག་པ་འདིའི་ནང་དུ། གལ་ཏེ་སུ་ཞིག་གིས་བོད་ཀྱི་སྲོལ་རྒྱུན་བཟོའི་རིག་གཞུང་དགོས་མེད་དུ་འདོད་ཚེ། དེ་ནི་ཤིན་ཏུ་ནས་ཀྱང་ཐལ་ཆེ་བར་འགྱུར་ཏེ། སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱེ་གསེར་དངུལ་ཟངས་གསུམ་སོགས་ཀྱི་བཟོ་ལས་དང་མཉམ་དུ་ནང་རྩ་རླུང་མཉམ་སྦྱོར་གྱི་མན་ངག་བཅོ་བརྒྱད་ཀྱང་བཟོ་རིག་པའི་ཁོངས་སུ་བསྟན་པ་མ་ཡིན་ནམ། 《བཟོ་བོའི་ལྷན་ཐབས་དགུ་》དང་ས་སྐྱ་ཡབ་སྲས་ཀྱི་《ནང་ལུས་ཀྱི་བཟོ་ལས་རྩ་གནད་》སོགས་ནི། རང་བྱུང་ནད་ཡམས་འདྲ་མིན་གྱིས་མནར་བཞིན་པའི་ད་ལྟའི་འཛམ་གླིང་མི་མང་ལ་མཚོན་ན་རྙེད་དཀའ་བའི་ནོར་བུ་ཞིག་དང་གཉིས་སུ་མེད།
བདག་གིས་བསམ་པར་དུས་རབས་འདིའི་མཁའ་དབུགས་དང༌། མིའི་རིགས་ཀྱི་ཞི་བདེ་གཏོར་བཤིག་གཏོང་མཁན་གྱི་སྲོག་དབུགས་འགག་པའི་དཀའ་ངལ། འཆལ་སྤྱོད་ཀྱི་འགོས་ནད་སོགས་མང་པོ་ཞིག་བོད་ཀྱི་བཟོ་རིག་པའི་ཡན་ལག་ལས། ནང་སེམས་དང་རྩ་རླུང་གི་བཟོ་ལས་ལ་བརྟེན་ན་ད་གཟོད་ཉེན་ཁ་ལས་རྒྱལ་ཐུབ་པར་སྙམ། དེར་བརྟེན། ང་ཚོས་ཐུན་མིན་བཟོའི་རིག་གཞུང་འདིའི་དགེ་ཕན་ཤེས་པར་བྱས་ནས་དེ་སྤྱི་ཚོགས་ཁྲོད་དར་སྤེལ་བྱེད་གལ་ཆེའོ། །

སྲོལ་རྒྱུན་བོད་ཀྱི་གསོ་བ་རིག་པ།

སྨན་པ་དུང་གི་ཐོར་ཅོག་གིས་བོད་ཀྱི་གསོ་རིག་ལ་ཁ་བྱང་གསར་བ་བཏོད་ཅིང༌། གཡུ་ཐོག་ཡོན་ཏན་མགོན་པོའི་《རྒྱུད་བཞི་》དང་《ཕྱི་མ་རྒྱུད་དྲུག་》 གི་བོད་རང་གི་གསོ་རིག་དེ་གཞུང་ལུགས་ཅན་དུ་བསྒྱུར། བཤད་རྒྱུད་དང་མན་ངག་རྒྱུད་སོགས་ལས་རིམ་བཞིན་བོད་ཀྱི་ཐུན་མིན་གསོ་རིག་དང་ལྷག་པར་རང་བྱུང་རྩྭ་སྨན་དང་ནད་པའི་རླུང་ཁམས་མཉམ་དུ་སྡེབ་པར་བླ་ལྷག་གིས་སྐུལ་ལྕག་ཐོབ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡབ་སྲས་ནས་བཟུང་བོད་ཀྱི་ཐུན་མིན་གསོ་བ་རིག་པ་དེ་སོག་ཡུལ་དང་རྒྱ་ནག་བརྒྱུད་འཛམ་གླིང་གང་སར་ཁྱབ་འགོ་ཚུགས། འཛམ་གླིང་གསོ་རིག་གཞན་པའི་ཐོག་ཏུ་རྙེད་དཀའ་ཞིང༌། ང་ཚོའི་གསོ་རིག་གི་སྲོག་ཏུ་བཟུང་བའི་རྩ་དོན་གཅིག་ནི་རླུང་མཁྲིས་བད་ཀན་གསུམ་དུ་བསྡུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་ནི་གཙོ་བོ་ནད་པའི་འབྱུང་བ་བཞིའི་འདུ་སྙོམས་ཀྱི་འགལ་བའི་ཁྲོད་ནས་འོང་ཞིང༌། ལུས་སེམས་གཉིས་ཕན་ཚུན་ཟུང་དུ་སྦྲེལ་བའི་དཔྱད་ཐབས་འདིས་ད་གཟོད་འཛམ་གླིང་འདིའི་ནད་ཡམས་མཐའ་ཡས་པར་ལེགས་བཅོས་དང་གདོང་ལེན་བྱེད་ནུས་ཤིང༌། ད་དུང་ཚོད་འཛིན་དང་སྔོན་འགོག་ཀྱང་བྱེད་ཐུབ་པ་མ་ཡིན་ནམ། དེའི་ཕྱིར། བོད་ཀྱི་གསོ་རིག་གི་འཛམ་གླིང་ལ་ཁ་ཕྱོགས་ནས་ཕན་རླབས་དང་ནུས་པ་འདོན་དགོས་པ་གལ་ཆེའོ། །

