[toc]

སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས།(ཨང་དང་པོ)

འབྲོང་བུ་ཟླ་བ་ཚེ་རིང༌། དྷ་སྟེང་བོད་ཁྱིམ་སློབ་གྲྭ།

རྟ་བདུན་དབང་པོ་ཤར་རི་རྩེ་ལ་འཕགས། །དབྱིག་འཛིན་སྒེག་མོ་དྲོད་ཀྱི་པང་དུ་བསྡམས། །
ཡིད་འོང་རྩེད་དགའ་རྒོད་པའི་འཇིག་རྟེན་ན། །ཡིད་སེམས་སྤྲོ་བའི་བྱེད་ལས་སྣ་མང་གདའ། །
དགའ་བདེ་དཔལ་གྱིས་ཕྱུག་པའི་བདེ་སྐྱིད་དང༌། །མྱ་ངན་གདུང་བ་དྲག་པོའི་སྡུག་བསྔལ་གཉིས། །
གཡོལ་དུ་མེད་པའི་འཚོ་བའི་རྒྱུན་ལགས་པས། །ཐབས་ཀྱིས་ངོས་ལེན་བྱེད་མཁས་གསོན་པོའི་མཆོག །
ལས་དབང་མི་གཅིག་འབྱོར་ཕྱུག་མི་སྙོམས་པས། །མི་སྒེར་རེ་ལ་སྤྲོ་འཆམ་བྱེད་སྟངས་རེ། །
འོན་ཀྱང་ཉམས་མྱོང་རྒན་པོ་དགེ་རྒན་མཆོག །ཡིན་པར་བསམ་ཚེ་ཐམས་ཅད་མཚུངས་པར་སྣང༌། །
ཉིན་མཚན་དུས་དྲུག་སློབ་གྲྭའི་ལྡིང་ཁང་ནས། །ཤེས་ཡོན་སྦྱང་ལ་བྲེལ་བའི་དུས་མཐའ་རུ། །
ལུས་སེམས་བདེ་ལ་འབབ་བྱེད་སྤྲོ་འཆམ་ཞིག །བྱས་པའི་མཐོང་ཐོས་རགས་བསྡུས་འདི་ལྟར་གདའ། །
གངས་རི་རྫ་རི་བྲག་རི་སྤང་རི་དང༌། །ཡངས་པའི་རྩྭ་ཐང་སྔོ་ལྗང་རྩི་ཤིང་རིགས། །
ཆུ་ཕྲན་འདྲ་མིན་བྱ་བྱིའུ་རི་དྭགས་སོགས། །རང་བྱུང་ཁོར་ཡུག་མཐོང་དུས་བདག་སེམས་སྤྲོ། །
བ་གམ་མཐོ་རུ་བརྩེགས་པའི་ཁང་བཟང་དང༌། །སྣུམ་ནག་འོད་དུ་འཚེར་བའི་གཞུང་ལམ་དང༌། །
གཟུགས་མེད་རླུང་ལྟར་མྱུར་བའི་རླངས་འཁོར་སོགས། །མཐོང་དུས་བློ་ལྡན་བཟོ་པར་སྨོན་པ་ཤོར། །
ཤིན་ཏུ་ཐུང་བའི་ཉིན་གཅིག་དུས་ཚོད་ནང༌། །མི་སྣ་འདྲ་མིན་བརྒྱ་ཕྲག་མང་པོར་འཕྲད། །
ཐམས་ཅད་སོ་སོའི་དོན་དུ་བྲེལ་ལོར་གཡེང༌། །འདི་ཀུན་རང་བདེ་བསྒྲུབ་པའི་ཐབས་སུ་རློམ། །
དབུ་སྐྲ་ཕྲག་ལ་སླེབས་པའི་ཕོ་གསར་ཞིག །རྐང་སྣམ་འདོམ་དུ་ལྷུང་པའི་ཕོ་གསར་ཞིག །
ཀེང་རུས་དཔར་དུ་བཏབ་པའི་ལུས་ཅན་ཞིག །རང་ལུས་མི་འཁྱོག་གོམ་བགྲོད་བྱེད་པ་མཐོང༌། །
མགོ་ནག་བོད་པ་ཚང་གི་མི་བུ་ཡིས། །སྐྲ་སེར་སྤྲེའུ་རིགས་ཀྱི་དམན་ཆུང་མར། །
མི་ཚོགས་མང་ཡང་ངོ་ཚ་ཡོངས་སྤངས་ནས། །འཐམ་འཁྱུད་བྱེད་ཅིང་འོ་སྦྱོར་བྱེད་པ་མཐོང༌། །
