[toc]

བརྗེད་དཀའ་བའི་དགེ་རྒན་ཉིན་མོ།(ཨང་དང་པོ)

གོ་པལ་པུར་བོད་ཁྱིམ། ཀུན་དགའ་ཚེ་རིང༌།

སྔོ་ཞིང་བསངས་པའི་ནམ་མཁའ་ན་ཆུ་འཛིན་བུ་མོའི་ལང་ཚོ་བརྟོལ་བའི་རྟ་བདུན་གཞོན་ནུ། བཅུ་དྲུག་གི་དར་ལ་བབས་པའི་འོད་ཟེར་གྱི་ཕྲེང་བ་ཕྱོགས་རིས་དང་ཕྱོགས་ལྷུང་མེད་པར་ས་བཅུད་དགེ་བ་བཅུ་ཚང་བའི་ནོར་འཛིན་སྒེག་མོའི་པང་དུ་འཕྲོས་དུས། ཚང་ཚིང་འཁྲིགས་པའི་ནགས་ཚལ་སྟུག་པོ་དེའི་དཀྱིལ་ན་སྔོ་ལྗང་གཡུ་ལོའི་བརྒྱན་པའི་ཤེས་རིག་གི་དོ་ར་ཆུང་ཆུང་ཞིག་ལྷུན་གྱིས་ཆགས་ཡོད།
དེ་ལས་ཀྱང་ཉམས་དགའ་བ་ནི་ནང་ལོགས་ཀྱི་མཛེས་པའི་ཡུལ་ལྗོངས་དེ་དང་བློ་རིག་གི་རྣམ་དཔྱོད་རལ་གྲི་ལྟར་རྣོ་བའི་གངས་ཕྲུག་ཁྱུ་ཡི་འཚོ་བའི་གར་སྟབས་དེ་རེད། ལྟོས་དང༌། དགའ་སྤྲོའི་རྣམ་འགྱུར་དང་དགོད་སྒྲའི་འཛུམ་མདངས་ལས་འདི་དག་ནི་མངོན་སུམ་དུ་འགྱུར་བའི་བོད་མི་རིགས་ཀྱི་སྲོག་རྩ་གསོན་པོ་ཞིག་ལས་མ་མཆིས།
དེ་ཡང་དགའ་སྤྲོའི་འབོད་སྒྲ་སྒྲོགས་པའི་རྒྱུ་རྐྱེན་ནི་སང་ཉིན་གྱི་ཉིན་མོ་དེ་ནི་དགུ་པའི་ཚེས་ལྔ་སྟེ། ལྷག་བསམ་དང་བྱམས་བརྩེའི་འཛུམ་མདངས་རིས་མེད་ཀྱིས་སྐྱོང་ལ་མཁས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བདེ་སྐྱིད་ཀྱི་ཉི་མ་དམིགས་བསལ་ཅན་ཞིག་དང་གལ་ཆེན་ཞིག་ཡིན་པས་རེད།
འཚང་ཁ་ཤིག་ཤིག་དང་བྲེལ་བྲེལ་ཟང་ཟིང་གི་འདུར་རྒྱུག་ཁྲོད་གོ་པལ་པུར་སློབ་གྲྭའི་སྐྱེད་ཚལ་གྱི་ཟས་སྣ་འཛོམས་པའི་ཚོང་ཁང་ཆུང་ཆུང་དེར་ཡོངས་སུ་རུབ་འདུག དེ་ནི་སང་ཉིན་དགེ་རྒན་གྱི་ཉིན་མོར་དྲིན་ཅན་ཁོང་རྣམ་པའི་བཀའ་དྲིན་མཚོན་ཆེད་དུ་ལེགས་སྐྱེས་ཉོ་བ་མ་ཡིན་ནམ།
ངས་ཀྱང་ཅ་ཅོས་ཁེངས་པའི་མི་ཚོགས་དཀྱིལ་ནས་རང་ཉིད་ཀྱི་གློ་ཁུག་སྔོག་བཞིན་ཧིན་སྒོར་བཅུ་ཡི་ཤོག་ལེབ་གྲུ་བཞི་དེ་བཏོན་ནས་དགེ་རྒན་ཉིན་མོ་བསུ་བའི་ཤོག་བྱང་ཆ་གཉིས་ཉོས་ཏེ། སང་ཉིན་གྱི་ཉི་མ་དེར་དགེ་རྒན་རྣམས་ཀྱིས་ཤེས་རིག་གི་འོ་མཚོའི་ཕྱག་ཟུང་ང་ཚོར་གཏད་དེ་མུན་ནག་གི་ཡོལ་བ་ཕྱེ་བའི་བཀའ་དྲིན་འཇལ་ཕྱིར་སྟ་གོན་གྱི་ལམ་དུ་ཆས། ད་དུང་འ་འུར་གྱི་སྐད་སྒྲ་རྒྱུན་ཆད་མེད་པར་གྲགས་བཞིན་འདུག
རྟ་བདུན་དབང་པོས་ཉིན་གཅིག་གི་ལས་བྱ་ཕལ་ཆེར་བསྒྲུབས་ཚར་བ་འདྲ་བའི་ངང་རྩེ་མོ་ནམ་མཁའི་མཐོངས་སུ་ཟུག་ཅིང་བརྗིད་ཆགས་པའི་ནུབ་ཕྱོགས་ཀྱི་རི་རབ་ལྷུན་པོའི་ཉག་ག་ནས་འཛུམ་དམུལ་དམུལ་གྱིས་གཡབ་མོ་རེ་བྱེད་བཞིན་བུད་སོང༌། དམར་སེར་གྱིས་བཀྲག་མདངས་འཚེར་བའི་མཚམས་སྤྲིན་དམར་པོའི་འོད་མདངས་ཀྱང་རིམ་བཞིན་ཇེ་ནག་ནས་ཇེ་ནག་ཏུ་ཕྱིན། འདི་ལྟར་བསམ་དུས་ཁོང་ཚོས་གྱེས་བྲལ་གྱི་ལག་ཟུང་གཡུགས་པའང་སང་ཉིན་གྱི་ཉིན་མོ་བསུ་བའི་རྟེན་འབྲེལ་ཡིན་པ་འདྲ།