སྲོལ་རྒྱུན་བོད་བརྒྱུད་ནང་བསྟན་ཆོས་ལུགས།

དཔལ་ནཱ་ལེནྡྲའི་གསེར་སྦྱང་བཙོ་མ་ལྟ་བུའི་ནང་བསྟན་གཞུང་ལུགས་ཀྱི་གཙང་པོ་དེ། ཆེས་ཐོག་མར་《སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག》 དང་《ཐེག་ཆེན་བློ་སྦྱོང་》གི་གཟུགས་སུ་སྤྲུལ་ནས་བོད་ཡུལ་དུ་བཞུར་འགོ་ཚུགས་སོང༌། དུས་དེ་ནས་བཟུང༌། ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མཁན་སློབ་ཆོས་གསུམ་གྱི་རླབས་ཆེན་མཛད་འཕྲིན་འོག བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ཐེག་པ་ཆེ་ཆུང་དང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཡོངས་སུ་ཚང་བའི་ཐུན་མིན་གཞུང་ལུགས་ཤིག་ཏུ་ཆགས་པ་རེད།
བོད་མིའི་འགྲོ་འདུག་སྤྱོད་གསུམ་ན་ནང་བསྟན་ཆོས་ལུགས་ཀྱི་རང་གཤིས་འགོས་ཤིང་བོད་མིའི་བསམ་སྤྱོད་ལས་ཞི་བདེ་དང་བག་ཕེབས། མཛའ་མཐུན། ཆོག་ཤེས། གཞན་ཕན་བཅས་ཀྱི་ཀུན་སྤྱོད་རང་བཞིན་ཞིག་མངོན་འོང་བ་དེ་ནི་ང་ཚོས་མི་ལོ་སྟོང་ཕྲག་ཙམ་རྒྱུན་འཛིན་དང་དར་སྤེལ་བྱས་པའི་ནང་བསྟན་ཆོས་ལུགས་འདིའི་ཕན་རླབས་དང་ནུས་པ་འབའ་ཞིག་གོ །
རླབས་ཆེན་གྱི་གཞུང་ལུགས་འདིའི་ཀུན་སྤྱོད་སློབ་གསོའི་ཁ་ཕྱོགས་དང་འགྲན་བྲལ་གྱི་ལྟ་གྲུབ་འདིའི་ནང་སེམས་པའི་ལམ་སྟོན་འོག་ནས། ད་གཟོད་ང་ཚོས་སང་ཉིན་གྱི་འཛམ་བུ་གླིང་འདི་ཞི་བདེ་དང་རང་དབང༌། འདྲ་མཉམ། ཕན་ཚུན་བསམ་ཤེས། མཛའ་མཐུན་མཉམ་གནས་བཅས་ཀྱིས་ཁེངས་པའི་འཛམ་གླིང་གསར་པ་ཞིག་ཏུ་བསྒྱུར་ཐུབ་པའི་དགེ་མཚན་དང་སྟོབས་ཤུགས་ཡོད་པ་ཡིན་ནོ། །
ཞི་བདེ་རྩ་བར་བཟུང་བའི། །ཐུན་མིན་བོད་ཀྱི་རིག་གཞུང༌། །
སྦྱོང་བའི་འདུན་པ་མ་ལྷོད། །བོད་ཀྱི་ནོར་བུ་འདི་ཡིན། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་རིག་གནས་ཆེ་བ་ལྔ་དར་སྟངས་དང༌། དེའི་ནུས་པ་དང་དགེ་ཕན་ཞིབ་འབྲི་བྱས་འདུག་ཀྱང༌། བཟོའི་རིག་གནས་ཀྱི་སྐོར་དང་སྨན་གཞུང་སྐབས་ཀྱི་མཚན་དེ་ཙམ་ཞིག་འཚམ་པར་མ་མཐོང༌།
    སྤྱིར་རྩོམ་ཡིག་གི་སྒྲིག་གཞི་བཀོད་སྟངས་ལེགས་ཤིང་ཚིག་སྦྱོར་ལ་སྙན་ཆ་ལྡན། ཡིག་ནོར་ཉུང་བ་དང་གོ་སླ་བའི་ཁྱད་ཆོས་ལྡན་པའི་མུ་མཐུད་དེ་འབད་པ་བྱོས་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ངེས།

སྲོལ་རྒྱུན་རིག་གནས་ཀྱི་ཕན་རླབས།(ཨང་གཉིས་པ)

རྡ་སྟེང་བོད་ཁྱིམ། ཤ་བོ་ཐར།

ཐོག་མའི་གཏམ་གླེང་ཐོར་བུ།

སྤྱི་ཚོགས་ཀྱི་འཚོ་བ་ཡར་རྒྱས་དང་མིའི་རིགས་ཀྱི་ཤེས་ཡོན་དར་སྤེལ་བྱེད་རྒྱུ་ནི་འགྲོ་བ་མིའི་རྒྱུན་གནས་འཚོ་སྡོད་ཀྱི་ཆ་ཤས་གལ་འགངས་ཅན་ཞིག་ཏུ་གྱུར་ཡོད། མིའི་འཚོ་སྡོད་ཀྱི་རྟེན་གཞི་ས་ཡི་གོ་ལ་འདིའི་སྟེང་དུ་ཆགས་འགོ་ཚུགས་པ་ནས་དུས་ད་ལྟ་ལ་ཐུག་གི་བར་དུ། རབས་དང་རིམ་པའི་འགྱུར་ལྡོག་གང་མང་ཞིག་བྱུང་ཡོད་པ་ཤིན་ཏུ་གསལ་ཏེ། ཟས་སུ་མ་རྨོས་ལོ་ཏོག་དང་ལུས་སུ་ཤིང་ལོ་གྱོན་པའི་དུས་ནས་རིམ་བཞིན་དུ་མིའི་དཔལ་ཡོན་དར་ཁྱབ་ཤིན་ཏུ་ཆེན་པོ་བྱུང༌། འཚོ་སྡོད་ཀྱི་གནས་བབ་གོང་མཐོར་སོང་སྟེ་རིགས་རྒྱུད་ཚོ་ཁག་མང་པོ་གྲུབ་པ་དང༌། ག་ལེར་རང་ཉིད་ཀྱི་ཡུལ་སྲོལ་དང་གོམས་གཤིས་ཚོ་ཁག་གི་རྒྱུད་དུ་འབུས་འགོ་ཚུགས། མི་རིགས་སོ་སོར་གྱེས་ནས་མི་རིགས་འདྲ་མིན་མང་པོ་ཆགས་ཡོད། དུས་དེ་ནས་བཟུང་མི་རྣམས་ཀྱིས་རང་ཉིད་ཀྱི་འཚོ་གནས་ཁོར་ཡུག་དང་འཚམས་པའི་འཚོ་བའི་ནང་གནད་དོན་མང་པོ་ཞིག་ཤེས་རྟོགས་བྱུང་སྟབས། རང་བྱུང་ཁོར་ཡུག་གི་རྒྱུ་ཆ་ལ་བརྟེན་ནས་འཚོ་བ་ལོངས་སྤྱོད་དང་ཤེས་རིག་དར་ཁྱབ་ཏུ་འགྲོ་བཞིན་ཡོད།
འོན་ཀྱང་ཉེ་དུས་ཀྱི་ལོ་ཟླའི་ནང་དུ་མི་རྣམས་ལ་ཤེས་རིག་གི་ཐོན་ཁུངས་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་བ་དང༌། ཚན་རྩལ་འཕེལ་རྒྱས་ཀྱིས་ང་ཚོའི་འཚོ་བར་གནམ་ས་སྒུལ་བའི་འགྱུར་བ་ཆེན་པོ་བཏང་བ་དང་མཉམ་དུ། སྲོལ་རྒྱུན་རིག་གནས་ཀྱི་ནུས་ཤུགས་ཉམས་པ་དང་རྗེས་ལུས་ཡིན་པར་བལྟས་ནས་རྦད་དེ་རྨེག་མེད་དུ་བཏང་བ་རེད། བྱེད་སྟངས་དེ་དག་ནི་མིའི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་བློ་གཟུ་བོ་བྱེད་རྒྱུར་འཐུས་ཤོར་ཕྱིན་པ་ཞིག་ཡིན་པར་བཤད་དེ་དཔྱོད་ཅིག

