[toc]

མང་གཙོའི་ལམ་སྲོལ་གྱི་དགེ་ཕན།(ཨང་དང་པོ)

བལ་ཡུལ་རྣམ་རྒྱལ་མཐོ་སློབ། ཚེ་དབང་རིག་འཛིན།

ཀུན་ལ་སྙོམས་པའི་བརྩེ་ཆེན་འོད་དཀར་གྱིས། །གཏེར་མཛོད་ཕན་བདེའི་ལམ་སྟོན་འགྲོ་བའི་མིག །
འདྲེས་པ་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག །ཚེ་རབས་ཐམས་ཅད་བདག་གི་མགོན་དུ་བཞུགས། །
བྷོ་ཊའི་ལྗོངས་འདིའི་མུན་སེལ་སྒྲོན་མེ་མཆོག །སློབ་དཔོན་ཆེན་པོ་ཐོན་མི་ཨ་ནུ་དང༌། །
རྒྱ་བོད་མཁས་གྲུབ་ལོ་པཎ་ཅི་མཆིས་པའི། །སྐུ་དྲིན་དྲན་ཏེ་མི་ཕྱེད་རྩོམ་པར་བགྱི། །

   ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་སྟེ། དེ་རིང་རང་གཞུང་ཤེས་རིག་ལས་ཁུངས་ནས་སྤེལ་བའི་རྒྱལ་ཡོངས་སློབ་གྲྭའི་སློབ་ཕྲུག་བར་གྱི་འབྲི་རྩོམ་འགྲན་སྡུར་འདིར་གླེང་བར་བྱ་བའི་བརྗོད་གཞི་ནི། “མང་གཙོའི་ལམ་སྲོལ་གྱི་དགེ་ཕན༌”ཞེས་པ་དེ་ཡིན།
དེ་ཡང་མང་གཙོ་ཞེས་པ་ནི། ལུང་པའི་ཆབ་སྲིད་དང་བསྟུན་ཏེ་བསྒྲུབ་པ་ཡིན་ལ། དེ་ནི་ལུང་པའི་བདེ་དོན་དུ་དམངས་ནས་མང་མོས་ཀྱིས་འདེམས་པའི་ལམ་སྲོལ་ཞིག་ཡིན། ཨ་རིའི་སྲིད་འཛིན་ཨབ་རའམ་ལིན་ཀོན་(Abharam lincon) གྱིས་”མང་གཙོ་ནི་དམངས་ཀྱི་འདེམས་པ་དང༌། དམངས་ཀྱི་བདེ་དོན་ཆེད་ཡིན་པ། དེ་བཞིན་དམངས་ཀྱི་ཡིན།”ཞེས་གསུངས་ཡོད།
སྤྱིར་མི་རྟག་པའི་འཁོར་བའི་ལྟ་ན་སྡུག་པའི་འཇིག་རྟེན་འདིར། ལུང་པ་མང་པོ་ཡོད་ལ། དེ་དག་ལས། འགའ་ཞིག་ལ་མང་གཙོའི་རང་དབང་ཡོད་པ་དང༌། འགའ་ཞིག་ལ་རང་དབང་དེ་དག་མེད་པས་སྐྱེ་བོ་མང་པོས་སྲོག་ཚད་མེད་དུ་ཤོར་བཞིན་ཡོད་པ་ཀུན་གྱིས་རྟོགས་པའི་དངོས་ཡོད་གནས་ཚུལ་རེད།
དེ་ཡང་ཨ་ཕི་རི་ཀའི་ལུང་པར་མང་གཙོ་མེད་པར་ལོ་མང་རིང་མི་མང་པོ་སྲོག་ཤོར་ནས་མང་གཙོ་དབུ་བརྙེས་ཚུལ་ལ་ཕྱིར་ལོག་སྟེ་བལྟས་ན། གནའ་སྔ་མོ་ལུང་པ་དེར། དབྱིན་ཇི་མི་རིགས་དཀར་པོས་བཙན་བཟུང་བྱས་ཏེ་སྲིད་བསྐྱངས་ཡོད། དེའི་སྐབས་རིག་གཞུང་དང་ཆོས་ལུགས་གཅིག་ཡིན་ཡང༌། མི་རིགས་དཀར་ནག་གི་འཐེན་འཁྱེར་ལ་བརྟེན་ནས་མི་རིགས་ནག་པོ་རྣམས་སེམས་ཅན་དུད་འགྲོ་དང་མཚུངས་པར་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་གྱིས་མནར་ཡོད། དེ་ནས་ཨབ་རའམ་ལིན་ཀོན་གྱི་ཉིན་ལ་ངལ་གསོ་དང་མཚན་ལ་གཉིད་མེད་པར། དེ་བཞིན་དགྲ་བོར་སྙིང་སྟོབས་ཞུམ་པ་མེད་པ་དང༌། རང་ཉིད་ནས་ལྷག་བསམ་ཡང་དག་པས་དམྱལ་ཡུལ་དུ་ལྷུང་བའི་འགྲོ་བ་རྣམས་ལ་སླར་མི་ཡུལ་དུ་མང་གཙོ་སྦྱིན་ཏེ་བདེ་བའི་ཞིང་ཁམས་བསྐྲུན་པ་ཙམ་མ་ཟད། ཁོང་འདྲ་བའི་མགོན་སྐྱབས་ཉུང་ཉུང་མིན་པར། འཛམ་གླིང་འདིའི་རྒྱལ་རབས་ནང་དཔག་མེད་ཡོད། དེས་ན། མང་གཙོ་ཞེས་མིང་ཐོས་ཙམ་ལ་ཇི་ཙམ་གྱི་སྙན་ཡང༌། དེ་ཙམ་མཁོ་བའི་ཁོར་ཡུག་བསྐྲུན་པ་ལ་བཀག་རྒྱ་ཧ་ཅང་ཆེ། དེས་ན་མང་གཙོ་མཆིས་པའི་ལུང་པ་དེ་དག་གི་དམངས་རྣམས་སྐལ་བ་དང་ལྡན་པ་ཞིག་མིན་ནམ།
དེ་བཞིན་འཛམ་གླིང་གི་ལུང་པ་མང་པོ་ལས་རང་ཅག་རྣམས་ལའང་མང་མོས་མང་གཙོ་ཡོད་པ་དེ་ཡང་བསྐལ་བ་ཧ་ཅང་བཟང་པོ་ཞིག་མིན་ནམ། དེ་ཡང་ད་ལྟའི་ཆར་རང་བཙན་གཙང་མ་ཡོད་པའི་ལུང་པ་དཔག་མེད་ཡོད་ཀྱང༌། ལུང་པ་དེ་དག་ཐམས་ཅད་ལ་མང་གཙོ་ཡོད་པ་མི་སྲིད་མོད། འོན་ཀྱང༌། རང་ཅག་ལ་རང་བཙན་མེད་ཀྱང་མང་གཙོ་ཡོད་པ་དེ་ྋགོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་དང་ཁོང་གི་མཛད་པ་རླབས་ཆེན་ལས་གྲུབ་པ་ཡིན་པས་བཀའ་དྲིན་རྗེས་སུ་དྲན་ཏེ་གུས་ཕྱག་འཚལ།