དངུལ་མདོག་གི་ཟླ་བའི་བསིལ་ཟེར་སྒེའུ་ཁུང་བརྒྱུད་ངའི་ཉལ་ཁྲི་ལ་ཕོག་དུས། ངའི་སེམས་ཁོང་གི་མེ་ལོང་ངོས་སུ་འཆར་བ་ནི་དགེ་རྒན་རྣམས་ཀྱིས་བྱམས་སེམས་དང་མཛའ་བརྩེ་ཡིས་བསླབ་གདམས་གནང་བ་དེ་དག་རེད། ཁོང་ཚོས་རང་ལུས་དང་བླ་སྲོག་བློས་བཏང་སྟེ་ང་ཚོའི་ཕུགས་བསམ་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་བཏང་བའི་བྱ་རིམ་དེའི་མཛད་འཕྲིན་ཅིས་མི་བརྗིད།
མཚན་གུང་གི་ཕོ་ཉས་སྐྱ་རེངས་བུ་མོ་མགྲོན་དུ་བོས་ནས་ནག་ཐིང་ཐིང་གི་མཚན་མོའི་མུན་པ་ག་ལེར་འབུད་བཞིན་འདུག ང་ཚོའི་སློབ་གྲྭའི་འགན་འཁུར་གཅིག་ལྕོགས་ཀྱིས་ལས་ལ་ཧུར་ཞིང་བརྩོན་པ་བསྐྱེད་པའི་རྒན་བདག་དེ་ཚོས་བདེ་སྐྱིད་ཀྱི་ཉིན་མོ་གསར་པ་འདི་དགའ་སྤྲོ་དང་དགོད་སྒྲའི་ཁྲོད་དུ་འདའ་བའི་གྲ་སྒྲིག་ཡོད་ཚད་ཡོངས་སུ་བསྒྲུབས་ཟིན་འདུག ཁྲི་གདུགས་ཉི་མའི་གོམ་སྟབས་ལྷོད་ཀྱིས་བརྐྱངས་ཏེ་ཤར་ཕྱོགས་ལྷུན་པོའི་རྩེ་ནས་ཡར་ནམ་འཕང་གཅོད་པར་འཕག་འཚག་རྒྱག་སྐབས། ཤེས་རིག་སྣ་ལྔའི་རྒྱུད་ལ་ཕྱུག་ཅིང་བློ་གྲོས་ཀྱི་རྩ་ལག་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་དམ་པ་ཁོང་ཚོས་ན་བཟའ་གཙང་དག་རེ་རང་རང་གི་གཟུགས་ཀྱི་ཕུང་པོ་རུ་རྒྱན་མཆོར་སྤྲས་ཏེ་གོམ་པའི་འདེགས་འཇོག་ཡངས་ཤིང་ཆེ་བའི་ཤེས་རབ་འོད་སྣང་ཚོགས་ཁང་དུ་ཕྱོགས།
རྒན་བདག་གི་ཡང་དག་པའི་འགོ་འཁྲིད་འོག་མཛད་སྒོ་དེའི་ཐོག་མར་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་དཀར་དམར་སེར་གསུམ་གྱི་མཉམ་དུ་བཤེས་གཉེན་དམ་པ་དག་གི་བཀའ་དྲིན་ལས་བྱུང་བའི་ཤེས་བྱའི་དྲི་ཞིམ་འཐུལ་ཅིང་ཡིག་འབྲུ་ཡི་མཛེས་ཆ་བཀོད་པའི་སློབ་གྲྭའི་《ཆུ་ཐིགས་》དུས་དེབ་རེ་དགའ་སྤྲོའི་མཚམས་རྟགས་སུ་ཕུལ་ཏེ། སློབ་ཕྲུག་ཕོ་མོ་ཡོངས་ཀྱིས་བཀའ་དྲིན་ཚོར་ཤེས་ཀྱི་དྲིན་ལན་འཇལ་བའི་གཏམ་བཤད་དེ་དག་དང༌། སློབ་བུ་ཚོས་དགེ་རྒན་ཉིན་མོར་དགའ་བསུ་ཞུ་བའི་གཟིགས་བཟོས་བརྙན་འཕྲིན་གྱི་ལྟད་མོ་ཕུལ་ནས་དགེ་རྒན་ལས་བྱེད་ཡོད་དོ་ཅོག་གིས་དཀར་གསལ་གྱི་བཞིན་རས་ལས་ཅི་མི་སྙམ་པའི་འཛུམ་མདངས་རེ་ཕྱུང་བཞིན་ཞོགས་པའི་གསོལ་ཇ་དང་བཞེས་ལག་སྤྲོ་བོས་ངང་ལོངས་སུ་སྤྱད།
དེ་ནས་དགེ་རྒན་དང་སློབ་ཕྲུག་བར་ལག་རྩེད་སྤོ་ལོ་དང་ཐག་འཐེན་འགྲན་སྡུར་གྱི་བྱ་རིམ་སྤེལ་ཏེ་ཡོད་ཚད་བདེ་ལེགས་ངང་འགྲུབ་ཅིང༌། དགེ་རྒན་རྣམས་ཀྱི་བཞིན་རས་སྟེང་རྒྱལ་ཁའི་སྤྲོ་བ་ཞིག་རང་བཞིན་དུ་མངོན་བཞིན་འདུག
དུས་ཚོད་ཀྱི་རྟ་ཕོའི་བང་རྩལ་མགྱོགས་པ་ནི་སུས་ཀྱང་དོ་མི་ཐུབ་པས་ཉིན་གུང་གི་ཉི་མའི་འོད་ཟེར་གོ་པལ་པུར་སློབ་གླིང་གི་ལྟོ་བ་རུ་འཕངས། ཚ་དྲོད་ཆེ་བས་རྔུལ་ནག་གི་ཆུ་མོས་ལུས་ཡོངས་སུ་བརྡོལ་བཞིན་པའི་ངང་ཚུལ་གྱིས་ཡོད་ཚད་ངལ་གསོའི་ལས་སུ་ཞུགས་ནས་དགའ་སྐྱིད་ལྡན་པའི་དེ་རིང་གི་ཉིན་མོར་ལབ་གླེང་གི་མེ་ཏོག་བསྒྲོན་བཞིན་འདའ། ཉིན་གུང་གསོལ་ཚིགས་ནི་ཟས་སྣ་རིགས་སུམ་ཅུ་བཞི་བཅུ་ཙམ་འདུས་ཤིང༌། ཚལ་རིགས་དང་ཤ་རིགས། ཁུ་བའི་རིགས། ཤིང་