དང་པོ། སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་མི་རིགས་སོ་སོའི་ངོ་བོ་སྲུང་སྐྱོབ་བྱེད་ཐུབ།

ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཀྱི་འོད་སྟོང་འཕྲོ་བའི་རླབས་ཆེན་གྱི་མི་རིགས་ཤིག་ཤེས་མེད་ཚོར་མེད་ངང་འཛམ་གླིང་གོ་ལའི་སྟེང་ནས་ཡལ་སོང་ཚེ་ཤིན་ཏུ་ཡིད་ཕངས་པའི་དོན་དག་ཅིག་ཡིན། དེང་རབས་སྤྱི་ཚོགས་གསར་པའི་མིའི་རིགས་ཀྱི་འཚོ་བར་འགྱུར་འགྲོས་ཆེན་པོ་ཞིག་སྐྱེལ་ཡོང་བ་དེས་གདོད་མིའི་སྤྱི་ཚོགས་ནས་མངལ་དུ་སྦྲུམ་ཞིང༌། རིམ་པར་འཚར་ལོངས་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལ་ལྷད་བསྲེས་ན་སེམས་ཕངས་དགོས་པ་ཞིག་ཡིན།
ཕྱོགས་བཅུའི་དགེ་མཚན་དང་ལྡན་པའི་ངོ་མཚར་ཅན་གྱི་མི་རིགས་ཤིག་མུ་མཐུད་དུ་འཚོ་གནས་རྒྱུན་བསྲིངས་བྱེད་དགོས་ཆེ། མི་རིགས་དེའི་ཆོས་དང་རིག་གཞུང་སོགས་གཙོས་པའི་སྲོལ་རྒྱུན་རིག་གནས་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། ད་དུང་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས་དང་བཅས་པ་ནི་མི་རིགས་ཀྱི་སྲོག་རྩ་དང་མཚུངས། གལ་ཏེ་མི་རིགས་དེའི་སྲོལ་རྒྱུན་རིག་གནས་དག་ཉམས་དམས་སུ་སོང་ཚེ་མི་རིགས་དེ་རྩ་སྟོངས་སུ་འགྲོ་རྒྱུ་ནི་ཉག་གཅིག་ཡིན། དཔེར་ན་རྒྱ་ནག་ནུབ་བྱང་ས་ཁུལ་དུ་ཡོད་པའི་མན་ཇུ་མི་རིགས་ནི་སྔོན་ཆད་སྙན་གྲགས་ཕྱོགས་ཀུན་ལ་ཁྱབ་ཅིང༌། དབང་བསྒྱུར་གྱི་ཟིལ་ཤུགས་དགུང་དུ་འཕྱོ་ནའང༌། དུས་ད་ལྟ་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ཆ་ཚང་བརླགས་ཟིན་ནས་ཧན་མི་རིགས་ཀྱི་དཀྱིལ་དུ་ཐིམ་སོང༌།
དེར་བརྟེན། སྲོལ་རྒྱུན་རིག་གནས་ཡོངས་སུ་རྩ་བརླག་ཏུ་ཕྱིན་རྗེས་སུ་ཡང་བསྐྱར་གསར་འཛུགས་བྱ་རྒྱུ་ནི་མཁའ་ཡི་པདྨོ་དང་རུས་སྦལ་གྱི་སྤུ་ལ་སྨོན་པ་དང་གཅིག་མཚུངས་ཡིན་པས། སྲོལ་རྒྱུན་གྱི་ཤེས་རིག་གི་བང་མཛོད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་དགོས་པ་ནི་མི་རིགས་ཤིག་གི་འཆི་གསོན་དང༌། མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་ཟིལ་ཤུགས་ལྟ་བུ་ཡིན་པས། སྐྱེ་བོ་ཀུན་གྱི་བསམ་གཞིགས་རྣལ་མ་བྱེད་སའི་གནས་ཤིག་ལགས་སོ། །

གཉིས་པ། སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་འགྲོ་བ་མིའི་བཟང་སྤྱོད་དར་སྤེལ་གཏོང་ཐུབ།