མགོ་ནག་བོད་རིགས་འཁྲུལ་མེད་མོ་རྒྱུད་ཀྱིས། །ནག་པོ་སྐྲ་ལ་སེར་པོའི་ཚོན་བྱུགས་ཤིང༌། །
ལྷན་སྐྱེས་གདོང་ལ་སྣ་ཚོགས་ཚོན་བྱུགས་ཏེ། །ཞི་མི་སྨྱོན་པའི་གོམ་བགྲོད་བྱེད་པ་མཐོང༌། །
ལུས་ཅན་བོད་པས་གལ་ཆེན་དུས་སྟོན་ལ། །ཁ་ཡར་བྱེད་ཞོར་སྡུག་སྡིག་ལས་ཀྱི་ཚོགས། །
བསམ་བློ་རྣལ་དུ་མ་ཕབ་བག་གཡེང་གིས། །ཧ་ཧ་ཧོ་ཧོའི་ངང་ནས་བསྒྲུབ་པ་མཐོང༌། །
ལས་ཀྱིས་མནར་བའི་མགོན་མེད་སྤྲང་པོའི་ཚོགས། །མཐེ་བོང་མདུན་དུ་བསྒྲེང་བའི་ངང་ཚུལ་གྱིས། །
མི་ཚོགས་མང་པོའི་ལྷག་འཕྲོ་གྲལ་མཐའ་ན། །སྐྱིད་མེད་འཚོ་བ་ཡུན་གྱིས་སྐྱེལ་བ་མཐོང༌། །
ཕ་མ་ཡ་བྲལ་ཕྱིན་པའི་བུ་ཆུང་ཞིག །ཕ་རྒན་ལས་ལ་ཕྱིན་པའི་རྗེས་ཤུལ་དུ། །
ལྟ་སྐྱོང་བྱེད་མཁན་མེད་པའི་གདུང་བ་ཡིས། །ངུ་དངངས་དྲག་པོ་བྱེད་པ་སྙན་དུ་ལྷུང༌། །
འབྱོར་འབྲིང་དགའ་བདེས་ཁྱབ་པའི་ཁྱོ་ཤུག་གཉིས། །བུ་ཕྲུག་གསུམ་གྱིས་བསྐོར་ཞིང་དགའ་སྐྱིད་ཀྱིས། །
དལ་བ་དལ་བུར་མདུན་དུ་རྒྱུ་མཐོང་དུས། །རྒྱང་རིང་ཕ་མ་དྲན་པའི་མིག་ཆུ་འཐོར། །
ཕྱག་ན་པདྨོ་གངས་ཅན་མགོན་པོ་ལ། །གསེར་གྱི་རྟགས་མ་འབུལ་བཞེས་གྲུབ་མཚམས་སུ། །
གངས་རིའི་ལྗོངས་ཀྱི་ལས་དབང་ཡར་ངོའི་ཟླ། །གོང་ནས་གོང་དུ་འཕེལ་བར་ཀུན་གྱིས་སྨྲ། །
སྲིད་གསུམ་སྒུལ་བའི་མངོན་མེད་གཟེངས་རྟགས་འདི། །འཚེ་མེད་ཞི་བའི་རྒྱལ་པོར་ཕུལ་བའི་མཐུས། །
དགྲ་ཕྱོགས་རྒྱ་ནག་དཔོན་གྱི་ཚོགས་ནང་དུ། །རྫོགས་མེད་དངན་པ་རིང་མོ་འཐེན་པ་འཆོར། །
ཡུལ་དུ་གྱར་བའི་བཙན་བྱོལ་སྤྱི་ཚོགས་ན། །གཞུང་འབྲེལ་མིན་པའི་ཚོགས་པ་མང་པོའི་དབར། །
གསལ་བཤད་མ་བྱས་དོན་མེད་རྙོག་དྲ་འགའ། །རྒྱལ་འཚོང་ཁྲམ་པས་དབྱངས་སུ་གྱེར་བ་ཚོར། །
སྟོང་ཕྲག་ཉི་ཤུ་ལྡི་ལིར་འཛོམས་པའི་མཐུས། །རྒྱལ་ཞེན་ལྟ་བའི་མེ་རོ་སླར་གསོས་ཤིང༌། །
དགྲ་བོའི་སེམས་ལ་དངངས་སྐྲག་ཡོངས་སྦྱིན་ཏེ། །བོད་མི་ཡོངས་རྫོགས་གཅིག་ཏུ་སྒྲིལ་བ་མཐོང༌། །
རང་ཡུལ་བཞག་སྟེ་གཞན་ཡུལ་འགྲིམས་པའི་སྐབས། །རང་སེམས་ལྷོད་ལ་མ་བབས་དངངས་འཚབ་ཀྱིས། །