ང་ཚོས་ལོ་རྟག་པར་དམངས་གཙོའི་དུས་ཆེན་དགའ་དགའ་སྤྲོ་སྤྲོའི་ངང་ནས་སྲུང་གཙི་བྱེད་ཀྱི་ཡོད། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་པོས་བོད་ནང་གནམ་ས་དཀྲུགས་ཏེ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་དེར་དཀར་དམར་ཁྲ་གསུམ་འཛོམས་ཤིང་ཡིད་འོང་ལྟ་ན་སྡུག་པའི་མེ་ཏོག་ལས་ཀྱིས་མནར། དེ་ནས་ད་ལྟ་མི་ཡུལ་དུ་འཚར་ལོངས་བྱུང་བཞིན་ཡོད། ཡིན་ཡང༌། རྒྱ་དམར་པོའི་བཙན་དབང་དང་ྋགོང་ས་མཆོག་གི་བཀའ་དྲིན་ནི་ང་ཚོས་བརྗེད་ཐབས་མེད་པ་ཞིག་ཡིན། དེ་ནི་བོད་ནང་ཡོད་པའི་རང་རེའི་སྤུན་ཟླ་རྣམས་རྒྱ་ནག་དམར་པོའི་དྲག་ཤུགས་འོག་རང་དབང་སྤུ་ཙམ་ཡང་མེད་པར། དཔའ་བོ་དཔའ་མོ་མང་པོས་ཉིན་རེ་ནས་ཉིན་རེར་རང་སྲོག་གཏོང་བཞིན་ཡོད་པ་དང༌། བོད་ནང་དྲག་པོའི་རླབས་ཕྲེང་རྒྱུན་ཆད་མེད་པར་གནས་ཤིང༌། ཐ་ན་འགྲོ་བ་མིའི་ཐོབ་ཐང་ཡང་མེད་པར་ཧ་ཅང་སྡུག་པའི་གནས་ལ་ཡོད། རང་ཅག་བཙན་བྱོལ་དུ་ཡོད་པ་རྣམས་ནི་ྋགོང་ས་མཆོག་གི་སྐུ་དྲིན་ལས་མི་ཡུལ་དུ་བདེ་གནས་དང༌། ཟས་འཚོ། དེ་བཞིན་སློབ་གྲྭ་ཁག་དང༌། དགོན་པ། གཞིས་ཆགས་ཁག་མང་པོར་དཀའ་རྙོག་ཕྲ་མོ་ཙམ་ཡང་མེད་པར་མང་གཙོའི་ལམ་སྲོལ་ལ་ཕྱི་འབྲེལ་དང་ནང་སྲིད་ཀྱི་ཚུལ་བླ་ན་འཕགས་པའི་གྲུབ་བཞིན་ཡོད། དེས་ན་མང་གཙོ་ནི་ཅི་ཙམ་གྱི་གལ་གནད་ཆེ་བ་ཡིན་པ་ཚུལ་འདི་དག་ལས་ཀྱང་གསལ་པོ་རྟོགས་ཐུབ་བོ། །
མང་གཙོའི་ལམ་སྲོལ་ལ་ལྟ་ཞིབ་བྱེད་ན། དེ་ལས་དགེ་ཕན་མ་གཏོགས་གཞན་སྐྱོན་གང་ཡང་མེད། སྤྱིར་མང་གཙོ་ཞེས་པ་འདི་ནི་འོག་དམངས་ཀྱི་རེ་འདུན་དང༌། བསམ་འཆར། དེ་བཞིན་དམངས་ཀྱི་འདོད་པ་ཇི་བཞིན་གྲུབ་སྲོལ་ཡིན་པས། དེ་དག་གི་ལམ་སྲོལ་ལས་དམངས་ལ་འབྲས་ངན་འབྱུང་མི་སྲིད།
རང་རེའི་སྤྱི་ཚོགས་ནང༌། གཞུང་དོན་ཁ་ལ་འཁྱེར་ནས་རང་དོན་ལྐོག་ཏུ་འབད་པ་ཡོད་མི་སྲིད་དེ། གལ་ཏེ་དེ་དག་རེ་གཉིས་བྱུང་ཡང་མང་མོས་ནས་ཚུལ་དེ་ལྟ་བུ་རྩ་བ་ནས་མེད་པར་བཟོ་ཐུབ། དེ་བཞིན་གལ་ཏེ་རང་རེའི་སྤྱི་ཚོགས་ལ་མང་གཙོའི་ལམ་སྲོལ་དབེན་པར་རྒྱ་དམར་པོ་བཞིན་མི་སྒེར་ཞིག་གིས་ལུང་པ་བཟུང་པ་ཡིན་ན་ལུང་པ་དེའི་དམངས་ལ་བདེ་བ་ཐོབ་ནུས་སམ། ཐོག་མར་རྒྱ་དམར་པོས་ལྟ་བ་དར་རྒྱས་འགྲོ་བའི་སྐབས། མི་མང་པོ་ཞིག་བསད་པ་དང༌། ཀུན་ལ་འདྲ་མཉམ་བཟོ་བའི་ཕྱིར། ལུང་པ་སྐྱོ་བོ་ནས་བོད་དུ་སྤོས་པ་དང༌། ལས་རིགས་དེ་འདྲ་ཡིས་དམངས་ལ་བརྡབ་གསིག་མང་པོ་ཐེབས་ཡོད།
སྤྱིར་ལུང་པ་ག་འདྲ་ཞིག་ཡིན་ན་ཡང་ལུང་པ་དེའི་དམངས་ལ་བདེ་བ་སྦྱིན་ནུས་པ་ཞིག་ངེས་པར་དུ་དགོས། དེས་ན་མང་གཙོའི་ལམ་སྲོལ་ནི་དམངས་ཀྱི་བདེ་དོན་ལ་ཐུག་ཡོད་པ་དང༌། འདི་ནི་ཞི་བའི་ཐབས་དང་དམངས་ཀྱི་འདུན་པ་ཡིན་པས་དེ་དག་ངེས་པར་སྒྲུབ་དགོས།
དེ་བཞིན་མང་གཙོའི་ལམ་སྲོལ་གྱི་དགེ་ཕན་བསྡུས་ཏེ་ཞུས་ན། དེ་ཡང་ཐོག་མ་མང་གཙོ་ནི་སྐྱེ་བོ་བསོད་ནམས་ལྡན་པ་ཙམ་ལ་མ་གཏོགས་མི་ཐོབ་པས། རང་ཅག་རྣམས་བཙན་བྱོལ་དུ་ཡོད་ཀྱང་མང་གཙོ་ཡོད་པ་དེ་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག དེ་བཞིན་མང་གཙོའི་ལམ་ནི་ཞི་བའི་ཐབས་དང་བདེ་བའི་ལམ་ཡིན། མང་གཙོ་ནི་དམངས་ཀྱི་ཆེད་དུ་ཡིན་པ་དང༌། དམངས་ནས་སྒྲུབ་པ། དེ་བཞིན་དམངས་ཀྱི་ཡིན་པས་ལུང་པ་བདེ་བའི་སྐྱོང་བ་ལ་དམངས་ནས་མཉམ་ཞུགས་བྱུང་ཐབས་ཀྱང་ཡིན་པས། མི་སུ་འདྲ་ཞིག་ཡིན་རུང་ཐོག་མ་མང་གཙོ་ཞེས་པ་འདི་ནི་དམངས་ནས་སྒྲུབ་པའི་རང་ཅག་ཚང་མས་འོས་འདེམས་སྐབས་ངེས་པར་དུ་མཉམ་ཞུགས་བྱེད་དགོས། དེས་ན་མང་གཙོའི་ལམ་སྲོལ་ནི་ཤིན་ཏུ་མི་ལེགས་སམ། དེ་བཞིན་རང་ཅག་རྣམས་ལ་མང་གཙོ་ཡོད་པས། སླར་ཡང་ྋགོང་ས་མཆོག་ལ་གུས་ཕྱག་བགྱི། 
ཤེས་བྱའི་གནས་ལ་འཇལ་བའི་ཚད་མེད་ཀྱང༌། །རིག་པའི་སྒོ་བརྒྱ་བརྡོལ་བའི་སློབ་དཔོན་དང༌། །
ལྷན་དུ་བརྩོན་པ་ལྷུར་ལེན་བྱེད་པའི་མཐུས། །ཁང་བའི་ཀ་བཞིན་མགོན་ཁྱོད་ཞབས་བརྟན་ཤོག །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་མང་གཙོའི་བྱུང་རབས་ལོ་རྒྱུས་གཞི་ལ་བཞག་སྟེ་དགེ་སྐྱོན་བསྡུར་ཐབས་ཀྱི་སྒོ་ནས་བྲིས་པ་དང༌། མང་གཙོ་འཐབ་རྩོད་ཀྱི་དཀའ་སྡུག་གི་ལོ་ཟླ་ཞིག་བཀོད་ནས་མང་གཙོའི་ལུགས་སྲོལ་གྱི་དགེ་ཕན་འབུར་དུ་ཐོན་པ་མཚོན་ཡོད། སྒྲིག་གཞི་བཀོད་སྒྲིག་འོས་འཚམས་ལྡན་ན་ཡང༌། ཡིག་ནོར་ཅུང་ཟད་ཡོད་པ་དང༌། ཚིག་སྦྱོར་སྤེལ་སྟངས་ལ་བྱང་ཆ་དེ་ཙམ་མི་འདུག་པས། རྗེས་ཕྱོགས་འབྲི་རྩལ་ཡར་རྒྱས་གཏོང་བར་ཕྱོགས་གང་ཐད་ནས་ཧུར་བརྩོན་དང་དོ་སྣང་བྱོས་དང༌། ཡར་རྒྱས་ཀྱི་ལམ་བུ་ལྡན་ངེས།