དེང་སྐབས་ཚན་རྩལ་རིག་གནས་ཀྱི་ཚ་རླབས་འཕྱུར་བ་དང་ཕྱིའི་དངོས་པོའི་ཡར་རྒྱས་འཛམ་གླིང་ཕྱོགས་གང་སར་ཕྱིན་པ་དང༌། དཔལ་འབྱོར་ཚོང་འབྲེལ་གྱི་དྲ་རྒྱ་ཡུལ་གྲུ་ཀུན་ཏུ་ཆགས་ཡོད། སྤྱི་ཚོགས་འཛུགས་སྐྲུན་གྱི་ལས་གྲྭ་གང་སར་ཁྱབ་པ་དང་དེ་དག་གི་འབྲས་བུ་ལ། འགྲོ་བ་མིའི་འཚོ་བའི་གནས་སྟངས་གོང་མཐོར་བླ་ལྷག་ཏུ་ཕྱིན་ཡོད་ཀྱང༌། བསམ་བློ་ཞིབ་མོར་བཏང་ཚེ་ནང་སེམས་ཀྱི་ཁོར་ཡུག་ལ་ཉམས་རྒུད་ཚབས་ཆེན་བྱུང༌། དེའི་རྐྱེན་གྱིས་མི་རྣམས་ཀྱི་སེམས་ཁམས་ཐད་དཀའ་ངལ་མང་པོ་ཞིག་འཕྲད་པ་དང༌། མིའི་བསམ་བློ་ཡར་རྒྱས་ལ་འགོག་རྐྱེན་ཆེན་པོ་ཞིག་བཟོས་ཡོད་པ་རེད།
དེ་བས་མིའི་སྤྱི་ཚོགས་ཀྱི་གནས་སྟངས་འདི་འདྲ་བ་ཞིག་ཏུ་སྲོལ་རྒྱུན་རིག་གནས་ཀྱི་ཕན་ནུས་རླབས་ཆེན་ཐོན་ཐུབ་སྟེ། སྲོལ་རྒྱུན་གྱི་ཆ་ཤས་ཏཻ་ཆོས་དང་རིག་གཞུང་གིས་ང་ཚོ་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་ལ་སྣེ་ཁྲིད་དེ་བཟང་སྤྱོད་ཀྱི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པ་དང༌། མིའི་སེམས་ཁམས་ཀྱི་དཀའ་ངལ་ལས་འཕྲོས་པའི་འགོག་རྐྱེན་དག་སེལ་ནུས་པ་མ་ཟད། སེམས་ཁམས་བག་ཕེབས་དང་ཞི་བདེའི་ཁོར་ཡུག་སྐྲུན་ཐུབ་པ་ཡིན། ད་དུང་སྲོལ་རྒྱུན་གྱི་བསམ་བློས་མི་ཕན་ཚུན་མཉམ་གནས་དང་མདོར་བསྟན་ན་འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་ཁུར། མི་ཕན་ཚུན་ལ་བྱམས་སྐྱོང་དང་རོགས་རམ། སའི་གོ་ལའི་འཚོ་གནས་དང་རང་བྱུང་ཁམས་ཆེན་པོར་སྲུང་སྐྱོབ་དང་བདག་གཅེས་བྱེད་པ་བཅས་ལ་སྐུལ་འདེད་བྱེད་ཐུབ།
དེ་བཞིན་དུ་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དར་ཁྱབ་བཏང་ནས་འགྲོ་བ་མིའི་རིན་ཐང་ལ་བརྩི་བཀུར་དང་སའི་གོ་ལའི་སྲོག་ཆགས་གཞན་ཡོངས་དང་མཉམ་གནས་བྱེད་ཐུབ་པ། མི་ཡོངས་ཀྱི་བཟང་སྤྱོད་ཀྱི་ནུས་པ་སླར་གསོ་དང་སེམས་ཀྱི་དཀའ་ངལ་དག་བློ་སྟོབས་ཆེན་པོས་གདོང་ལེན་བྱེད་ཐུབ་སྟབས། མིའི་རིགས་ཀྱི་ནང་བསམ་པའི་འཕེལ་རྒྱས་ལ་ཤུགས་སྣོན་དང་རམ་འདེགས་བྱེད་པའི་རྐྱེན་གྱིས་སྲོལ་རྒྱུན་གྱི་རིག་གནས་བང་མཛོད་ནི་མིའི་རིགས་ཀྱི་ནང་བསམ་བློའི་སྲོག་ཤིང་ཡིན་པ་ཁ་ཚོན་གཅོད་ཐུབ།

གསུམ་པ། མཇུག་གི་གནད་དོན་སྙིང་བསྡུས།

དེང་རབས་སྤྱི་ཚོགས་ནང་དུ་ཕྱིའི་དངོས་པོའི་ཐོན་སྐྱེད་མང་དུ་ཕྱིན་ནས་མི་རྣམས་ལ་ཕན་བདེ་བསྐྲུན་ཡོད་ཀྱང༌། ནང་བསམ་བློའི་བདེ་སྐྱིད་དང་སེམས་ཁམས་ཡར་རྒྱས་ལ་རྗེས་ལུས་དཔག་དཀའ་བ་ཞིག་ཐེབས་ནས་དོ་མ་མཉམ་པ་བྱུང་ཡོད་པའི་རྐྱེན་གྱིས་དཀའ་ངལ་མང་པོ་ཞིག་ལ་འཕྲད་ཡོད། དེར་བརྟེན། སྲོལ་རྒྱུན་གྱི་རིག་གནས་ཉིང་ཁུ་བསྐྱར་དུ་མིའི་རིགས་ཀྱི་སྤྱི་ཚོགས་སུ་སྤྱན་འདྲེན་བྱས་ཏེ་དེང་རབས་སྤྱི་ཚོགས་གསར་པ་དང༌། གནའ་བོའི་སྲོལ་རྒྱུན་རིག་གནས་གཉིས་ཟུང་དུ་སྦྲེལ་ཐུབ་ཚེ། ང་ཚོ་འགྲོ་བ་མིའི་རིགས་ཀྱི་སའི་གོ་ལའི་ཁྱིམ་གཞི་ཆེན་པོ་འདིར་འཚོ་བ་ཞི་བདེ་དང་ལྷིང་འཇགས། འགྲོ་བ་མཉམ་གནས་དང་འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་ཁུར་ཀུན་ནས་བསླངས་ཏེ་ཡིད་བརྟན་འཕེར་བའི་བདེ་སྐྱིད་ཅིག་ཡོང་ཐུབ་པ་ནི་སྨོས་མ་དགོས།
སྨྲས་པ།སྲོལ་རྒྱུན་རིག་གནས་ཆེན་པོའི་བང་མཛོད་ཀྱི་ཉིང་ཁུ། །དེང་རབས་སྤྱི་ཚོགས་གསར་བའི་འཕེལ་རྒྱས་དང་མཉམ་དུ། །
འགྲོ་བ་མི་ཡི་གོ་ལ་ཁྱིམ་གཞི་འདིའི་ནང་དུ། །ཡིད་བརྟན་འཕེར་བའི་བདེ་སྐྱིད་ཉི་མ་རང་བསུས་ཡོང༌། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཉམས་མྱོང་རིམ་བསགས་ལས་བྱུང་བའི་སྲོལ་རྒྱུན་རིག་གནས་ངོ་སྤྲོད་དང༌། དེ་ལྟ་བུ་སྲོལ་རྒྱུན་རྩ་བརླག་ཏུ་ཕྱིན་ན་མི་རིགས་ཀྱི་ངོ་བོ་བརླག་འགྲོ་བ་ལོ་རྒྱུས་དང་སྦྱར་ཏེ་ཞིབ་འབྲི་བྱས་ཡོད་པ་དང༌། ད་དུང་སྤྱི་ཚོགས་ཀྱི་དཀའ་ངལ་གསལ་འདོན་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་ཕན་ཐོགས་སྒྲུབ་པ་གསལ་འདེབས་བྱས་ཡོད།
རྩོམ་ཡིག་གི་སྒྲིག་གཞི་བཀོད་སྟངས་ལེགས་ཤིང་ཚིག་སྦྱོར་ལྷུ་རྐང་འགྲིག་པས་སྙན་ཆ་ལྡན། ཡིན་ནའང༌། ཡིག་ནོར་ཅུང་ཟད་འདུག་སྟབས། དེའི་ཕྱོགས་ལ་དོ་སྣང་མང་ཙམ་སྤྲད་ནས་འབད་པ་གྱིས་འབྲས་བུ་ཐོབ་ངེས།