སྤྲོ་འཆམ་བྱེད་པའི་དུས་ཀྱི་པང་དུ་ཡང༌། །རང་ཡུལ་བརྗེད་པའི་དོན་དག་ཡོང་རེ་དཀོན། །
སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས་གང་མང་ཞིག །འབྲི་རིན་མེད་པས་རེ་ཞིག་བཞག་པར་བྱ། །
འོན་ཀྱང་ས་མཐའི་ཡུལ་གྱི་སྤྲོ་འཆམ་ལ། །རང་ཡུལ་ལྟ་བུའི་ཚོར་སྣང་ཡོང་རེ་དཀོན། །
ཉི་མ་ནུབ་རིའི་རྒྱབ་ཏུ་ཡིབ་ལ་ཉེ། །མི་བུ་སྐྱིད་པའི་གཉིད་དུ་འགྲོ་ལ་རན། །
སྤྲོ་འཆམ་ཐེངས་ཤིག་རྫོགས་པའི་དུས་མཚམས་སུ། །གངས་རིའི་བདེན་མཐའ་སེལ་བའི་སྨོན་ལམ་འདེབས། །

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་རྩོམ་པ་པོས་རང་ཉིད་སྤྲོ་འཆམ་གྱི་མཐོང་ཐོས་ལ་སྦྱར་ཏེ་དེང་སྐབས་བོད་མིའི་སྤྱི་ཚོགས་ཀྱི་གནས་སྟངས་བཀོད་འབྲི་བྱས་ཤིང༌། ཁྱད་པར་བོད་མི་རྣམས་རང་གི་རྩ་དོན་སླད་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་བདེན་པའི་འཐབ་རྩོད་ལ་ཞུགས་པའི་ངང་ཚུལ་ལ་བསྟོད་བསྔགས་བྱས་འདུག རྩོམ་ཡིག་གི་ནང་དོན་ཁྱབ་ཚད་ཆེ་ཞིང་ཚིག་སྦྱོར་སྡེབ་ལེགས་པ། སྙན་ཞིང་གོ་བདེ་བ་བཅས་ཀྱི་ཁྱད་ཆོས་མངོན།
    རྩོམ་ཡིག་ནང་ཡིག་ནོར་ཕྲན་ཚེགས་འདུག་པ་དག་བཅོས་བྱས་ཡོད། ཚིགས་བཅད་རྩོམ་སྟངས་ཐད་ད་དུང་སྦྱང་བརྩོན་གྱིས་བྱང་རྩལ་གོང་མཐོར་གཏོང་བར་བྱའོ། །

སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས།(ཨང་གཉིས་པ)

དཔལ་ལྡན། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།

    གཟི་བརྗིད་ཀྱི་བྱ་གཞག་གསར་པའི་འཇུག་ངོགས་སུ། ཡོན་ཏན་རྒྱ་མཚོའི་དཔྱིད་དུ་བལྟམས་པའི་སློབ་གླིང་འདིར་རིག་རྩལ་གྱི་དོ་རར་སྐྱེས་སྟོབས་ཀྱི་དཔལ་དང་གསོན་ཤུགས་བསྣན་ནུས་པའི་དགེ་བའི་བཤེས་གཉེན་མང་ཞིང༌།  ཡིད་ཀྱི་བུང་བ་ཤེས་རིག་མེ་ཏོག་གིས་འཛུམ་པར་བྱས་པའི་ན་གཞོན་རིག་པའི་དཔའ་བོའི་ཚོགས་སུ་ངས་ཀྱང་རིག་པའི་དགའ་མ་གྲོགས་སུ་བསྟེན་ཅིང༌། བརྩོན་འགྲུས་ཀྱི་རྟ་ཕོར་དྲན་ཤེས་ཀྱི་ལྕག་གིས་སྐུལ་བཞིན། འབྱམས་ཀླས་ཤེས་བྱའི་རྩྭ་ཐང་དུ་བསྐྱོད་པ་ཡིན།