མང་གཙོའི་ལམ་སྲོལ་གྱི་དགེ་ཕན།(ཨང་གཉིས་པ)

གོ་པལ་པུར་བོད་ཁྱིམ། བྱང་ཆུབ་ཡོན་ཏན།

དང་པོ།

སྤྱིར་ས་གཞི་འདིར་མིའི་དཔལ་ཡོན་ཐོག་མར་ཚུགས་པ་ནས་བཟུང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་འགྱུར་འགྲོས་དང་དབྱེ་བག་གིས་མིའི་རང་བཞིན་གྱི་སེམས་ཁམས་དང་སྤྱི་ཚོགས་བརྟན་ལྷིང༌། དཔལ་འབྱོར་འཕེལ་རིམ་སོགས་ལ་གཡོ་འགུལ་དང་ཡོ་ལང་ཆེན་པོ་བྱུང༌།
དུས་རབས་བཅུ་དགུའི་འགོ་སྟོད་ཙམ་ནས་འཛམ་གླིང་མི་མང་གིས་ཁ་མིག་ཡར་བལྟ་དང་སྤྱན་མིག་གྱེན་འདེགས་བྱ་ཡུལ་གྱི་”མང་གཙོ་”ཞེས་པ་འདི་ཆེས་ཐོག་མར་ཁོང་ཚོའི་སྙིང་ཁོངས་སུ་དགུན་གཞུང་གི་མེ་ལྕེ་བཞིན་དུ་སིམ་ཞིང༌། དེ་ལ་བརྟེན་ནས་ཁོང་ཚོའི་སྔ་མའི་འབུ་ཆེས་ཆུང་ཟོས་ཀྱི་གཤིས་ཀ་དང༌། ཁྲག་མཆི་འཆོར་བའི་བཀས་བཀོད་དག་མེ་ལོང་བཞིན་རང་གི་གདོང་རིས་ངོ་མ་དེ་ཕྱི་གསལ་ནང་གསལ་གྱི་ཕྱིར་མངོན་ཐུབ་པར་གྱུར། ལྕགས་རྡོ་ལྟ་བུའི་ཁོང་ཚོའི་སེམས་པ་རང་དབང་དང་ཞི་བདེའི་འོད་རླབས་ཀྱིས་ག་ལེར་དགུན་ནག་གི་གངས་འཁྱག་དང་དར་ཁ་ལས་ཕྱིར་ཐོན་ཏེ་ཉི་མ་དང་ཆེས་ཉེ་ས་ཞིག་ཏུ་འཕགས་ཐུབ་པ་བྱུང༌།    

གཉིས་པ།

ཁ་ལྕེ་དང་བསམ་བློས་མིའི་གཤིས་ཀ་ལ་སྟངས་འཛིན་ཐེབས་དུས་སུ་ཡིན་རུང་དགའ་བག་སྤྲོ་གསུམ་གྱི་དབུས་ན་ཉི་གཞོན་བཞིན་ཤར་འདོད་ཤིན་ཏུ་ཆེ། དེར་བརྟེན་འཛམ་གླིང་འདིར་མང་གཙོ་ཡི་སྲོལ་འདི་མ་བྱུང་སྔོན་དུ་ཕལ་ཆེར་ཞི་བདེ་དང་ལྷིང་འཇགས། རང་དབང་གི་གནས་སྒོ་ཀུན་འགག་ཐེབས་ཡོད་ཅེས་སྨྲ་ཆོག་པ་ཞིག་ཡིན་མོད། ཉིན་མཚན་གྱིས་ལོ་ཟླ་དང༌། ལོ་ཟླ་ཡིས་མི་རབས་ལ་རྗེས་ཤུལ་འཇོག་དུས་མི་ཚོས་ད་གཟོད་དམྱལ་བ་ལས་ཕྱིར་ལོག་སའི་འོད་འཚེར་བའི་རྐང་ལམ་དེ་རྙེད་ཅིང༌། ངུ་ངག་དང་འོ་དོད་རྒྱང་དུ་དོར་ཏེ་འཆམ་མཐུན་དང་ཡར་རྒྱས་ཀྱི་གོམ་ཁ་བསྙེགས་ཐུབ་པ་བྱུང༌།