སྲོལ་རྒྱུན་རིག་གནས་ཀྱི་ཕན་རླབས།(ཨང་གསུམ་པ)

རྣམ་རྒྱལ་མཐོ་སློབ། ཉི་མ་ཁྲོ་རྒྱལ།

འཇིག་རྟེན་འདི་ན་འགྲོ་བའི་དོན་མཛད་མཁན། །འཕགས་མཆོག་ལྷ་དང་ཡི་དམ་མཁའ་འགྲོ་མ། །
བླ་ཆེན་དགྲ་བཅོམ་པ་དང་ལོ་ཙཱ་བ། །སྐྱེས་ཆེན་དམ་པ་རྣམས་ལ་གུས་ཕྱག་འཚལ། །
ཞེས་མཆོད་བརྗོད་ཀྱི་སྔོན་བསུས་ཏེ་ལོ་ལྟར་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཐུགས་དགོངས་ཆེན་པོ་བཞེས་ཏེ་སློབ་གྲྭ་ནང་ཁུལ་བོད་ཡིག་ཐོག་འབྲི་རྩོམ་འགྲན་སྡུར་གོ་སྒྲིག་གནང་བ་ནི་ཤིན་ཏུ་ཕན་ཐོགས་ཆེན་པོ་དང༌། གུས་པ་རང་ཉིད་འགྲན་སྡུར་ནང་འཛུལ་ཞུགས་བྱེད་ཐུབ་པ་འདི་ཡང་དག་སྣང་དང་ཚོར་བ་བཟང་པོ་ཞིག་སྐྱེས་བྱུང༌། དེ་ཡང་བརྗོད་གཞི་གཞིར་བཟུང་ང་ཚོའི་སྲོལ་རྒྱུན་ནམ་གདོད་མའི་རིག་གནས་ཕན་ཐོགས་ཆེན་པོ་ཞིག་རེད།
དེ་ཡང་འཛམ་གླིང་འདི་ཡི་བཀོད་པ་ཆགས་ནས་བཟུང་ལས་དབང་གིས་མི་རིགས་འདྲ་མིན་སྣ་ཚོགས་རིམ་བཞིན་བྱུང༌། དེ་བཞིན་སའི་གོ་ལ་འདིའི་ནང་འཚོ་སྡོད་བྱེད་མཁན་མི་རིགས་དེ་དག་ལ་མཐུན་པའི་རིག་གཞུང་དང་སྐད་ཡིག་གོམས་གཤིས་བཟང་པོ་ཡང་ཡོད།
ང་ཚོའི་མི་རིགས་ལྟ་བུ་ལ་ཆ་མཚོན་ན་བོད་ཅེས་བྱ་བའི་འཛམ་གླིང་ཡང་རྩེ་རུ་འཚོ་སྡོད་བྱེད་མཁན་ཉམ་ཆུང་ཡ་རབས་ཀུན་སྤྱོད་ལྡན་པའི་མི་རིགས་ཤིག་ཡིན་ལ། འཛམ་གླིང་གི་མི་རིགས་ཡོངས་ལ་སྲོལ་རྒྱུན་གྱི་རིག་གནས་ཡོད་པ་བཞིན་ང་ཚོའི་མི་རིགས་ལའང་སྲོལ་རྒྱུན་གྱི་རིག་གནས་ཡང་དག་པ་དང་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡོད། འཛམ་གླིང་གི་མི་སུ་འདྲ་ཞིག་ལའང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་ཤ་སྟག་ཡིན། དེར་བརྟེན། མ་འོངས་པའི་མི་ཚེའི་ནང་སྐྱིད་པོ་དང་མི་ཚེ་དོན་དམ་པ་ཞིག་ཡོང་བ་ལ་ཤེས་བྱའི་གནས་ལ་ངེས་པར་དུ་འབད་དགོས། ཤེས་ཡོན་སློབ་སྦྱོང་དང་རིག་གནས་ནི་མི་རིགས་རྣམས་ཀྱི་མ་འོངས་པའི་མི་ཚེ་ལམ་སྟོན་བྱེད་མཁན་འགོ་ཁྲིད་ལྟ་བུ་ཞིག་ཆགས་ཡོད།
ང་ཚོ་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་གཉིས་ནང་འདུས། གང་ལྟར་ང་ཚོའི་གནའ་སྲོལ་གྱི་རིག་གནས་ནི་ད་ལྟའི་ཆར་དགོས་པའི་རིག་གནས་ཕན་རླབས་ལྡན་པ་དང་ཁྱབ་ཆེན་པོ་ཞིག་ཆགས་ཡོད།
ང་ཚོའི་བོད་ནི་ས་ཆ་རྒྱ་ཆེ་ལ་མི་འབོར་ས་ཡ་དྲུག་ལས་མེད་པའི་རྒྱལ་ཁབ་ཅིག་རེད། མི་རིགས་ཀྱི་སྤྱོད་པ་ནི་གཞན་ལ་ཕན་སེམས་ཡོད་པའི་བྱམས་དང་སྙིང་རྗེ་ལྡན་པ་ཞིག་ཡོད། ང་ཚོའི་མི་རིགས་ནང་དུའང་སེར་མོ་བ་དང་འཇིག་རྟེན་པ་གཉིས་ཡོད་པ་ལས་སེར་མོ་རྣམས་ཀྱིས་རིག་གནས་ཆེ་བའི་སྐོར་ལ་སློབ་སྦྱོང་བྱེད་སྲོལ་ཡོད་པ་དང༌། མི་སྐྱ་བོའམ་འཇིག་རྟེན་པ་རྣམས་ཀྱིས་རིག་གནས་ཆུང་བ་ལྔའི་སྐོར་ལ་སློབ་སྦྱོང་མང་ཙམ་བྱེད་སྲོལ་ཡོད།