    འགོག་ཏུ་མེད་པའི་དུས་ཀྱི་བཞུར་རྒྱུན་གྱིས་ཡང་ལོ་གཅིག་གི་ཉི་མ་ནུབ་རིར་བརྫངས། སྐབས་དེ་ནི་ཉིས་སྟོང་དྲུག་ལོའི་ལོ་མཇུག་སྟེ། དབྱར་གསུམ་གྱི་ཡོལ་བ་མཐའ་རུ་བསྐྲད་ལ་ཉེ་ཞིང༌། གློག་དམར་དང་འབྲུག་སྒྲ་འཇགས་པའི་ནམ་ཟླ་སྐྱིད་དུས་ཤིག་ཡིན། ངེད་འཛིན་རིམ་བཅུ་གཅིག་པའི་སློབ་གྲོགས་ཀུན་སློབ་གྲྭ་ནས་ལེ་དབར་དྲུག་ལས་མི་རིང་བའི་གཙང་འགྲམ་ཞིག་ཏུ་སྤྲོ་འཆམ་དུ་ཕྱིན་པ་ཡིན། སྤྲོ་འཆམ་དེའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་ཡོངས་རྫོགས་བོད་ཁྱིམ་སློབ་གྲྭ་ཁག་སོ་སོ་ནས་འདུས་ཡོད་ལ། ཕན་ཚུན་འབྲེལ་འདྲིས་ཆེན་པོ་མེད་པས་རྒྱུས་ལོན་དང་འཆམ་མཐུན་གྱི་འབྲེལ་བ་དམ་ཟབ་ཡོང་ཕྱིར་ཡིན་མོད་ཀྱང༌། ཕུགས་འདུན་འདི་ཟླ་དྲུག་བདུན་གྱི་མཉམ་གཤིབ་བྱུང་བ་ལས་གྲུབ་ཡོད་པ་ངས་སྤྲོ་འཆམ་དེའི་སྐབས་ཀྱི་ཕྱི་ཚུལ་གྱི་རྣམ་པ་ལས་མཐོང་ཐུབ། རྩེད་མོ་ལ་དགའ་བའི་སློབ་མ་ཚོས་རྩེད་རིགས་སྣ་ཚོགས་རྩེ་ཞིང༌། འགའ་ཞིག་ཆུ་རྩལ་ལ་རོལ། ཡང་ཁག་ཅིག་གིས་ཤོག་རྩེད་དང་བུ་མོ་འགའ་རེས་རང་རང་གི་སྔོན་མའི་སློབ་གྲྭའི་གནས་སྟངས་སོགས་ཕན་ཚུན་ལ་བསམ་ཚུལ་བརྗེ་ལེན་བྱེད་ཀྱིན་སྤང་སྟེང་དུ་སོས་དལ་གྱིས་བསྡད། སློབ་ཕྲུག་འགའ་ཞིག་གླུ་དབྱངས་ལ་ཉན་བཞིན་གུར་འོག་ཏུ་ཉིན་གུང་ཞལ་ལག་བཟོ་བར་བྲེལ།
    ཉིན་དེར་ཨ་སྔོན་དུ་སྤྲིན་དཀར་གྱི་ཕུང་པོ་བྱིའུ་མགོ་ཙམ་ཡང་མཐོང་དུ་མ་མཆིས་ལ། ཉིན་བྱེད་དབང་པོས་དལ་གྱིས་ཀུན་གསལ་གྱི་མཐོངས་ཁར་བསྐྱོད་ཅིང༌། ཉི་ཟེར་འཕྲོ་སྟངས་ཤིག་ལས་ང་ཚོ་ལ་འཛུམ་མདངས་མངོན་བཞིན་དགྱེས་ཉམས་སྟོན། ང་ནི་འཛིན་གྲྭའི་རྒན་བདག་ཡིན་ཡང་རང་གཤིས་སུ་དགེ་རྒན་ལ་བཅོས་མ་མ་ཡིན་པའི་བརྩི་འཇོག་དང༌། གུས་བཀུར་ལྡན་ཕྱིར་རྒན་ལགས་དང་ལྷན་སློབ་ཚན་དང་འབྲེལ་མེད་ཀྱི་སྤྱིར་བཏང་གི་སྐད་ཆ་བཤད་པའི་གོ་སྐབས་ནི་ག་ལ་མཆིས། འོན་ཀྱང༌། ཉིན་དེར་ངས་སློབ་གྲོགས་ཚོར་ལས་ཀ་བཀོད་སྒྲིག་བྱས་རྗེས་གཅིག་པུ་སོས་དལ་ངང་གཙང་འགྲམ་གྱི་ཕ་བོང་ཞིག་གི་སྟེང་དུ་སྡོད་ཅིང་ཡིད་ལ་སྤྲོ་སེམས་ཀྱི་མེ་ཏོག་དཔྱིད་དུ་འཆར་བའི་ངང