གསུམ་པ།

མང་གཙོ་དང་མི་མང་དབར་རང་དབང་གི་གསེར་ཟམ་འཐེན་དུས་གཉའ་གནོན་དང་བཤུ་གཞོག་གི་དྲག་ཆར་ཁད་ཀྱིས་ཡལ་ཏེ། དྲང་བདེན་དང་མཐུན་སྒྲིལ་གྱི་སྦྲང་ཆར་ཕབ་ཐུབ་པ་བྱུང་ཞིང་རྒྱལ་ཁབ་ཀྱི་རྩ་དོན་ཆབ་འབངས་རེ་རེའི་རྩ་དོན་ཡིན་པ་ཡང་འདིས་ར་སྤྲོད་ཐུབ་པ་རེད།
རིམ་གྱིས་མང་གཙོ་ནི་མི་མང་ཚོའི་བདེ་སྐྱིད་ཀྱི་ལམ་བུ་དང་རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་མྱུ་གུ་འབུས་སའི་ས་ཞིང་ལྟ་བུར་གྱུར་ཏེ་འཛམ་གླིང་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ནས་དབུས་ཤར་ཨེ་ཤ་ཡའི་གླིང་ཕྲན་དུ་རིམ་གྱིས་དང༌། མང་གཙོས་བདེ་སྐྱིད་ལ་མཐའ་གཅིག་ཏུ་གཞོགས་འདེགས་བྱེད་དུས་མི་ཚོས་ལུང་པ་སོ་སོའི་ཡིད་ཆེས་དང་འཇོན་ནུས། རིག་གནས་སོགས་ཆ་ཀུན་ནས་འཛོམས་པ་དེ་མི་མང་རང་གིས་ཐད་ཀར་སྤྱི་གཙུག་ཏུ་བཀུར་ཐུབ་པ་བྱུང་ཞིང་དུས་ད་ལྟ་ལ་ཐུག་གི་བར་དུ་ངོ་མཚར་ཆེ་ཞིང་ཁུར་དུ་བརྗིད་པའི་ལམ་སྲོལ་དེ་ལག་བསྟར་བྱུང༌།

བཞི་པ།

འདས་ཟིན་པའི་བོད་དང་ད་ལྟའི་བོད་ཀྱང་ཧེ་བག་འདིས་ཕྱེས་ཐུབ་ཅིང༌། སྔ་མོའི་བོད་ནི་སྲོལ་རྒྱུན་ལྟ་བུའི་རྒྱལ་རྒྱུད་དམ་གདུང་རྒྱུད་ལས་དབང་ཐང་མཆེད་ཅིང་རྗེས་སུ་ཡང་མཐུ་སུ་བཙན་དང་ལག་སུ་ངར་ལྟ་བུའི་ཁོ་ནས་རྒྱལ་སར་བསྙེགས། ཕྱིས་སུ་ྋརྒྱལ་དབང་མཆོག་གི་སྐུ་དུས་ནས་མ་འོངས་པའི་དབང་ཐང་ལ་འཐབ་རྩོད་བྱས་པ་ཡང་བྱུང་ཞིང༌། འོན་ཀྱང་མི་མང་ཚོ་ནི་འདི་ལྟའི་གནས་ཤིག་ན་ཁ་བཙིར་སྐེ་དགག་ཏུ་བཏང་ཞིང་གཉའ་གནོན་དང་གདུག་རྩུབ། སྟོབས་འབྱོར་འབའ་ཞིག་གི་འོག་མགོ་བོ་སྨད་དེ་ལུས་པ་རེད།
འོན་ཀྱང་ལོ་རྒྱུས་དང་མི་རབས་ལ་མིའི་མི་ཚེ་བཞིན་དུ་འགྱུར་འགྲོས་མང་བས་དུས་རབས་ཉི་ཤུའི་རྒྱང་མཐའ་ནས་ཁད་ཀྱིས་ཡུལ་གཞན་ཞིག་ཏུ་གྱར་དགོས་ཐུག རྐྱེན་ངན་གྲོགས་ཤར་ལྟ་བུའི་ང་ཚོ་འདི་ལྟར་རང་ཚང་ནས་ཐོན་ཏེ་ཕྱི་རོལ་ལ་མགོ་བོ་སྨད་དུས་ང་ཚོས་ང་ཚོ་གང་ཞིག་ཏུ་སླེབས་ཡོད་པ་གཞི་ནས་མངོན་པ་རེད། འཛམ་གླིང་ཀུན་རང་རང་གི་ལམ་བུ་ན་ཤར་གྱིས་བསྐྱོད་དུས་ང་ཚོས་གཞི་ནས་ལམ་བུ་བཟོ་རྒྱུ་དྲན་ཞིང་བཙན་བྱོལ་དུ་གྱར་རྗེས། ྋརྒྱལ་དབང་ཆེན་པོའི་ཐུགས་ཀྱི་བྱིན་མཐུ་ཡིས་ང་ཚོར་མང་གཙོའི་ལམ་བུ་དེ་བཟོ་བསྐྲུན་དང་འབད་པ་མ་དགོས་པར་ཐབས་ཀྱིས་བསྩལ།

ལྔ་པ།

ང་ཚོས་མང་གཙོའི་ལམ་བུ་དེར་བསྙེགས་པ་ནས་བཟུང་ཁམས་བསོད་ཇེ་མཐོར་དང་ཡར་རྒྱས་ཀྱི་རྣམ་པ་ཚུགས་པ་རེད། ཡ་མཚན་པ་ཞིག་ལ་ང་ཚོ་དུས་འདིར་རང་ཡུལ་བོར་ཏེ་གཞན་ཡུལ་དུ་གནས་ཀྱང་སྙན་གྲགས་གཟི་དཔལ་སྔར་ཆོས་རྒྱལ་གྱི་གདུང་རབས་ལས་ལྷག་པར་ས་གཞི་འདིར་ཁྱབ་ཅིང་རང་དབང་དང་འཆམ་མཐུན། བརྟན་བརླིང༌། སྲུང་སྐྱོབ། ལས་འཁུར། ཞི་བདེ་བཅས་ནི་འཛམ་གླིང་ཀུན་གྱི་ཡིད་སྨོན་སྐྱེས་ཡུལ་ཞིག་ཏུ་གྱུར་ཡོད། དེ་མ་ཟད་ཆེ་ས་ནས་བཀའ་ཁྲི་དང་ཆུང་ས་སློབ་ཆུང་སློབ་མའི་རྒན་བདག་གཅིག་ཀྱང་ང་ཚོས་མང་མོས་ཀྱིས་བསྐོ་འཇོག་བྱེད་པའི་རང་དབང་དེ་ཡོད། ང་ཚོར་མང་གཙོའི་ལམ་སྲོལ་འདི་དར་བ་ནས་བཟུང་ངོ་ལྐོག་རྒྱབ་མདུན་གཅིག་ཏུ་བསྒྱུར་ཞིང༌། ཕྱོགས་འཁྱེར་དང་གཡོ་སྒྱུ་གཏན་འཇིག་ཏུ་གྱུར་ནས་ནམ་ཡིན་རུང་ཚགས་ཤོག་དང་རླུང་འཕྲིན་སྟེང་གཅིག་གིས་གཅིག་ལ་བསམ་ཚུལ་སྤེལ་རེས་དང་གོ་བསྡུར། བགྲོ་གླེང་སོགས་ཀྱི་སྔར་བས་མང་གཙོའི་ལམ་བུ་སྲོལ་བཟང་དུ་བཏང༌།    