ཏོག་གི་རིགས། མངར་མོའི་རིགས། གང་ལྟར་བློ་དང་རིག་པ་རྒོད་པའི་སློབ་བུ་འཇོན་ཐང་ཅན་འགས་ལག་རྩལ་ལས་ཞིམ་མངར་གྱི་འགྲམ་ཆུ་ལྡང་བཞིན་མཆོད་སོང༌། དེ་ནས་རིམ་བཞིན་སློབ་ཕྲུག་དང་དགེ་ལས་ཚང་མའི་གོམ་ཁ་རྒྱ་ཆེ་ཞིང་ཁོད་སྙོམས་པའི་རྐང་སྤོལ་རྩེད་ཐང་དུ་བསྒྱུར་ཏེ་དགེ་རྒན་དང་ལས་བྱེད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་སྡུར་འགོ་ཚུགས་སོང༌། འཁྲུག་ཆ་དོད་ཅིང་སྤྲོ་སྣང་ལྡན་པའི་རྩེད་འགྲན་དེའི་མཐའ་མའི་རྒྱལ་ཁ་ལུས་རྩལ་བདེ་ཞིང་འཁྱུག་པའི་དགེ་རྒན་ལྷན་རྒྱས་ཀྱི་རུ་ཁག་ལ་ཐོབ་སོང་བས་གཡས་གཡོན་ན་བཞུགས་པའི་སློབ་མ་ཚོས་ཀྱང་འདོད་པ་ཚིམ་པའི་རྣམ་འགྱུར་རེ་སྟོན་བཞིན་དགེ་རྒན་ཚོའི་མདུན་དུ་བརྒྱུགས་ནས་འོས་འཚམས་ཀྱི་སེམས་པའི་ལེགས་སྐྱེས་དེ་ཚོ་བཀའ་དྲིན་དང་བརྩེ་བ་ཡི་པང་ལ་རུམ་ནས་ཕུལ་བཞིན་པས་ཡོད་ཚད་ལས་དེ་ལ་ཧ་ཅང་བྲེལ།
ཉི་ནུབ་ཀྱི་མཚམས་དེར་ཉི་གཞོན་དར་མས་དགོད་སྒྲ་བསུ་བའི་འཛུམ་མདངས་ཤིག་རྒྱས་ཏེ་དལ་བུར་ནུབ་མཐའི་མཚམས་སྤྲིན་ལ་མིག་གི་མདའ་མོ་འཕངས། ང་ཚོའི་དགེ་སློབ་ཚང་མ་རིག་རྩལ་དགོང་ཚོགས་དང་བྲོ་བ་ཞིམ་ལ་རོ་བཅུད་ལྡན་པའི་དགོང་ཚིགས་ཀྱི་བཞེས་ལག་མཆོད་པར་སྐུལ་བ་བཞིན་གཅིག་མཇུག་གཉིས་མཐུད་དུ་འཛོམས་ཏེ་དགོང་དྲོའི་གསོལ་ཚིགས་ལ་ཅི་དགར་རོལ།
ད་དུང༌། དགའ་སྤྲོའི་དགོད་སྒྲ་དང་ལག་ཟུང་གིས་ཐལ་མོ་རྡེབ་བཞིན་སྒྱུ་རྩལ་གྱིས་ཕྱུག་ཅིང་གསོན་ཉམས་ལྡན་པའི་གཏམ་བརྗོད་དང་ངག་གི་འགྱུར་ཁུགས་སྙན་མོ་དབྱངས་ལ་འཁྱིལ་བའི་གླུ་གཞས་སོགས་ཀྱི་དཔལ་ལ་ལོངས་སུ་སྤྱོད་བཞིན་དུས་སྟོན་གྱི་ཉིན་མོ་འདི་ལྟར་ཉམས་སུ་མྱོང་ཞིང༌། ཁོང་རྣམ་པས་དེ་རིང་གི་དགེ་རྒན་ཉིན་མོ་འདི་ལ་ཅི་འདྲའི་དགའ་སྣང་དང༌། སྤྲོ་སྣང་བྱུང་བའི་གླེང་མོལ་དང་སྦྲགས་སོ་སོའི་སྡོད་ཤག་ཏུ་ཕེབས་ཤིང་ངལ་གསོའི་ལས་ལ་ཞུགས།
བགྲང་བྱའི་ལོ་ངོ་བཅུ་ཕྲག་གཅིག་གི་བརྒྱུད་རིམ་ནང་ངའི་མིག་ལམ་དུ་འདི་འདྲའི་དགེ་རྒན་ཉིན་མོ་གྲ་རྒྱས་པོ་ཞིག་ནམ་ཡང་མཐོང་མྱོང་མེད། མཐོང་ཐོས་མྱོང་གསུམ་གྱི་ཤེས་རྒྱ་ཆུང་བའི་སློབ་བུ་ངའི་སེམས་ཁོང་དུ་ཉིས་སྟོང་བརྒྱད་ཀྱི་དགེ་རྒན་ཉིན་མོ་འདི་ཇི་ལྟར་བརྗེད་ཐུབ་བམ།
རྒྱལ་ཁ་དང་བདེ་སྐྱིད་ཀྱི་ངང་ནས་དགེ་རྒན་ཉིན་མོ་བརྩི་སྲུང་ཞུས་ཏེ་ལེགས་འགྲུབ་བྱུང་བ་དེའང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པའི་སློབ་གྲྭ་འདིའི་དགེ་རྒན་ཉིན་མོ་ཞིག་གི་དཔལ་དུ་ལོངས་སུ་སྤྱོད་མྱོང་མེད་པས་རེད་དམ། ཅིའི་ཕྱིར་ངའི་སེམས་ཁོང་གི་མེ་ལོང་ངོས་སུ་བདེ་སྐྱིད་དང་དགའ་སྤྲོའི་འབོད་སྒྲ་སྒྲོགས་པའི་ཉིན་མོ་འདི་རྡོ་བརྐོས་ཀྱི་རི་མོ་ཇི་བཞིན་བརྗེད་ཐབས་ཤིག་མི་འདུག་གོ །
དགའ་སྐྱིད་དཔལ་གྱིས་ལོངས་སུ་སྤྱོད་པའི་དགེ་རྒན་གྱི་ཉིན་མོ། །
དགོད་སྒྲས་ཁེངས་པའི་འཛུམ་མདངས་རབ་རྒྱས་བཤེས་གཉེན་གྱི་ཚོགས་ཀྱིས། །