་ས་ལྟ་ཡུལ་ལྟ་བྱས་ནས་བསྡད། མི་འགྱངས་བར་བདག་གི་ཆབ་སྲིད་ཚན་རིག་གི་དགེ་རྒན་སླེབས་ཤིང༌། ང་དང་ལྷན་ཆུ་ཚོད་གཅིག་རིང་སྤྱིར་བཏང་གི་སྐད་ཆ་ལ་རོལ་ཅིང༌། མང་ཆེ་བ་ངས་དྲི་བ་བཏང་སྟེ། ཁོང་གིས་ལན་བསྐྱོན། སྐབས་དེའི་ཆུ་ཚོད་གཅིག་གི་ཁ་བརྡ་དེའི་རིན་ཐང་ངས་ཁོང་གི་སློབ་ཚན་ཟླ་གཅིག་ཕྱིན་པའི་རིན་ཐང་གིས་ཀྱང་གཞལ་མི་ཐུབ་པའི་ཚོར་སྣང་བདག་ལ་ད་དུང་ཡང་འདུག ཁོང་གིས་བདག་ལ་བསམ་ཚུལ་བརྗེ་ལེན་གྱི་ཚུལ་དུ་རིན་ཐང་ཅན་གྱི་སྐད་ཆ་མང་དག་ཅིག་བཤད་པའི་ཁྲོད་ནས་བདག་གི་སེམས་འདུན་ལ་ཆེས་གསོན་ཤུགས་བསྣན་ནུས་ཤིང་སྙིང་སྟོབས་བསྐྱེད་ནུས་པའི་སྐད་ཆ་དེ་ནི་བདག་གི་དམིགས་ཡུལ་གདམས་ཕྱོགས་སྐོར་ཡིན།
    ཁོང་གིས་བསམ་གཞིགས་ཀྱི་ཀློང་ཡངས་གཤགས་ནས་གནད་སྨིན་གྱི་ཚུལ་དུ་བཤད་དོན། སྤྱིར་མི་བུ་སུ་འདྲ་ཞིག་ཡིན་རུང་རང་གི་དམིགས་ཡུལ་སྤྱི་ཚོགས་ཀྱི་དགོས་མཁོ་དང་གནས་སྟངས་སོགས་མང་དག་ཅིག་ལ་བསྟུན་དགོས་ནའང༌། དམིགས་ཡུལ་གྱི་གཞི་རྟེན་གཙོ་བོ་ནི་རང་ཉིད་ཀྱི་ནུས་པ་དང་མོས་པར་བརྟེན་དགོས་པ་ཡིན། རང་ཉིད་ཀྱིས་བྱེད་ནུས་ལ་འཇོན་པའི་ལས་དེར་ཁམས་དང་མོས་པས་རྒྱབ་རྟེན་ཡོད་ཚེ། ད་གཟོད་ཁྱེད་ཀྱི་དམིགས་ཡུལ་གྱི་ཁ་ཕྱོགས་འཕྱུག་པ་མེད་པར་རློམ་ཆོག་པ་ཡིན། མི་སུ་ཡིན་ཡང་ཕྱིས་འབྱུང་གི་འཚོལ་སྙེག་ཆེད་དམིགས་ཡུལ་རེ་ཡོད་ལ། དེ་ཡོད་པ་ཙམ་གྱིས་སྒྲུབ་ཐུབ་པའི་ངེས་པ་མེད་པས། རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་རེར་ཅིས་ཀྱང་མཁྲེགས་པའི་ཤེས་བྱའི་ངོ་བོ་ཞིག་ལ་རིག་པས་ནེམ་ཐིག་ཕབ་བཞིན་རྩོལ་འདོན་བྱེད་དགོས་ལ། གཟི་བརྗིད་དང་འོད་སྣང་ལྡན་པའི་མ་འོངས་བསུ་ཆེད་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྩྭ་ལྡུམ་གྱིས་བཏུམས་པའི་དབེན་གནས་ནས་བཤུལ་ལམ་ཕྲ་མོ་ཞིག་གསར་དུ་བཏོད་དགོས་པ་ཡིན། ཞེས་གསུངས་ཤིང༌། སྐད་ཆ་དུམ་བུ་དེའི་དོན་བདག་གི་སེམས་ཁམས་སུ་བག་ཆགས་ཟབ་མོ་བཞག་ལ་བདག་གི་སེལ་དཀའ་བའི་དོགས་པ་ཡལ་ཞིང་བརྟོལ་དཀའ་བའི་གསང་རྒྱ་བརྡོལ་བས། སྐད་ཆ་དེ་བདག་ལ་རེ་བ་སྟེར་ཅིང་ཡིད་ཆེས་རྙེད་དུ་བཅུག