དྲུག་པ།

མང་གཙོ་འདི་མིའི་སེམས་ཁམས་སུ་བབས་པ་ནས་བཟུང་གུ་ཡངས་དང་བཟོད་བསྲན། མདོར་ན། དགེ་བའི་རྩ་བ་ཡང་བསྐྲུན་ཐུབ་པ་བྱུང་ཡོད་ཅིང་རྙིང་ཞེན་དང་བག་འཁུམ། ལོག་ལྟ། དམའ་འབེབས་བཅས་ནི་བདུད་རྩི་འདི་ཡིས་ཀུན་ལས་སེལ་སོང༌། འདི་ལྟ་བུ་ང་ཚོའི་གཉན་འཕྲང་དང་གལ་ཆེའི་དུས་འདིར་ང་ཚོས་མང་གཙོའི་ལམ་ཁོ་ནའི་ཐོག་གཞུང་མང་གཉིས་ཀྱི་སྲིད་ཇུས་གོ་བསྡུར་དང་ལམ་གཏན་འབེབས་བྱེད་པ་ལས་གཞན་གྱི་གཞུང་ལྟར་སྲིད་ཇུས་འཁྲུལ་བྲལ་དང་ཡང་དག་ཡིན་པ་རབ་ཏུ་བགྲངས་ནས་འབངས་མི་ཚོར་ཁ་ཡོད་ཀྱང་མིད་པ་སྐུད་པས་བསྡམས་ན་མི་ཆོག་པ་ཅི་ལ་ཡོད།

བདུན་པ།

ང་ཚོར་འདི་ལྟར་མང་གཙོའི་གཟི་བྱིན་དང་རང་དབང་འབྱོར་དུས་ད་དུང་སྙིང་ལ་བརྗེད་དུ་མེད་པའི་འོས་འགན་ཞིག་ཡོད། ང་ཚོའི་སྤུན་ཟླ་མང་པོས་ཁྲག་དང་མིག་ཆུ་ཁོ་ནའི་ཕྱོགས་གཞན་ཞིག་ཏུ་དུཿཁས་མནར་དུས། ང་ཚོས་མང་གཙོར་ལྟག་པ་གཏད་པའི་སྐྱེ་བོ་ཚོ་ཡང་འདི་ལ་འདྲེན་ཐུབ་པ་བྱ་དགོས་ཤིང༌། གཞན་གྱི་སྡུག་བསྔལ་རང་གི་སྙིང་དུ་བརྣག་པ་འདི་ཡང་མང་གཙོའི་བྱིན་རླབས་ཡིན་པས་ན་རང་གི་སྡུག་རྒྱབ་ཏུ་འཁྱེར་ནས་གཞན་གྱི་ཤི་མ་གསོན་གྱི་ཕུང་པོ་དག་བརྫིས་མི་རུང་ཞིང༌། ང་ཚོས་རང་གི་སྡུག་བསྔལ་རྒྱབ་ཏུ་འཁྱེར་ནས་གཞན་གྱི་སྡུག་བསྔལ་པང་དུ་ལེན་མི་ཐུབ་རུང༌། འགྱེལ་ས་ནས་ལངས་ཐུབ་པ་ཞིག་མ་མཐའ་ཡང་བྱ་དགོས་ན། ང་ཚོས་རང་གི་དགྲ་བོ་རྒྱ་ནག་རྩིས་པའི་ཡུལ་གྲུ་མང་པོ་ད་དུང་ཡང་མུན་དོང་ན་ལྐོག་གསོད་དང་གཡོག་སྦྱོར། སྡུག་སྦྱོང༌། བཤུ་གཞོག་ཁོ་ནའི་འོག་ཚེ་སྲོག་འབའ་ཞིག་གི་རིན་ཐང་རྩོད་བཞིན་ཡོད་པས་ན་ང་ཚོས་ད་དུང་ཡང་ཕྱི་མིག་དང་བསམ་གཞིགས་གཞན་ཞིག་གི་སྣེ་མོར་འཇུས་དགོས་སོ། །
སྨྲས་པ། དཔལ་ལྡན་བླ་མའི་སྐུ་ཚེ་བསྲིངས་པ་དང༌། །འགྲོ་ཀུན་ཡོངས་ལ་བདེ་སྐྱིད་འབྱོར་བའི་སླད། །
མང་རྣམས་གཙོ་བའི་སྲོལ་བཟང་ལམ་གྱི་མཆོག །ས་ཆེན་འདི་ན་མ་ཉམས་རྒྱས་ཅིག་གུ །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ལ་བརྟེན་ནས་ལམ་ལུགས་བྱུང་སྐོར་གྱི་དོན་བརྗོད་ལྷུག་རྩོམ་ཞིག་རེད་འདུག་ལ། བོད་པའི་སྤྱི་ཚོགས་ཀྱི་འཕེལ་འགྲིབ་དང་མང་གཙོ་དར་ལུགས་རྣམས་ཞིབ་འབྲི་བྱས་པ་དང༌། མང་གཙོའི་ལམ་སྲོལ་ནང་འོས་འགན་འཁྱེར་དགོས་པ་གསལ་འདེབས་ཞུས་ཏེ་མཇུག་སྡུད་འདུག ཚིག་སྦྱོར་ལེགས་ཤིང་སྙན་ཆ་ལྡན། ད་དུང་ཡར་རྒྱས་ལ་མཐའ་མེད་སྟབས་མུ་མཐུད་དེ་ཧུར་བརྩོན་གནང་རོགས།
 

མང་གཙོའི་ལམ་སྲོལ་གྱི་དགེ་ཕན།(ཨང་གཉིས་པ)

མི་རིགས་ཀྱི་སྡུག་བསྔལ་ཚེགས་མེད་དུ་བཅོམ་པའི་རྟག་བརྟན་གྱི་སྲོལ་བཟང་ཞིག་ཡིན་ལ། འགྲོ་བ་ཀུན་ལ་གཞི་རྩའི་ཐོབ་ཐང་གི་ལམ་བུ་བསྐྲུན་མཁན་གྱི་གསེར་ཟམ་ཞིག་སྟེ།
ཁ་བྱང་གི་འགྲེལ།