སྤྲོད་སྣང་ལྡན་པའི་བདེ་སྐྱིད་ཉིན་མོར་དགའ་སྐྱིད་ཅིག་འཕེལ་བ། །
སེམས་ཀྱི་རླབས་སྒྲར་དབུ་འཁྱུད་འཐེན་པའི་བུ་ཆུང་ངའི་མི་བརྗེད། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་སྒྲོམ་གཞི་གཙོ་བོ་ཉིན་ཞིག་གི་དུས་རིམ་ཞོགས་པ་དང༌། ཉིན་གུང༌། དགོང་མོ་བཅས་ཀྱི་བྱ་འགུལ་གྱི་རྣམ་པ་གསལ་བརྗོད་བྱས་ཡོད།
འགོ་རྩོམ་སྐབས་སློབ་གྲྭའི་ཁོར་ཡུག་འགྲེལ་བརྗོད་དང་འབྲེལ་ནས་སློབ་མས་བྲེལ་འཚུབ་ཀྱི་རྣམ་པ་གསལ་སྟོན་གྱིས་འགོ་འཛུགས་ཞུས་ཏེ། བར་འཇུག་གསལ་བྱེད་དང་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་དེ་ཞིབ་འབྲི་བྱས་འདུག
རྩོམ་འདིའི་ཚིག་སྦྱོར་ལེགས་པ་དང་སྒྲིག་གཞི་དང་བྱུང་རིམ་ཇི་བཞིན་བཀོད་པ་ལེགས་ཤིང༌། ཁྱད་ཆོས་སྟོན་པའི་ཚིག་སྦྱོར་སྟངས་འོས་འཚམས་བྱུང་མེད་ན་ཡང༌། ཡིག་ནོར་ཉུང་ལ་བརྗོད་བྱ་ཁོག་འབུབས་སྟངས་གསོན་ཉམས་ལྡན་པ་དང་གོ་སླ་བས་ཁྱད་ཆོས་ལྡན། འཛིན་གྲྭ་དྲུག་པའི་སློབ་མ་ཞིག་གི་ངོས་ནས་བཤད་ན་ཧ་ཅང་ཚད་མཐོ་སྟབས། མུ་མཐུད་དུ་ཧུར་བརྩོན་གྱིས་དང༌། རྩོམ་རིགས་ཀྱི་གར་སྟེགས་སུ་གཡུར་དུ་ཟ་བའི་འབྲས་བུ་ཞིག་ཐོབ་ངེས།

བརྗེད་དཀའ་བའི་དགེ་རྒན་གྱི་ཉིན་མོ།(ཨང་གཉིས་པ)

སེ་ལ་ཀུའི་བོད་ཁྱིམ། དབང་རྒྱལ།

ལང་ཚོའི་འགྲོས་ཀྱི་ཟུར་ཁ་ཞིག་ནས་བསྐྱོར་བའི་རྣམ་དཀར་དགེ་བའི་གནས་ལ་བརྩོན་པའི་སྒྲོན་མེ་ལགས། འཇིག་རྟེན་གྱི་ཁམས་འདིར་འཚོ་བའི་འགྲོ་བ་རྣམས་ཅི་འདྲའི་མ་རིག་པའི་མུན་པ་འཐིབ་ནས་འགུལ་མེད་དུ་ཅི་ཡང་མི་ཤེས་པར་ལྷག་པའི་དུས་འདིར། ཁྱེད་ཀྱི་ཡོན་ཏན་གྱི་སྣང་གསལ་སྒྲོན་མེ། འཛམ་གླིང་གོ་ལ་ཆེན་པོར་ཆེད་དུ་ལེགས་སྐྱེས་སུ་ཕུལ་བས། ཡུད་ཙམ་ཞིག་ནས་ས་འཛིན་འདིའི་ཁྱོན་ལ་འཚོ་བའི་འགྲོ་དྲུག་གི་མ་རིག་དེ་དལ་གྱིས་གསལ་ནས་སྨྲ་ཤེས་དོན་རྟོགས་ཀྱི་མཚན་ཉིད་བསྐྲུན། དེར་བརྟེན། འགྲོ་བ་མི་ཕལ་མོ་ཆེ་མ་རིག་དབེན་གནས་ཀྱི་བས་མཐའ་ལས་གཞི་ནས་ཐར་ཐུབ་པ་ཞིག་བྱུང་བ་ཁྱེད་ཀྱི་བཀའ་དྲིན་མིན་ནམ།
དེ་རིང་ནི་ཁྱེད་ཀྱི་ཉིན་མོ་སྟེ་རྒྱ་གར་གྱི་མཁས་དབང་དགེ་མཆོག་དམ་པ་ཞིག་གི་འཁྲུངས་ཚེས་ལ། ཁོང་གི་རྣམ་ཤེས་གསོན་པོ་འདིར་ཕེབས་ནས་ཁྱེད་ཅག་ལ་ཅི་ནས་ཀྱང་སྨོན་པའི་བསྟོད་ཚིག་སྟེ། དབྱངས་ཅན་མའི་འགྱུར་ཁུག་གི་བཞད་སྒྲ་དང་སྙན་ངག་གི་སྤྲོ་མདངས་འབུལ་རྒྱུ་སྨོས་མེད་རེད། ཇི་ལྟར་ཞེ་ན། ཁྱེད་ཅག་ནི་ཁོང་ཇི་བཞིན་མི་རིགས་ལ་ཤེས་ཡོན་གྱི་འདབ་གཤོག་བསྐྲུན་པའི་དྲིན་ཅན་ཞིག་དང༌། ལྷག་བསམ་གངས་དཀར་གྱི་ལྷུན་པོ་བརྩེགས་པ་ཇི་བཞིན་བརྗིད་ལ། ཆུ་མོའི་རླབས་རྒྱུན་གངས་ལས་བྱུང་བ་ཇི་བཞིན་དྭངས།