    དུས་དེ་ནས་བཟུང༌། ངས་རང་ཉིད་ཀྱི་ནུས་པར་ངོས་འཛིན་བྱེད་ཐུབ་ཅིང༌། གཞན་གྱི་ནུས་པར་མཐོང་ཆེན་བྱེད་ཤེས་སོང་བས། བཏང་སྙོམས་ཀྱི་བློ་སྦྱངས་ཤིང༌། རྣམ་དཔྱོད་ཀྱི་བུང་བར་ཤེས་རབ་ཀྱི་རྩི་བཅུད་ལྡུད་པར་གཞོལ། བདག་གི་དྲན་ཤེས་ཀྱི་མེ་ལོང་ངོགས་སུ་འཆར་བར། མི་སུ་འདྲ་ཞིག་ཡིན་རུང་འཐོབ་བྱ་དེར་སྨོན་ལམ་དང་དད་པའི་ཡིད་ཆེས་བྱས་ན་གཡང་གཟར་གྱི་འོབས་ལ་ལྷུང་བར་གོར་མ་ཆག་པས་ངེས་པར་དུ་གནས་ལུགས་ལ་རྒྱུན་འཁྱོངས་དང༌། ལྷག་པར་ཡང་དག་པའི་གནས་ལུགས་ལ་ཡ་མེད་ཀྱི་ཟིལ་ཤུགས་ལྡན་པའི་ངེས་ཤེས་རྙེད་བྱུང༌། དེ་ཐམས་ཅད་བདག་སྤྲོ་འཆམ་དེ་ལས་ཐོབ་པའི་རིན་བྲལ་གྱི་རྟགས་མ་ཡིན་ལ། རྟགས་མ་དེས་གཟི་བྱིན་ལས་ངས་ཕྱིར་འདང་རེ་བརྒྱབ་ཚེ་བདག་ལ་འཛུམ་མདངས་དང་སྤྲོ་སྣང་སྟེར།
    སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས་ཏེ། བདག་གི་མི་ཚེར་ཆེས་གཟི་བརྗིད་འདྲེན་པའི་དཀྱོག་མཚམས་ཤིག་ཡིན་ངེས་ལ། ཅི་ནས་ཀྱང་སྤྱིར་བཏང་མ་ཡིན་པའི་སྤྲོ་འཆམ་དེས་བདག་ལ་བརྗེད་དུ་མེད་པའི་བག་ཆགས་ཤིག་བཞག སྤྲོ་འཆམ་དེས་བདག་གི་མི་ཚེ་དང་ལས་དབང་ལ་སྒུལ་ཤུགས་ཐེབས་པར་བསམ་གཞིགས་རེ་བྱས་ན། བདག་གིས་སློབ་ཕྲུག་ཚོ་ལ་སློབ་གསོ་ཚད་ལྡན་ཞིག་དགོས་པའི་གནད་འདི་མཐོང་ཞིང་དུས་དང་མཐུན་པའི་བསམ་བློ་དང་སློབ་གསོའི་གསོ་སྐྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་རྟོགས་བྱུང༌། དེའི་ཕྱིར་སློབ་གསོ་ནི་འཇིག་རྟེན་པའི་ལམ་རིམ་དང༌། སློབ་མ་ནི་རེ་བ་ཡོད་ཚད་བཅོལ་ས་ཡིན།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་རྩོམ་པ་པོ་དགེ་སློབ་རྣམས་སྤྲོ་འཆམ་ལ་ཕྱིན་པའི་སྐབས། རང་གི་དགེ་རྒན་དང་སྤྱིར་བཏང་གི་གཏམ་གླེང་ལས་ཐོབ་པའི་གལ་ཆེའི་བསླབ་བྱ་དང་དེའི་ཕན་ཐོགས་སྐོར་བཀོད་འདུག་པ་སྟེ། ཆེས་སྤྱིར་བཏང་གི་བྱ་བ་ཞིག་ལས་ཐུན་མོང་མ་ཡིན་པའི་གནས་ཚུལ་ཞིག་ཕྱིར་འདོན་བྱེད་པའི་རྩོམ་འབྲིའི་ཐབས་ཇུས་སྤྱད་པའི་དཔེ་མཚོན་དུ་འོས། རྩོམ་ཡིག་གི་བརྗོད་བྱ་མཚོན་སྟངས་དང༌། བྱུང་རིམ་བཀོད་སྒྲིག་བྱེད་ཚུལ་གང་ལེགས་འདུག་ཅིང༌། ཚིག་སྦྱོར་ལེགས་ཤིང་སྙན་པ་བཅས་ཀྱི་ཁྱད་ཆོས་ལྡན།
    ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་ཚིག་སྦྱོར་དང་མི་སྣའི་སྐད་ཆ་བཅས་ལ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་གོམས་གཤིས་མངོན་ཐབས་བྱས་ཚེ་བརྩམས་ཆོས་དེར་ཡིད་འགུགས་ཀྱི་ནུས་པ་ཤུགས་ཆེར་འབྱུང་བ་ཕུལ་བྱུང་རྩོམ་ཡིག་ཁག་ཏུ་གསལ་བ་ལྟར་རོ། །རྩོམ་ཡིག་ནང་དགེ་རྒན་གྱི་བསླབ་བྱའི་རིན་ཐང་སྐོར་དངོས་བྱུང་དོན་རྐྱེན་ལ་སྦྱར་ཏེ་གསལ་བཤད་བྱས་ཚེ་ནུས་པ་སྔར་ལྷག་ཐོན་ཐུབ་སྙམ་པས། ཡར་རྒྱས་ལ་མཐའ་མེད་སྟབས་ཧུར་བརྩོན་རྒྱུན་བསྟུད་དུ་གནང་རོགས་ཞུ།

སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས།(ཨང་གསུམ་པ)

 རིག་འཛིན་རྒྱ་མཚོ། བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

    དུས་རབས་དང་སྤྱི་ཚོགས། ཁོར་ཡུག མིའི་བསམ་བློ་དང་ལྟ་སྤྱོད་སོགས་ལ་འགྱུར་བ་ཕྱིན་པའི་དབང་གིས་འཇིག་རྟེན་འདིའི་ཐོག་གི་བྱ་དངོས་སྤྱི་དང་ཁྱད་པར་དུ་ཤེས་ཡོན་སློབ་སྦྱོང་གི་ལམ་ལུགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པ་ནི་ཚང་མས་མཁྱེན་གསལ་ཡིན།
    སྤྱིར་ཤེས་བྱ་ཡོན་ཏན་སློབ་ཚུལ་ལ་ད་ལྟའི་དུས་འདིར་ལམ་སྲོལ་མང་པོ་ཡོད་ཀྱང༌། དེའི་ནང་ནས་སློབ་སྟངས་ཡག་ཤོས་ཤིག་ནི་སློབ་སྦྱོང་དང་འབྲེལ་བའི་འགྲུལ་བཞུད་དང་སྤྲོ་འཆམ་ལ་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་དང༌། སློབ་སྦྱོང་བྱེད་སྟངས་ཡག་ཤོས་ཤིག་ཡིན་པ་འཛམ་བུ་གླིང་གི་མི་ཚང་མས་ངོས་འཛིན་བྱེད། ནུབ་ཕྱོགས་འབྱོར་ལྡན་རྒྱལ་ཁབ་ཀྱི་མི་མང་ཚོའི་སློབ་མཐར་ཕྱིན་པ་དང༌། ཡང་ན། སློབ་གྲྭའི་དུས་སྐབས་སུ་ཆུ་ཚོད་རག་ན་འགྲོ་སོང་ལ་མ་འཛེམས་པར་ཕྱོགས་མཐའ་ཁག་ཏུ་སྤྲོ་འཆམ་ལ་འགྲོ་ཡི་ཡོད་པ་དེའི་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ནི་མཐོང་ཐོས་གསར་པ་ཞིག་འཐོབ་པའི་ཆེད་དུ་ཡིན།