དེ་ཡང་ང་ཚོའི་གནའ་སྲོལ་གྱི་རིག་གནས་ཆེ་བ་ལྔ་ལྟ་བུ་ལ་ཆ་བཞག་ན་དང་པོ་སྒྲ་རིག་པ་ནི་བརྡ་སྤྲོད་པའི་གཞུང་ཐོག་མ་ཡིན་པ་དང༌། ང་ཚོའི་ཡི་གེ་གསར་གཏོད་མཛད་མཁན་ཐོན་མིས་མཛད་པའི་སུམ་ཅུ་པ་དང་རྟགས་འཇུག་གཞུང་བཅས་དང༌། མཁས་པ་གཞན་ཀྱིས་བརྡ་སྤྲོད་རིག་པའི་གཞུང་དང་མཐུན་པར་མཛད་པའི་གཞུང་བཅས་ཀྱང་སྒྲ་རིག་པའི་ཁོངས་སུ་ཚུད།
གཉིས་པ། གསོ་བ་རིག་པ་ནི་སྨན་གྱི་སྐོར་ལ་ཡིན་པ་དང༌། ད་ལྟའི་དུས་རབས་ཉེར་གཅིག་གི་ནང་ང་ཚོའི་གསོ་རིག་གི་སློབ་སྦྱོང་ནི་ཚད་ལོངས་པ་དང༌། ཁྱབ་སྤེལ་ཆེན་པོ་ཆགས་ཐུབ་ཡོད། ང་ཚོའི་སྨན་གྱི་རིགས་ནི་རང་བྱུང་སྐྱེ་དངོས་འདྲ་མིན་དང་ཟས་རིགས་སྣ་ཚོགས་འབྲེལ་བའི་སྨན་ཞིག་ཡིན།
གསུམ་པ་བཟོ་རིག་པ་ནི་ཡོ་བྱད་དང་དངོས་པོ་རིགས་འདྲ་མིན་བཟོ་སྟངས་སྐོར་ལ་ཡིན། དེ་ཡང་ང་ཚོའི་བཟོ་རིག་སློབ་སྦྱོང་གི་འབྲས་བུ་ལྟ་བུར་ཆ་བཞག་ན་ད་ལྟའི་ཆར་དགོན་པ་དང་ལྷ་ཁང་བཅས་ཀྱི་རྩིག་པ་ན་ཡོད་པའི་རི་མོ་དང༌། གཞན་ཡང་དགོན་པ་བཅས་ཀྱི་ཤིང་གི་བཟོ་རྩལ་བཅས་ལ་བལྟས་ན་ཤེས་ཐུབ།
བཞི་པ། ནང་དོན་རིག་པ་ནི་ནང་སེམས་བཅོས་ཀྱི་ཐོག་ལ་ཡིན་པ་དང༌། ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་གནད་དོན་ཡང་དག་པ་ཞིག་ཤེས་དགོས་ཤིང༌། ནང་དོན་རིག་པ་ནི་ནང་སེམས་ཀྱི་གནས་ལུགས་ཐོག་འགྲེལ་བཤད་བྱས་ཡོད།
ལྔ་པ། ཚད་མ་རིག་པ་ནི་ལུས་ཀྱི་ཆ་ཤས་བཅས་བཀོལ་སྟེ་ནང་པ་སངས་རྒྱས་པའི་ཆོས་དང༌། གཞན་སློབ་སྦྱོང་ངམ་རིག་གནས་ཐོག་ལ་རྩོད་པ་བྱེད་ཕྱོགས་སྐོར་ཡིན་ལ། གཞན་ནང་པ་སངས་རྒྱས་པའི་ཆོས་དང་རིག་གནས་གཞན་རིགས་པ་ཡང་དག་གཏན་ལ་འབེབས་བྱེད་དམ། ཚར་གཅོད་པ་ལ་ཚད་མ་རིག་པའི་གཞུང་ལ་དོ་སྣང་སྟེར་དགོས།
རིག་གནས་ཆུང་བ་ལྔ་ལས་དང་པོ་སྙན་ངག་ནི། ཚིག་སྦྱོར་སྙན་ཞིང་གཞན་གྱིས་གསན་པ་ཙམ་ལས་ཡིད་དབང་འཕྲོག་པའི་ཚིག་གི་བརྗོད་པ་བཀོད་སྟངས་ཤིག་ཡིན། སྐྱེ་བོ་དམ་པ་དང་གཞན་ལ་སྙན་ཚིག་ལམ་ནས་བསྟོད་པ་དང་བསྔགས་བརྗོད་བྱེད་ཕྱོགས་ཀྱི་སློབ་ཚན་ཞིག་རེད།
གཉིས་པ། མངོན་བརྗོད་ནི་དངོས་པོ་གང་རུང་གཅིག་ལ་མིང་དུ་མ་ཡོད་པ་ཞིག་ལ་གོ་དགོས། དངོས་པོ་གང་ཞིག་མིང་ལ་དུ་མ་ཡོད་པ་དཔེར་ན། སྐྱེ་འགྲོ་མི་ལ་གཞན་རྐང་གཉིས་པ་ཡང་སྨྲ་སྲོལ་ཡོད།
གསུམ་པ། སྡེབ་སྦྱོར་ལྟ་བུ་ལ་ཆ་བཞག་ན་ང་ཚོའི་བོད་པའི་ཆོས་དང་དཔེ་ཆ་བཅས་སྟེང་ན་ལེགས་སྦྱར་གྱི་མིང་ཚིག་དུ་མ་ཡོད། དཔེར་ན། ྋགོང་ས་མཆོག་གི་མཛད་པའི་བདེན་ཚིག་སྨོན་ལམ་ལས་བར་མེད་དུཿཁས་མནར་བའི་ཉམ་ཐག་འགྲོ། ཞེས་བྱ་བའི་ནང་དུ་དུཿཁ་ཞེས་བྱ་བ་ནི་ལེགས་སྦྱར་གྱི་མིང་ཚིག་ཡིན།
བཞི་པ། ཟློས་གར་ནི་སྔར་བྱུང་བའི་སྐྱེས་ཆེན་དམ་པའི་རྣམ་ཐར་ལབ་མོ་བྱས་ཏེ་འཁྲབ་པ་ཞིག་ཡིན་ལ། སྣང་ས་འོད་འབུམ་དང༌། འགྲོ་བ་བཟང་མོ་ལ་སོགས་པའི་མི་ཚེའི་མཛད་འཕྲིན་བཅས་མི་མང་རྣམས་ལ་ཤེས་རྟོགས་ཡོང་ཆེད་འཁྲབ་སྟོན་ཞུས་པའི་ཟློས་གར་འཁྲབ་སྟོན་ཞིག་ཡིན། ང་ཚོའི་ཟློས་གར་གྱི་གཞུང་ནི་གཞན་ལས་ཁྱད་པར་ཅན་དང་དམིགས་བསལ་ཞིག་ཡོད།