མ་སུ་རི་བོད་ཁྱིམ། ཕུན་ཚོགས་ཆོས་འཕེལ།

སྤྱིར་རྩོམ་པ་པོ་ནི་མི་རིགས་ཀྱི་བླ་སྲོག་སྐྲུན་མཁན་སྒྱུ་རྩལ་གྱི་སྨན་པ་ཞིག་ཡིན་ལ། རིགས་ཞེན་གྱི་གོས་དཀར་བཀླུབས་ཤིང༌། སྨྱུ་གུ་ཡི་གོ་མཚོན་ཐོགས་ཏེ་ཆེས་དྲང་བདེན་གྱི་གཡུལ་སའི་ཐོག་དཔའ་ངར་ཞུམ་མེད་ཀྱི་ཁ་གཏད་དུ་འགྲེང་བའི་དཔའ་རྒོད་ཅིག་ཀྱང་ཡིན་པས། རྩོམ་རིག་གི་ཐང་ཆེན་སྟེང་དུ་མཉམ་བགྲོད་ཀྱི་ཅང་ཤེས་མ་ཡིན་པའི་མགྲིན་བཟང་ངས་དུས་རྟག་ཏུ་རྩོམ་རིག་གི་ལྷ་ལམ་ཡངས་པོར་ནམ་འཕང་གཅོད་ཐུབ་པའི་ཐང་དཀར་རྒོད་པོའི་འཕུར་རྩལ་དང་འཚོ་བ་ཡི་སྣང་བརྙན་གསོན་པོ་ཡི་གེ་གཟུགས་སུ་ཕབ་ཐུབ་པའི་མཚན་སྙན་གྱི་དྲི་བསུང་འཐུལ་བའི་སྨྱུག་གསར་ཁོ་ན་ཞིག་བྱེད་རྒྱུ་དོནལྡན་གྱི་སྟོང་བསམ་དང་རེ་འབོད་འབའ་ཞིག་གིས་ལོ་ཟླ་འདའ་བཞིན་མཆིས།
དེར་བརྟེན། འདིར་གླེང་བར་བྱ་བའི་གཏམ་ནི་སྐོམ་པ་ཆུ་འདོད་དང་བཀྲེས་པ་ཟས་འདོད་ལྟ་བུའི་བདེ་སྐྱིད་ཀྱི་གཞི་རྩ། གཅིག་སྒྲིལ་གྱི་སྟོབས་ཤུགས། མི་རིགས་ཀྱི་རང་དབང༌། ཀུན་ལ་མཁོ་བའི་ཚེ་སྲོག་གི་དབུགས་རྒྱུན། ཀུན་གྱི་འདོད་པའི་ལྷིང་འཇགས་ཀྱི་ཞི་བདེ་དང་མཚུངས་པའི་མང་གཙོའི་ལམ་སྲོལ་གྱི་དགེ་ཕན་ཞེས་པ་གླེང་འདོད་ཀྱི་འདུན་པ་འགོག་མེད་དུ་རྒྱས།

མང་གཙོའི་བྱུང་རབས་བརྗོད་པའི་བདེན་གཏམ་མི་འཇིག་རྡོ་རྗེ།

འཇིག་རྟེན་འདི་གདོད་མ་ནས་ད་ལྟའི་བར་འཕོ་འགྱུར་ཅི་ཙམ་ཞིག་ཕྱིན་པ་རྣམས་དང༌། ང་ཚོ་མི་ཡི་རིགས་སུ་གནས་པ་ནས་བཟུང་མང་གཙོ་ཞེས་པའི་ཡིག་འབྲུ་གཉིས་ལས་སྒྲུབ་པའི་ཐ་སྙད་འདི་ང་ཚོའི་དར་ལུང་རྣ་དང་ཁྲ་ཆུང་མིག་གིས་མཐོང་ཐོས་སུ་གྱུར་ཡོད་པ་སྨོས་ཅི་དགོས།
དེར་བརྟེན། ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་སྤྱི་ཚོགས་ཀྱི་དར་རྒུད་འདི་དག་གི་ཁྲོད་མི་རིགས་ལ་གཉའ་གནོན་དང་གདུག་རྩུབ་ཀྱིས་མནར་གཅོད་སྟེར་མཁན་བཙན་པོ་མང་དག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཇི་ཙམ་རྡོག་རོལ་བཏང་ན་ཡང༌། རིམ་བཞིན་ལོ་ཟླ་འཁོར་ཕྱོགས་དང་བསམ་པའི་ནུས་རྩལ་གོང་མཐོར་ཕྱིན་པའི་རྒྱུ་མཚན་རྣལ་མ་འདི་ལས་ད་ལྟའི་ཆར་རྒྱལ་པོའི་དབང་སྒྱུར་བྱས་པའི་ཡུལ་གྲུ་མང་པོ་ཞིག་སྡུག་བསྔལ་གྱི་རྒྱ་ལས་ཐར་ཅིང་བདེ་སྐྱིད་ཀྱི་ཉི་གཞོན་གསར་པ་ཞིག་ཤར་མགོ་བཙུགས་ཡོད། ང་ཚོའི་དྲང་བདེན་གྱི་སྤྱན་ཤེལ་གྱོན་ནས་འདས་ཟིན་པའི་ལོ་ཟླ་འདི་དག་ལ་ཕྱི་མིག་ཅིག་བལྟས་ན་ད་གཟོད་ང་ཚོའི་དབང་བཙན་པའི་གོང་མ་ཡང་”བདེ་སྐྱིད་ཀྱི་གཞི་རྩ་དང་དམངས་ཀྱི་བདེ་སྡུག་”ཅེས་པའི་ཐ་སྙད་འདི་རྟོགས་ཡོད་པ་གསལ་པོར་ཧ་གོ་ནས་འཁོར་བ་འདི་ཡི་སྐྱེས་བུ་ཐམས་ཅད་ཀྱང་རིམ་བཞིན་མང་གཙོ་ནི་ངོ་མ་སྐྱེ་དགུ་སེམས་ནང་”དགའ་བདེ་སྤྲོ་གསུམ་”གྱི་ཚོར་བ་སྦྱིན་ཐུབ་པའི་དན་རྟགས་གསལ་པོ་ཞིག་ལ་ངོས་འཛིན་ཅིང༌། ད་དུང་མང་གཙོ་ལ་དགའ་ཞེན་ཆེ་བའི་རྒྱལ་ཁབ་ཕལ་མོ་ཆེ་ཞིག་ཀྱང་རིམ་གྱིས་ཚོགས་པ་སྣ་ཚོགས་ཤིག་གསར་འཛུགས་མཛད་པ་དང་”མང་གཙོ་”ཞེས་པའི་གཟི་བརྗིད་འབར་བའི་ཡིག་འབྲུ་བ་དན་དཀར་མོ་འདི་དྲང་བདེན་གྱིས་སྲིད་གསུམ་དང་ལྷ་ལམ་ཡངས་པོར་འཕྱུར་བས། གདུག་རྩུབ་དང་གཉའ་གནོན་གྱི་ལོ་ཟླར་གྱེས་ཕྱག་ཕུལ་ཅིང༌། དྲོ་སྐྱིད་ལྡན་པའི་”མང་གཙོའི་”ལོ་ཟླར་རེ་འབོད་དང་ཡུལ་གྲུ་ཀུན་ཏུ་ཁ་གཡང་གིས་བསུ་མ་བྱེད་བཞིན་ཡོད།

མང་གཙོའི་དགེ་ཕན་བརྗོད་པ་དྲང་བདེན་རྔ་སྒྲ།

མང་གཙོའི་ལམ་སྲོལ་གྱི་བགྲོད་ལམ་རིང་མོ་འདིར་གོམ་ཁ་བསྒྱུར་བའི་རྒྱལ་ཁབ་མང་པོ་ཞིག་ད་ལྟ་དགའ་སྤྲོ་དང་ཆིག་སྒྲིལ་གྱི་མི་ཚེ་བསྐྱལ་འགོ་ཚུགས་ཤིང༌། ད་དུང་ཡང་དམར་ཤོག་གི་ལྟ་བ་ལས་མང་གཙོའི་ལམ་བཟང་དུ་འགྱུར་བའི་ཡུལ་གྲུ་མང་པོ་ཞིག་ཀྱང་དེའི་དགེ་ཕན་རྟོགས་ནས་མུ་མཐུད་ནས་སྐྱིད་སྣང་ལྡན་པའི་ཚོར་བ་ཞིག་གིས་མི་ཚེ་སྐྱེལ་བཞིན་ཡོད།
རེད་ཡ། ང་ཚོ་གདོང་དམར་བོད་པ་ཚང་གི་རང་ཁྱིམ་རྒྱ་ལག་ཏུ་ཤོར་ཞིང་མི་ཡི་གནས་ཚང་དུ་གྱར་ནས་ད་བར་དུ་མི་ལོ་ལྔ་བཅུ་ཙམ་ཞིག་འདས་སོང༌། ཡིན་ན་ཡང༌། འདི་ལྟ་བུའི་རྒྱ་ནག་གིས་ངན་བྱུས་འོག་”ནུབ་རྒྱུད་དར་སྤེལ་”དང༌། སྤྱི་ཚོགས་རིང་ལུགས་ལ་སོགས་པའི་ཐབས་ངན་སྣ་ཚོགས་ཤིག་སྤེལ་ཡོད་ཀྱང་བཙན་བྱོལ་དུ་མ་གྲོས་གཅིག་མཐུན་གྱིས་ྋགོང་ས་མཆོག་གི་”མང་གཙོའི་གཞུང་”གསར་འཛུགས་མཛད་པ་ནས་བཟུང་མི་མང་ཕན་ཚུན་བར་བརྩེ་སེམས་ཟབ་པ་དང༌། “མང་གཙོའི་སྲིད་བྱུས་”བཟང་པོའི་ལུགས་བཟང་འོག་ད་བར་དུ་མི་རིགས་ཀྱི་འགལ་ཟླ་དང་སྲིད་གཞུང་ལ་གྱེན་ལོག་བྱས་པའི་བསམ་ངན་མི་མང་གི་བསམ་བློའི་ནང་དུ་མ་འཁྲུངས་པའི་རྒྱུ་རྐྱེན་མཐར་ཐུག་དམངས་ལ་རང་དབང་དང་འདྲ་མཉམ་འོག་ཐོབ་ཐང་སྤུས་གཙང་ཞིག་སྦྱིན་པའི་རྐྱེན་གྱིས་ཡིན། དེ་ལས་ད་བར་དུ་མི་རིགས་འདི་”བྱེས་འབྱོར་”དང་”གཞིས་ལུས་”ཞེས་པའི་ཧ་ཅང་བཟོད་དཀའ་བའི་ཡི་གེ་གཉིས་སུ་གྱེས་ཀྱང་ང་ཚོའི་རྒྱལ་ཁབ་འདིར་བྱེས་འབྱོར་དང་གཞིས་ལུས་ཀྱི་བརྩེ་སེམས་དང༌། ལ་རྒྱ། ཆིག་སྒྲིལ་ཇེ་ཟབ་ཏུ་ཕྱིན་ཡོད་པ་ནི་མང་གཙོའི་ལམ་སྲོལ་བཟང་པོའི་སྲིད་ཇུས་འདི་ཡི་སྔར་མེད་འོད་སྟོང་འབར་བའི་དགེ་ཕན་ཞིག་ཡིན་པ་ཁོ་བོའི་སེམས་སོ།།
ད་དུང་ཡང་དམར་ཤོག་དང་རྒྱལ་པོའི་རིང་ལུགས་ཀྱི་རྒྱལ་ཁབ་འདྲ་མིན་ཞིག་ཀྱང་མང་གཙོར་གྱུར་ཡོད། དཔེར་ན་ཉེ་བའི་ཆར་”འབྲུག་ཡུལ་”གྱི་ཡུལ་གྲུ་འདི་ཡང་མི་དམངས་ལ་ཐོབ་ཐང་དང་རང་དབང༌། འདྲ་མཉམ་དགོས་པ་གལ་ཆེ་ནང་གི་དོན་ཆེན་དུ་བརྩི་ནས་རྒྱལ་པོའི་སྲིད་དབང་གི་འཆིང་ཐག་དེ་གྲོལ་ནས་མང་གཙོའི་ལམ་བཟང་དུ་གྱུར་ཡོད་པ་དེ་ལས་”མང་གཙོ་” ཞེས་པའི་ཡིག་འབྲུ་འདི་ཇི་ཙམ་ཞིག་ནམ་མཁར་མི་ཤོང་བའི་དགེ་མཚན་ཆེན་པོ་ཞིག་ཡོད་པ་ནི་ང་ཚོའི་གསལ་བོར་ཤེས་ཐུབ།