དུས་རབས་ཡར་འདྲེན་དང་གཉན་འཕྲང་ཅན་གྱི་མི་རིགས་འདི་ཛ་དྲག་གིས་འབྱུང་འགྱུར་ལས་སྐྱོབ་ཆེད། མི་རིགས་འདིའི་མ་འོངས་པའི་འགན་འཁྲི་དང༌། མི་རིགས་འདིའི་རྒྱལ་ཁབ་ཀྱི་བླ་སྲོག ཐ་ན་མི་རིགས་འདིར་འདབ་གཤོག་གཉིས་ལྡན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་མིན་གྱི་གཙོ་བོ་གངས་ཕྲུག་ང་ཚོར་ཐུགས་བརྩེ་བ་ཆེན་པོས། ཉིན་མཚན་ལྟོས་མེད་དུ་རང་ཉིད་ལ་ལྡན་པའི་ཡོན་ཏན་ཐམས་ཅད་ཀྱི་བཅུད། བུང་བ་ངེད་ཚོའི་ཕུགས་འདུན་དང་མ་འོངས་པའི་གཞི་ལམ་དྲང་པོར་བསྐྲུན་ཆེད་ཐུགས་བརྩེ་བ་ཆེན་པོས་ཕངས་མེད་དུ་གནང༌། དེར་བརྟེན། ལྷག་བསམ་དང་སེམས་ཚོར་ཆེན་པོས་ཁྱུ་བྱུག་གི་འགྱུར་ཁུག་དང་སྡེབ་ནས་གངས་རིའི་བུ་ཕྲུག་ང་ཚོས་བསྟོད་དབྱངས་འདི་ཕྱོགས་བཞིར་བསྒྲགས།
ནང་ཆོས་ཀྱི་ལྟ་གྲུབ་ཁོངས་ནས་དགེ་རྒན་དང་ཕ་མ་ནི་འགྲོ་བ་མིའི་རིགས་ཀྱི་བླ་སྲོག་གི་བདག་པོ་ཞིག་དང༌། སངས་རྒྱས་དང༌། ཐར་ལམ། དགྲ་བཅོམ་པ། མཁས་པ་དང་ལོ་ཙཱ་བ་བཅས་ཀྱི་གོ་འཕང་ལ་ཁྱེད་ཉིད་ཀྱི་བཀའ་དྲིན་ལ་མ་བརྟེན་པ་གཅིག་ཀྱང་མེད་པས་ཁྱེད་ཅག་གི་བཀའ་དྲིན་ནི་ཅི་འདྲའི་གསབ་དཀའ་བ་ཞིག་ཨང༌།
དེ་རིང་དགེ་རྒན་གྱི་ཉིན་མོ་ནི་དགེ་བའི་ཉིན་བཟང་ཞིག་སྟེ། ཚོགས་ཁང་ཆེན་མོར་ཁྱེད་ཅག་ལ་ཡིད་སྨོན་དང་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུའི་དུས་བཟང་ཞིག་ལ། ངེད་ཚོའི་ངོ་གདོང་ངོས་སུ་དགོད་འཛུམ་གྱི་རྣམ་པ་འཕྱུར་བའི་རླབས་རིས་བཀོད་པ་དང༌། ལག་ཟུང་གི་རྡེབ་སྒྲས་ཚོགས་ཁང་འདིར་གདན་འདྲེན་ཞུ་དུས། སྐལ་བཟང་གི་དུས་སྟོན་འདི་ལ་དགའ་སྤྲོའི་ཀློང་དུ་ཚུད་ནས་ཁྲ་ཆུང་མིག་མཐའ་རུ་མཆི་ཞགས་ཀྱི་རླབས་རྒྱུན་དལ་གྱིས་ཁེངས་ཤིང༌། ཁྱེད་ཀྱི་ལམ་སྟོན་བཀའ་དྲིན་དེ་གསལ་ལྷང་ངེར་དྲན་པ་དང་ལྷན་དུ། བྱམས་ལྡན་མི་ལུས་ཀྱི་བདག་མོ་ཡང་དྲན་ལ། སྔར་གྱི་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་བཀའ་དྲིན་ཡང་དྲན་ངོས་སུ་འཚང་ཁའི་ངང་ཤར་ཡོང༌། ཁོང་རྣམས་ལ་ཡང་བཀའ་དྲིན་ཆེ་ཞུ་རྒྱུའི་འདོད་འདུན་དེའི་སླད་ཐལ་མོ་སྙིང་ཁར་སྦྱར་ནས་སྨོན་ཚིག་ཅིག་ཚོར་བ་དྲག་པོས་ཕུལ་བས་སེམས་པ་གྲང་ཤུར་ཤུར་གྱི་བླ་མ་དམ་པར་དད་པའི་བ་སྤུ་ལང་ལོང་གཡོ་བ་དང་གཉིས་སུ་མ་མཆིས།
ཨ་སྔོན་གྱི་མཁའ་དབྱིངས་སུ་ཆུ་འཛིན་དུམ་བུ་འཁྲིགས་པ་རྣམས་རིམ་བཞིན་རྟ་བདུན་དབང་པོས་མི་སྣང་བར་སྐྲུན་སྐབས། ཅི་འདྲའི་ཁྱེད་ཀྱི་ཤེས་ཡོན་གྱི་ཉིང་བཅུད་འདི་ནུས་ཤུགས་ཆེ་བའི་མཁའ་ལམ་རྒྱལ་པོའི་ཟེར་སྟོང་གི་ནུས་སྟོབས་དང་གཅིག་མཚུངས་ཤིག་རེད་ཨང༌། གསུངས་དང༌། བདེན་པའི་བདག་པོ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཅི་འདྲའི་དཀའ་སྡུག་ཆེ་བའི་ལོ་ཟླར་ཤེས་བྱའི་རྒྱ་མཚོ་ལས་ཡོན་ཏན་གྱི་ནོར་བུ་བླངས་ཏེ། མི་ཚེ་ཧྲིལ་པོར་ཡོན་ཏན་ང་ཚོ་འགྲོ་བ་མིའི་རིགས་ལ་ལེགས་སྐྱེས་སུ་ཕུལ་བས་ཐར་ལམ་དུ་མ་ཕེབས་པ་ཅི། རྒྱུ་འབྲས་ལས་བྱས་པ་ཆུད་མི་ཟ་བ་བཞིན་ཁོང་རྣམས་ཀྱི་བཀའ་དྲིན་ལ་འཇིག་རྟེན་གྱི་རྒྱུ་འབྲས་རྣམ་གཞག་ནས་བྲག་ཅ་ལྟར་ལན་སློག་ངེས། ང་ཚོ་འགྲོ་བ་མིས་ཁྱེད་ཅག་གིས་ལམ་སྟོན་ལེགས་པར་གནང་བའི་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་སྟེང་འགྲོས་ཀྱི་སྟངས་སྟབས་ཆ་སྙོམ་པོས་འདེགས་འཇོག་གི་གོམ་ཁ་མྱུར་བོར་སྤོས་ནས་ཁྱེད་ཅག་ཇི་བཞིན་རང་ཉིད་ཀྱི་ཡོན་ཏན་མི་རིགས་འདིའི་གསོན་སྙིང་གི་འཕར་སྒྲ་གཞོགས་འདེགས་བྱེད་པར་ཅི་ཐུབ་ཀྱིས་འབད་ལ། འཇིག་རྟེན་ཁམས་འདིར་ཞི་བདེའི་འཚོ་བ་དོན་དམ་ཞིག་གི་སླད་དུ། བསྡུས་ནས་བརྗོད་ན་ཉིན་དེ་ནི་ངའི་ངོ་ཐོག་དང་སྨོན་ལམ་ཇི་བཞིན་དགེ་བའི་ལས་སྒྲུབ་རྒྱུའི་དུས་ཚོད་ཅིག་དང༌། འགྲོ་བའི་བཀའ་དྲིན་ལྷག་ཏུ་ཚོར་བའི་དུས་བཟང་བླ་མེད་ཅིག་བྱུང་བས་ངའི་ཚེ་སྲོག་གི་འཕར་ལྡིང་ཇི་སྲིད་གནོད་པས་མི་ཚུགས་པ་དེ་སྲིད་བརྗེད་པར་དཀའ། དགེ་མཆོག་དམ་པ་རྣམས་ཀྱི་བརྒྱུད་པའི་ཆུ་བཟང་གི་ཡོན་ཏན་རྣམས་ངས་ངེས་པར་འཐུང་ལེན་བྱེད་ཀྱི་ཡིན་ནོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་དངོས་ཡོད་དང་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་དེ་དགེ་རྒན་གྱི་བཀའ་དྲིན་རྣམས་འབུར་དུ་ཐོན་པའི་ངང་མཚོན་ཐབས་བྱས་ཡོད་ཀྱང༌། རྩོམ་ཡིག་གི་བརྗོད་གཞིའི་བྱུང་རིམ་བཀོད་འབྲི་བྱས་པ་ཉུང༌། ཚིག་གི་སྡེབ་སྦྱོར་ལེགས་པ་དང་སྙན་ཆ་ལྡན་པ། སྒྲིག་གཞི་འོས་འཚམས་ལྡན། ཡིག་ནོར་ཅུང་ཟད་འདུག་སྟབས་གཟབ་ཙམ་གནོངས་དང་གྲུབ་འབྲས་མངོན་གསལ་དུ་ཐོན་ངེས།

བརྗེད་དཀའ་བའི་དགེ་རྒན་གྱི་ཉིན་མོ།(ཨང་གསུམ་པ)

མ་སུ་རི་བོད་ཁྱིམ། ཆོས་དབྱངས་གྲགས་པ།

བཀའ་དྲིན་འཇལ་ཐབས་བྲལ་བའི་དགེ་རྒན། །ལྷག་བསམ་གངས་ལས་དཀར་པའི་དགེ་རྒན། །
ཤེས་བྱའི་བང་མཛོད་ཁེངས་པའི་དགེ་རྒན། །ཁེར་རྐྱང་མུན་ནག་འཐིབས་པའི་དྭ་ཕྲུག །
མུན་པ་སྒྲོན་མེས་གསལ་བའི་དགེ་རྒན། །ངེད་ཅག་དྲིན་ལན་འཇལ་བའི་ཐབས་སུ། །
རྩ་ཆེ་དུས་ཆེན་དགེ་རྒན་ཉིན་མོ། །ན་ཆུང་སློབ་མའི་ཀྱག་ཀྱོག་མི་ཚེར། །
བཀའ་དྲིན་འཇལ་ཕྱིར་གར་སོགས་འབུལ་ཞིང༌། །ཁྱེད་ཀྱི་ཆེས་ལྕི་བཀའ་དྲིན་མ་ལུས། །
རྟག་ཏུ་ངེད་ཅག་སེམས་སུ་གནས་སོ། །
ཞེས་གོང་དུ་བཀའ་དྲིན་གཞལ་ཐབས་མེད་པའི་དགེ་རྒན་ལ་བསྟོད་བསྔགས་སྡེབ་སྦྱོར་གྱི་མེ་ཏོག་གི་མཆོད་པ་དང༌། སྤྱིར་གུས་པ་ནི་ཐ་ཤལ་སློབ་བུ་ཞིག་གམ་སྤྱི་ཚོགས་ཀྱི་ཉམས་མྱོང་ནི་དེ་བས་ཞན་པའི་མཐོ་སྒང་གི་གངས་ཕྲུག་ངོ་མ་ཞིག་ལགས། དེ་རིང་དྲིན་ཅན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭའི་ནང་འབྲི་རྩོམ་གྱི་ལས་འགུལ་སྤེལ་བའི་གོ་སྐབས་བཟང་པོ་དེ་ཁོ་བོས་ཆུད་ཟོས་སུ་མི་གཏོང་བར་”བརྗེད་དཀའ་བའི་དགེ་རྒན་གྱི་ཉིན་མོ་”ཞེས་པ་འདི་འབྲི་བར་འགོ་བརྩམས།