ལྔ་པ། སྐར་རྩིས་ནི་རྩི་ཤིང་ནགས་ཚལ་རང་བྱུང་དངོས་ཁམས་གཟའ་སྐར་བཅས་ལ་ཞིབ་འཇུག་བྱས་ཏེ་ཉི་མ་དང་ཟླ་བ་དང་ལོ་བཅས་བགྲང་སྟངས་ཀྱི་རིག་གནས་དང་རྩིས་སྐོར་བའི་ལམ་སྲོལ་ཞིག་ཡིན་ནོ། །
གཞན་ཡང་ང་ཚོའི་དབུ་ཁྲིད་ྋགོང་ས་མཆོག་གིས་ཀྱང་ཐོག་མར་ཤེས་བྱ་རིག་གནས་ལ་གནའ་སྲོལ་དང་མཐུན་པའི་ཐོག་ནས་སྦྱང་བརྩོན་གནང་ཡོད། ང་ཚོའི་སྲོལ་རྒྱུན་གྱི་ཤེས་བྱ་ནི། ཧ་ཅང་གལ་ཆེན་དང་རླབས་ཆེན་ཞིག་ཆགས་ཡོད། ད་ལྟའི་ཆར་ཡིན་ནའང་འཛམ་གླིང་གི་མི་མང་ཚང་མས་ྋརྒྱལ་དབང་མཆོག་ལ་བརྩི་བཀུར་དང༌། རྒྱལ་ཁབ་ཡོངས་ཀྱིས་མི་མང་ནས་མཐུན་འབྲེལ་གནང་བ་འདི་ཡང་ང་ཚོའི་སྟེང་ན་སྲོལ་རྒྱུན་གྱི་ཡ་རབས་སྤྱོད་བཟང་གི་གོམས་གཤིས་བཟང་པོ་ཞིག་ཡོད་པ་ལ་ཐུག་ཡོད། གཞན་ཡང་ད་ལྟའི་ཆར་ནང་པ་སངས་རྒྱས་པའི་ཆོས་ལུགས་འཛམ་གླིང་གི་མི་མང་ཚང་མས་བརྩི་བཀུར་དང་དཔེ་ལྟ་སའི་ཆོས་ལུགས་ཡང་དག་པ་ཞིག་ཆགས་ཡོད་པ་འདི་ཡང་ནང་པ་སངས་རྒྱས་པའི་ཆོས་ཀྱི་འབྲས་བུ་དང་བྱིན་རླབས་བཟང་པོ་ཡོད་པ་ལ་ཐུག་ཡོད།
གཞན་ཡང་ད་ལྟའི་ཆར་འཛམ་གླིང་སྟེང་ན་བོད་པའི་གནའ་སྲོལ་གྱི་སྨན་རྩིས་སྐོར་ལ་སྐད་གྲགས་ཡོད། དུས་རབས་བཞིན་འཕྲུལ་ཆས་འདྲ་མིན་དང་རྫས་རིགས་སྣ་ཚོགས་བེད་སྤྱོད་བྱེད་པ་ལས་བཟོས་པའི་རྒྱ་སྨན་ལས་མིའི་ལུས་པོ་ལ་ཕན་གནོད་གཉིས་ཆ་ལྡན་ཡང༌། ང་ཚོའི་སྨན་རིགས་ནི་རང་བྱུང་གི་སྨན་རྩྭ་དུ་མ་དང་འབྲེལ་ཏེ་བཟོས་པའི་སྨན་ཕན་ཐོགས་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན། འཛམ་གླིང་ནང་ང་ཚོའི་སྨན་བཀོལ་སྤྱོད་བྱེད་པ་འདི་རེད།
གཞན་ཡང་ད་ལྟའི་ཆར་ཚད་མ་རིག་པའི་གཞུང་ནི་སློབ་ཚན་ཕན་རླབས་ཆེན་པོ་ཞིག་ཆགས་ཡོད། གུས་པ་རང་ཉིད་ལ་ཆ་བཞག་ནའང་འཛིན་རིམ་བརྒྱད་པ་ནས་ཚད་མ་རིག་པའི་སློབ་ཚན་ཐོག་ལ་བརྩོན་པ་ཡིན། དེའི་ནུས་པ་ལ་བརྟེན་ནས་སློབ་ཚན་གཞན་ཡང་ལས་སླ་བོ་དང་དགེ་རྒན་ལྷན་དུ་ཤེས་བྱའི་བགྲོ་གླེང་ཐེངས་མང་ཙམ་ཤོར་མྱོང༌། ད་ལྟའི་དུས་སུ་ཡིན་ནའང་སློབ་གྲྭ་མང་ཆེ་བའི་ནང་ཚད་མ་རིག་པའི་གཞུང་གི་ལས་འགུལ་སྤེལ་ཡོད་པ་དང༌། འབྲས་བུ་ཡང་བཟང་པོ་ཞིག་བྱུང་ཡོད། གཞན་ཡང་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་ནང་པ་སངས་རྒྱས་པའི་ཆོས་དང་ཚད་མ་རིག་པའི་གཞུང་གཉིས་མཐུན་པའི་སྒོ་ནས་སློབ་སྦྱོང་བྱེད་དགོས། ད་ལྟའི་དུས་སུ་ཡིན་ནའང་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་བཅས་དགུན་ཁའི་དུས་ཀྱི་ཤིང་སྡོང་བསྐམས་པ་ལྟར་མ་ཡིན་པར་འཛམ་གླིང་མི་མང་ཡོངས་ཀྱིས་མཐོང་སྤྲོད་སའི་ཡུལ་ཞིག་ཆགས་ཡོད། གཞན་ཡང་ནང་པའི་ཆོས་ཡང་དག་ཅིག་ཤེས་དགོས་པ་ལ་ངེས་པར་དུ་བོད་པའི་སྐད་ཡིག་ཚད་དང་ལྡན་པ་ཞིག་ཤེས་དགོས། ནང་པའི་ཆོས་སྐད་ཡིག་གཞན་ནང་དུ་ཡོད་