མང་གཙོར་གཙིགས་ཆེན་འཛིན་པའི་མཁས་དབང་ཁག

མང་གཙོར་དགའ་མོས་ཆེ་བའི་རྒྱལ་ཁབ་མང་པོ་ཞིག་ད་ལྟ་རང་དབང་དང་འདྲ་མཉམ་གྱི་དྲོ་སྐྱིད་ལྡན་པའི་མང་གཙོ་ཞིག་ཏུ་གྱུར་ཡོད་ནའང༌། མི་དམངས་ལ་རང་དབང་དབེན་པའི་རྒྱ་ནག་ལ་སོགས་པའི་རྒྱལ་ཁབ་མང་པོ་ཞིག་གཅིག་སྡུད་ལམ་ལུགས་ཉམས་རྒུད་མ་ཕྱིན་པར་འཕེལ་རྒྱས་ངང་གནས་ཀྱང་རིམ་བཞིན་འདི་དག་དམངས་གཙོར་འགྱུར་རྒྱུ་ཡིན་པ་ཉེ་ལམ་”ཨུ་རུ་སུ་”རྒྱལ་ཁབ་ཆེན་མོ་འདི་སིལ་བུར་འཐོར་བའི་གནས་ཚུལ་ལས་ར་སྤྲོད་གསལ་པོར་བྱེད་ཐུབ།
དེ་ཡང་རྒྱ་ནག་གི་མཁས་དབང་གྲགས་ཆེན་ཝང་ལི་ཞུང་གིས་”རྒྱ་ནག་རྒྱལ་ཁབ་འདི་ཡར་རྒྱས་མུ་མཐའ་བྲལ་བ་ཕྱིན་ཡོད། འོན་ཀྱང༌། ཡར་རྒྱས་འདི་ཇི་ཙམ་ཞིག་གནས་པ་ཁོ་བོའི་ཤེས་མ་ཐུབ།” ཅེས་ཧ་ཅང་རིན་ཐང་ཆེ་བའི་རླབས་ཆེན་གྱི་གསུང་དེ་ལས་རྒྱ་ནག་འདི་དུས་ནམ་ཞིག་”ཨུ་རུ་སུ་”ཇི་བཞིན་དམངས་གཙོར་འགྱུར་རྒྱུ་ཡིན་པ་ནི་གང་ཉིད་ཀྱི་གསུང་བཤད་དེ་ལས་གསལ་བོར་དཔོག་ཐུབ། ད་དུང་ཡང་མང་གཙོ་སྲོལ་གཏོད་མཛད་མཁན་གནྡྷི་མཆོག་གིས་《མཁས་དབང་ཁག་གི་ངོ་སྤྲོད་》ཅེས་པའི་དེབ་ཐེར་དེ་ཡི་ནང་”རྒྱལ་ཁབ་ཅིག་འཕེལ་འགྲིབ་བྱུང་མིན་ནི་རྒྱལ་ཁབ་དེ་ཡི་མི་དམངས་ལ་རག་ལས་ཡོད། དེར་བརྟེན་ང་ཚོའི་ངེས་པར་དུ་མི་དམངས་ལ་ཁྲིམས་མཐུན་གྱི་རང་དབང་ཞིག་བསྐྲུན་དགོས་”ཞེས་པའི་ཧ་ཅང་གནད་ལ་འཁེལ་བའི་གསུང་འཕྲིན་འདི་ཡི་རྒྱབ་ལྗོངས་ཁྲོད་དམ་པ་གང་གིས་མི་རིགས་ལ་མང་གཙོའི་རང་དབང་བསྐྲུན་དགོས་པའི་འབོད་བརྡ་དང༌། དེ་གྲུབ་འབྲས་ལས་མི་དམངས་དང་སྒོས་སུ་རྒྱལ་ཁབ་འདི་ཡི་ཕུགས་རྒྱང་རིང་བའི་ཡར་རྒྱས་ཀྱི་མང་གཙོའི་ལམ་བཟང་ཡིན་པ་གསལ་བོར་བཏོན་ཡོད།
ཆེས་རླབས་ཆེན་གྱི་ང་ཚོའི་དབུ་ཁྲིད་ྋགོང་ས་མཆོག་གིས་བཀའ་འབྲེལ་ལྟར་ད་ལོ་བཙན་བྱོལ་བོད་གཞུང་གིས་སྐོང་ཚོགས་གནང་བའི་བོད་དོན་གྱི་ཚོགས་འདུ་འདི་ལ་འཐུས་མི་ཡོང་ཕྱོགས་ཐད་ཁོང་ཉིད་ཀྱིས་”ད་ལྟའི་བོད་དོན་དང་འབྲེལ་བའི་ཚོགས་འདུ་འདིར་མི་དམངས་ཀྱི་འཐུས་ཚབ་མང་ཙམ་དགོས་”ཞེས་པའི་རླབས་ཆེན་གྱི་གཏན་ཚིགས་འདི་ལས་”མང་གཙོ་དང་དེའི་དགེ་ཕན་”ཇི་འདྲའི་རིན་ཐང་བྲལ་བ་ཞིག་ཡིན་པ་མང་གཙོར་ཡི་རང་ལྡན་པའི་གང་ཟག་དང་དེ་མིན་དམར་ཤོག་གི་རྒྱལ་ཁབ་ཚོགས་ཀྱིས་ཀྱང་མཁྱེན་ངེས་ཡིན།

མཇུག་བསྡུའི་གཏམ་གྱི་རོལ་མོ།

དེར་བརྟེན། དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་ལས། གཏམ་རྣམས་ཕལ་ཆེར་འདོད་པའི་ཕྱོགས་ནས་བྱུང༌། །ཞེས་པའི་གཏན་ཚིགས་འདི་གོང་དུ་བཀུར་ནས་ཁོ་བོ་གོང་འོག་བར་གསུམ་དུ་སུག་བྲིས་བྱས་པའི་ཡིག་ཚོགས་འདི་བྱ་དགའ་ཁོ་ན་སྤྱི་གཙུག་ཏུ་བཀུར་ནས་བྲིས་པ་ཞིག་ནམ་ཡང་མ་ཡིན་ཏེ། འདི་ནི་ཁོ་བོའི་དོན་མེད་བདེན་སྤོང་རྫུན་བཟོ་བྱས་པའི་གཏམ་ཞིག་ཀྱང་མ་ཡིན། འདི་ནི་མང་གཙོའི་རྒྱལ་ཁབ་འདིར་འཚར་ལོངས་བྱུང་བའི་སྤྲང་ཕྲུག་བསམ་མེད་ཅིག་གི་གློ་མཆིན་གྱི་སྲུབས་ཀ་ནས་འཕྱུར་བའི་བདེན་གཏམ་ཞིག་ཡིན་ལ་དུས་ནམ་ཡང་མང་གཙོར་བརྩེ་དུང་ཟབ་པའི་གངས་ཕྲུག་ཅིག་གི་གླེང་མི་ཚར་བའི་གཏམ་རྒྱུད་ཅིག་ཡིན།
མཐར་བོད་མི་རིགས་ཀྱི་ལྟ་བའི་མིག མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྤྱན་རས་གཟིགས།
ལྷ་གཅིག་སྤྱན་རས་གཟིགས་ཀྱི་བཀའ་དྲིན་ལས། །རྐང་གཉིས་བོད་མི་སྡུག་བསྔལ་ཚེགས་མེད་བཅོམ། །
སྲིད་གསུམ་མ་ལུས་འགྲོ་བའི་མགོན་གཅིག་པུ། །དུས་བཞི་འགྱུར་མེད་སྐུ་ཚེ་བརྟན་གྱུར་ཅིག །
སྨྲས་པ།ལུགས་བཟང་བདེ་སྐྱིད་ལྡན་པའི་མང་གཙོ་ཡི་ལམ་སྲོལ། །འགྲོ་བའི་འདྲ་མཉམ་ཐོབ་ཐང་གལ་ཆེན་དུ་བཟུང་ནས། །
སྐྱེ་བོ་ཀུན་ལ་སྔར་མེད་དགའ་སྤྲོ་ཡི་མི་ཚེ། །སྟེར་བའི་བྱ་བའི་སྲོལ་བཟང་མུན་སེལ་གྱི་སྒྲོན་མེ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་འགྲོ་བ་མིའི་རིགས་ཀྱི་གཉའ་གནོན་དང་འཐབ་རྩོད་མང་པོ་ཞིག་གི་གོ་རིམ་ཁྲོད། དམངས་ཀྱི་ཁེ་ཕན་དང་དགོས་མཁོ་སྐོང་ཆེད་མང་གཙོ་ལམ་སྲོལ་ལ་འཚོལ་སྙེག་བྱས་པའི་བརྒྱུད་རིམ་ངོ་སྤྲོད་དང༌། ད་ལྟ་ཡང་གཅིག་སྡུད་ལམ་ལུགས་སོགས་མང་གཙོ་ལམ་སྲོལ་ལ་མདུན་བསྐྱོད་བྱེད་པ། མཁས་པ་རྣམས་ཀྱིས་མང་གཙོ་ལམ་སྲོལ་ལ་མཐོང་ཆེན་བྱེད་པ་སོགས་འབྲི་འགོད་བྱས་འདུག
ཚིག་སྦྱོར་སྡེབ་ལེགས་པ་དང་ཡིག་ནོར་ཉུང༌། ཡིན་ནའང༌། ནང་དོན་བརྗོད་གཞི་ལས་རྒྱང་དུ་གྱར་བའི་ཚོར་སྣང་ཞིག་བྱུང་བས། རྒྱུ་ཆ་འཚོལ་སྒྲུབ་ཀྱིས་བསམ་གཞིགས་ཞིབ་མོས་འགོད་འབྲི་རྒྱུན་འཁྱོངས་བྱེད་པར་གཅེས།

མདུན་ཤོག

Menu