སྤྱིར་འཇིག་རྟེན་འདིའི་ནང་སློབ་གྲྭ་ནི་མུན་པའི་སྒྲོན་མེ་ལྟར་ཕྲུ་གུར་ཤེས་ཡོན་སྦྱིན་སའི་ལྟེ་གནས་གཙོ་བོ་དེ་ཡིན། ཡིན་ཡང་ཕྲུ་གུ་ལ་ཤེས་ཡོན་སྦྱིན་མཁན་ནི་སློབ་གྲྭ་ལས་གལ་ཆེ་བ་ཅི་ལ་མིན། དེར་བརྟེན་ཤེས་ཡོན་སྦྱིན་མཁན་ནི་འཛམ་གླིང་འདི་ནང་བཀའ་དྲིན་གསེར་ལས་རིན་ཐང་ཆེ་བའི་དྲིན་ཆེན་གྱི་དགེ་རྒན་ཁོང་ཚོ་ཡིན་མོད། ངེད་ཅག་གི་དགེ་རྒན་གྱི་བཀའ་དྲིན་ནམ་ཡང་བརྗེད་མི་སྲིད་ལ། ད་དུང་ཁོང་ཚོའི་དྲིན་ལན་ནི་དེ་ལས་ཀྱང་གཞལ་ག་ལ་ཐུབ།
འོན་ཀྱང༌། དགེ་བའི་བཤེས་གཉེན་ཁོང་ཚོའི་བཀའ་དྲིན་ལ་ངེད་ཅག་ལྗང་བུ་སློབ་མས་རྒྱ་མཚོ་ནང་ནས་ཆུ་ཐིགས་ཙམ་འཇལ་བའི་གོ་སྐབས་ཡོད་པ་ནི་”སྤྲོ་སྣང་ལྡན་པའི་དགེ་རྒན་གྱི་ཉིན་མོ་”དེ་རེད།
རེད་ཡ། ངོ་མ་ཉིན་མོ་དེ་ནི་ལོ་གཅིག་དུས་གཅིག་གམ་བརྗེད་ཐབས་བྲལ་བའི་ཉིན་བཟང་པོ་ཞིག་ལགས། འདི་ནི་བཀྲ་ཤིས་པའི་ཉིན་མོ་དང༌། དུས་བཟང་བའི་ཉིན་མོའམ་རྩ་ཆེ་རིན་ཐང་བྲལ་བའི་ཉིན་མོ་ཞིག
ཁོ་བོ་མལ་ལས་ལངས་ནས་སེམས་སུ་འཚབ་འཚུབ་ངང་ཕྱི་རུ་ཐོན་ནས་མཁའ་ལ་ལྟ་དུས། ཨེ་མ། ནམ་མཁའ་རུ་འཆར་བའི་རྒྱུ་སྐར་རྣམས་གསལ་ཞིང་མཛེས་ལ་མཁའ་དབྱིངས་སུ་མེ་ལོང་གི་ཕྲེང་བ་ལྟར་གཅིག་རྗེས་གཉིས་མཐུད་ཀྱི་འོད་ཟེར་འཕྲོ།
དེ་བས་ཆུ་ཤེལ་དབང་པོའི་འོད་ཟེར་ནི་ནུབ་ཕྱོགས་ལྷུན་པོའི་རྒྱབ་ཏུ་མོག་མོག་ཏུ་གྱུར་སྟབས། རིམ་བཞིན་ཤར་ཕྱོགས་ཀྱི་གངས་དཀར་རི་བོའི་རྩེ་ནས་སྐྱ་རེངས་ཀྱི་འཛུམ་དཀར་ངོམ། ཁང་བྱེའུ་གསུང་སྐད་ནི་རྣ་བར་སྙན་ལ་ཡིད་དབང་འཕྲོག ད་དུང་ཁོ་བོས་སྔོ་ལྗང་གི་མཛེས་སྡུག་ལ་བལྟས་པས་ལང་ཚོའི་མེ་ཏོག་རྣམས་བཞད་པ་ནི་ལྷ་ཡུལ་གྱི་སྲས་མོས་བྲོ་འཁྲབ་པ་དང་གཉིས་སུ་མ་མཆིས།
དུས་ཚོད་ཀྱི་ཅོང་བརྡ་དང་བཅས་སློབ་བུ་བཀྲ་ཤིས་ཀྱིས་”དགེ་རྒན་གྱི་ཉིན་མོ་”ཞེས་སྐད་གསང་མཐོན་པོའི་སྒྲ་དེ་ཁོ་བོའི་རྣ་བར་བཅུག་པ་ནི་སྙིང་ཁར་བདུད་རྩི་བབས།
དེ་ནས་སློབ་མ་རྣམས་ཀྱིས་ལྭ་བ་གསར་པ་གྱོན་ནས་གཞས་སྣ་ཡི་སྟ་གོན་ལ་ཆས་སོ། །ངོ་མ། ཉིན་དེ་ནི་སློབ་མ་རྣམས་ཀྱི་རྩ་ཆེ་བའི་དུས་ཚོད་ཅིག་དང་སེམས་སུ་དངངས་འཚབ་ལང་དགོས་པ་ཞིག་ལགས།
ཁོ་བོས་ཀྱང་སྒམ་ཆུང་ནས་ལྷམ་དང་ལྭ་བ་གསར་པ་གྱོན་ཞིང༌། ཉིན་འདི་ཡི་གཞས་ཞབས་བྲོ་ལ་གང་དགོས་རྣམས་དངངས་འཚབ་ངང་གྲ་སྒྲིག་ཅིག་བྱས།
དུས་ཚོད་ནི་ཇི་འདྲའི་མགྱོགས་པ་ལ་ཨང༌།
དེ་ནས་ཚོགས་ཁང་ཆེན་མོ་ནང་སོང་སྟེ་གཞས་སྣ་དང་མཛད་སྒོར་སྐྱིད་པོའི་ངང་མཉམ་ཞུགས་བྱས།
ཨེ་མ། ངོ་མ་ཚོགས་ཁང་ནི་རྒྱན་ཆ་ཡིས་བརྒྱན་པས་ལྷ་ཡུལ་ཕོ་བྲང་དང་གཉིས་སུ་མ་མཆིས། ཕྱི་གཟུགས་མཛེས་སྡུག་ལྡན་ལ་ཤོག་ངོས་སུ་ཚོན་མདོག་སྣ་ལྔ་ཡིས་ཁེངས་པས་ལྟ་ན་སྡུག ནང་ངོས་སུ་བརྒྱན་པའི་མཛེས་བཟོ་ཡིས་མིག་ཆུང་འཁྲུག་གོ དེ་བས་རས་ངོས་སུ་ཡིག་ཆེན་”དགེ་རྒན་གྱི་ཉིན་མོ་” ཞེས་པའི་ཚིག་འབྲུ་ལྔ་དེ་ཡི་མཛེས་རྩལ་གྱིས་ཡིད་དབང་འཕྲོག་གོ །
དེ་རྗེས་ལྷག་བསམ་གངས་ལས་དཀར་པའི་དགེ་རྒན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འབྱོར་བ་དང་དཀར་གཙང་གི་གདན་ཁྲི་རིང་པོ་དེ་ཡི་སྟེང་དུ་བཞུགས།