ནའང་དེས་དམ་པ་དང་ཚད་ལོངས་པ་ཞིག་མེད། དེར་བརྟེན་ནང་པའི་ཆོས་ཟབ་ཅིང་རྒྱས་པར་ཤེས་དགོས་པ་ལ་བོད་པའི་བརྡ་སྤྲོད་རིག་པའི་གཞུང་ལ་སྦྱང་དགོས། དེར་བརྟེན། དུས་རབས་འདི་ལྟ་བུའི་ནང་ནང་པ་སངས་རྒྱས་པའི་ཆོས་ཡང་དག་པ་ཞིག་ཤེས་པ་ལ་ངེས་པར་སྒྲ་རིག་པའི་སྐོར་ལ་སྦྱང་བརྩོན་བྱེད་དགོས། ང་ཚོས་གནའ་སྲོལ་གྱི་རིག་གནས་རྣམས་མི་ཉམས་གོང་འཕེལ་དེ་དག་ལ་སྲུང་སྐྱོབ་དང་རམ་འདེགས་ངེས་པར་དུ་བྱེད་དགོས་སོ། །
གོང་དུ་བརྗོད་པ་བཞིན་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ནི་ང་ཚོའི་མེས་པོ་རྣམས་ལས་དར་ནས་ད་ལྟའི་ཆར་མཐོང་ཡོད་པའི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡིན། དེ་དག་གིས་དྲིན་ལས་ད་ལྟའི་ཆར་བོད་མི་རིགས་ཀྱི་རིག་གཞུང་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་དུ་ཕྱིན། ད་ལྟའི་ཆར་ང་ཚོའི་མི་རིགས་སྐད་གྲགས་ཡོད་པ་དང༌། ད་དུང་ཡང་མ་འོངས་པ་ན་བོད་མི་རིགས་ཞེས་ཚད་མཐོ་བོར་སླེབས་ཆེད་ངེས་པར་དུ་སྲོལ་རྒྱུན་གྱི་རིག་གནས་ལ་སྦྱང་བརྩོན་བྱེད་དགོས། དམིགས་བསལ་གྱི་ད་ལྟའི་ཆར་ང་ཚོ་ལ་རང་དབང་མེད་པ་དང༌། ངེས་པར་དུ་ང་ཚོའི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ནི་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་རྣམས་ཆགས་ཡོད་སྟབས། རྒྱ་ཀླ་ཀློས་ཀྱང་ང་ཚོའི་རིག་གཞུང་དང་སྐད་ཡིག་བཅས་ལ་བར་ཆད་བྱས་པ་དེ་དག་ཀྱང་མི་རིགས་རྩ་བརླག་ཏུ་གཏོང་བའི་སྲིད་བྱུས་ཤིག་ཡིན།
མཐའ་དོན་ད་ལྟའི་གནས་སྟངས་ནང་ངེས་པར་དུ་ཕན་རླབས་ཆེ་བའི་སྲོལ་རྒྱུན་རིག་གནས་ལ་དོ་སྣང་མང་ཙམ་སྤྲོད་དགོས་པ་དང༌། ང་ཚོའི་གཙུག་གི་ནོར་བུ་སྐུ་ཚེ་ཡུན་རིང་བརྟན་ཏེ། མ་འོངས་པའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འབྲི་རྩོམ་འགྲན་སྡུར་ཕོ་བྲང་པོ་ཏཱ་ལའི་ཐང་ནས་འབྲི་ཐུབ་པའི་སྨོན་ལམ་དང་བཅས་བཀྲ་ཤིས་བདེ་ལེགས།
འཛམ་གླིང་ཡང་རྩེར་གནས་པའི་ཡུལ། །ྋགོང་ས་མཆོག་གི་ཞིང་ཁམས་བོད། །
ས་ལའི་ལྗོངས་སུ་ཞི་བདེའི་འོད། །མགྱོགས་ནས་མྱུར་དུ་ཤར་བར་ཤོག །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་བོད་ཀྱི་བཅུ་ཕྲག་རིག་གནས་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ཏེ། དགེ་ཕན་འགྲེལ་བརྗོད་བྱས་ཡོད་ཀྱང༌། སྡེབ་སྦྱོར་གྱི་ངོ་སྤྲོད་ཡང་དག་བྱུང་མི་འདུག རྩོམ་ཡིག་གི་རྒྱུ་ཆ་གསོག་འཇོག་བྱས་པ་ཧ་ཅང་ལེགས་ཤིང༌། ཚིག་གི་སྡེབ་སྦྱོར་ལ་བསྐྱར་བཟློས་དང་ལྷུ་འགྲིག་པོ་དེ་ཙམ་མི་འདུག རྗེས་ཕྱོགས་འབད་པ་ལྷོད་མེད་ཀྱིས་རྩོམ་ཡིག་ཚད་ལྡན་བཀླགས་ཏེ། རྗོད་བྱེད་ཚིག་གི་སྤེལ་སྟངས་དང༌། སྤྱི་ཁོག་འབུབས་སྟངས་ལ་དོ་སྣང་མང་ཙམ་སྤྲད་ན་ཡར་རྒྱས་ཡོང་ངེས་པས་འབད་པར་རིགས་སོ། །

མདུན་ཤོག

Menu