དེ་ནས་སློབ་གྲྭའི་དབུ་འཛིན་གྱིས་མཛད་སྒོ་འགོ་འཛུགས་དང་བཅས་བཀའ་དྲིན་འཇལ་བར་དཀའ་བའི་བཀའ་སློབ་དྲོན་མོ་ཁོ་བོའི་སྙིང་ཁར་འབྱོར་བ་ལགས།
ངོ་མ། ལྷ་ཡི་སྲས་མོས་བྲོ་གར་འཁྲབ་པ་ལྟ་བུའི་ལང་ཚོའི་དཔལ་ལ་འགྲན་པའི་སློབ་མ་འགའ་ཞིག་གིས་ཞབས་བྲོ་དང་དེའི་རྗེས་གཅིག་རྗེས་གཉིས་མཐུད་ཀྱི་གླུ་གར་ལ་རོལ།
ཡུན་རིང་མ་འགོར་བར་ངེད་ཅག་སློབ་གྲོགས་འགའ་ཞིག་གིས་ཀྱང་གཞས་དང་ཞབས་བྲོ་འཁྲབ་རྒྱུའི་དུས་ལ་སླེབས་པས་ཕྲན་གྱི་སྙིང་ཁར་མེ་ལྕེ་དེ་རིམ་བཞིན་རྒྱས། དེ་མ་ཐག་མཛད་རིམ་ངོ་སྤྲོད་པས་”ལང་ཚོའི་གྲོགས་བཟང་བཞི་”ཡིས་དགེ་བའི་བཤེས་གཉེན་རྣམས་ལ་བཀའ་དྲིན་གཞལ་ཐབས་སུ་གསུང་གཞས་ཤིག་འབུལ་རྒྱུ་རེད་ཅེས་གསུངས་མ་ཐག་སྙིང་རྩའི་འཕར་ལྡིང་མགྱོགས་སུ་ཕྱིན།
དེ་ནས་ངེད་ཅག་གྲོགས་པོ་བཞི་གར་སྟེགས་སྟེང་དུ་ཞབས་གཞས་དང་བཅས་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་རྟ་ཡི་རྔ་མ་ནང་ནས་ཉག་མ་གཅིག་ཙམ་ཞིག་འཇལ་རྒྱུའི་གོ་སྐབས་བཟང་པོ་དེ་ལོངས་སུ་སྤྱད། རིམ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་གཞས་ལ་རོལ་ཞིང༌། སེམས་སུ་སྤྲོ་སྣང་ལྡན་ལ་དགེ་རྒན་ལ་ཡིད་སྤྲོ་བ་སྟེར་བའི་གཞས་ཤིག་བཏང་ངོ། །
བརྩེ་བའི་དགེ་རྒན་རྣམ་པ། །རྟག་ཏུ་མུན་པའི་སྒྲོན་མེ། །
དྭ་ཕྲུག་བྱིས་པ་ང་ཚོར། །གསེར་གྱི་མཆོད་མེ་བསྒྲོན་ནོ། །
ཁྱེད་ཀྱི་རླབས་ཆེན་བཀའ་དྲིན། །ངེད་ཅག་ནམ་ཡང་འཇལ་ཡོང༌། །
ཞེས་གཞས་ཚིག་མེ་ཏོག་གི་ཆར་དེ་བབས་ནས་གླུ་ལེན་ཞིང་གར་ལ་རོལ་ལོ། །
དུས་ཚོད་ནི་མགྱོགས་པས་སེམས་སུ་ད་དུང་ཆུ་ཚོད་ཅུང་ཙམ་ཞིག་ཡོད་ན་སྙམ་པའི་འགྱོད་དགོས་པ་ཞིག་གདའ། དེ་ནི་ངོ་མ་ཁོ་བོའི་མི་ཚེའི་ནང་བརྗེད་དཀའ་བའི་བྱབྱདགེ་རྒན་གྱི་ཉིན་མོ་བྱབྱཞིག་ལགས།
ཀློག་པ་པོ་རྣམས། ཁྱེད་ཅག་ལ་འདི་འདྲ་བའི་ཚོར་བ་ཞིག་སླེབས་མྱོང་ངམ། 
ད་ནི་དུས་ཚོད་ཀྱི་ཅོང་བརྡ་གྲགས་པས་དཀར་འཇམ་གྱི་ཤོག་ངོས་སུ་ཐ་ཤལ་གྱི་སྨྱུག་རྩལ་དེ་དུས་ཚོད་རྫོགས།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ནི་ཉིན་ཞིག་གི་བྱ་བའི་བྱུང་རིམ་ཇི་བཞིན་བཀོད་ཡོད་པ་དང་བར་འཇུག་གི་གསལ་བྱེད། ཡུལ་ལྗོངས་རགས་ཙམ་འབྲི་སྤྱོད་ཀྱི་བཀོད་འདུག སྒྲིག་གཞིའི་བཀོད་པ་ཡང་འོས་འཚམས་འདུག ཡིན་ནའང༌། ཚིག་གི་སྡེབ་སྦྱོར་ལ་ཅུང་ཟད་བཙན་ཚུགས་ཀྱི་རྣམ་པ་འདུག་ཅིང༌། དུམ་ཚན་གྱི་དབྱེ་བའང་གསལ་པོ་དེ་ཙམ་མི་འདུག ཡིག་ནོར་ཅུང་ཟད་ཤོར་འདུག་པས་གཟབ་ཙམ་གནང་བ་དང༌། རྗེས་ཕྱོགས་ཚད་ལྡན་གྱི་རྩོམ་ཡིག་གང་མང་བཀླགས་ཏེ། རྩོམ་ཡིག་གི་བརྗོད་བྱ་ཁོག་འབུབས་སྟངས་དང༌། ཚིག་སྦྱོར་སྤེལ་སྟངས་ལ་དོ་སྣང་བྱས་ན་རྩོམ་རྩལ་མཐོར་འདེགས་ཡོང་བ་གོར་མ་ཆག

མདུན་ཤོག

Menu