    དེ་ནི་ལྷགས་རླུང་དང་ཁ་བའི་ནམ་དུས་ཡོལ་ནས་ཧ་ལམ་དཔྱིད་ཀའི་དུས་ཚོད་ཅིག་རེད། ས་གཞི་དང་རི་ལུང་ཐམས་ཅད་ལ་ལྗང་མདོག་གི་ན་བཟའ་བཀླུབས་ནས་སའི་གོ་ལའི་ཁོར་ཡུག་ཐམས་ཅད་མེ་ཏོག་གིས་ཁེངས་ཤིང༌། བྱ་ཁུ་བྱུག་སྔོན་མོའི་གསུང་སྙན་ཡང་ལྷང་ལྷང་དུ་སྒྲོག་བཞིན་འདུག ང་ཚོ་ནི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་བཏང་ཚར་ནས་སློབ་གྲོགས་ཐམས་ཅད་རང་རང་སོ་སོའི་ནང་དུ་གུང་གསེང་ལ་འགྲོ་བའི་དུས་ཤིག་རེད། བདག་གི་རྩ་ཆེ་བའི་གོ་སྐབས་དམ་འཛིན་བྱས་ནས་རྒྱ་གར་ནང་གནས་སྐོར་དང་སྤྲོ་འཆམ་གྱི་ཚུལ་དུ་ཕྱིན་པ་ཡིན། སྐབས་དེར་བདག་ལ་སྔར་མཐོང་མ་མྱོང་བའི་ཉམས་མྱོང་དང་ཤེས་བྱ་གསར་པ་གང་མང་ཞིག་ཐོབ་སོང༌། གོ་སྐབས་འདི་ནི་བདག་གི་མི་ཚེའི་ནང་གི་ཆེས་རྩ་ཆེ་བའི་དུས་ཚོད་ཅིག་ལ་ངོས་འཛིན་ཞུ་ཡི་ཡོད།

གནས་མཆོག་རྡོ་རྗེ་གདན་དང་བདག་གི་མཐོང་ཐོས།

    སྐྱབས་འགྲོ་ཁས་ལེན་མཁན་གྱི་ནང་པ་ཞིག་ཡིན་ཕྱིན་གནས་མཆོག་རྡོ་རྗེ་གདན་རྩ་ཆེན་པོ་ཞིག་ལ་ངོས་འཛིན་མི་བྱེད་མཁན་ཧ་ལམ་གཅིག་ཀྱང་མེད། སྔར་རང་ཉིད་ཀྱི་ཐོས་མྱོང་བའི་གནས་མཆོག་རྡོ་རྗེ་གདན་དང་ད་ལྟ་དངོས་སུ་མཐོང་མྱོང་བའི་ཚོར་བ་དང་སྣང་ཚུལ་ཐམས་ཅད་ཧ་ལམ་སྒྲོ་བཏགས་པ་ལྟ་བུའི་ཁྱད་པར་ཆེན་པོ་འདུག
    དངོས་གནས་བྱིན་རླབས་དང་གཟི་བརྗིད་ཀྱི་འོད་སྟོང་འབར་བའི་མཆོད་རྟེན་ཆེན་པོ་དེ་ལ་མཇལ་བའི་དུས་སུ་སེམས་ལ་སྨྲ་བསམ་བརྗོད་ལས་འདས་པའི་ཚོར་བ་ཞིག་སླེབས་སོང༌། དེ་ནི་སངས་རྒྱས་ཀྱི་བྱིན་རླབས་དང་བདག་གི་སྡིག་སྒྲིབ་དག་པ་ཡིན་ནམ་སྙམ་པའི་དགའ་སྤྲོ་དཔག་མེད་སྦྱིན་སོང༌། མཆོད་རྟེན་གྱི་བཟོ་དབྱིབས་དང་རྣམ་པ་མཐོང་དུས་གནའ་བོའི་བཟོ་པ་རྣམས་ཀྱི་ལག་རྩལ་དང་བྱས་རྗེས་ལ་དད་པ་དང་ངོ་མཚར་སྐྱེས་ཤིང༌། མཆོད་རྟེན་ཉེ་འགྲམ་གྱི་སྤྲང་པོ་རྣམས་མཐོང་དུས་ཆ་མི་སྙོམས་པའི་འཇིག་རྟེན་འདིའི་ངང་ཚུལ་དང༌། བྱམས་དང་བརྩེ་བའི་བདག་ཉིད་སངས་རྒྱས་ཀྱི་བཀའ་དྲིན་ཡིད་ལ་དྲན། གལ་ཏེ་མི་སུ་འདྲ་ཞིག་ཡིན་ཡང་རྡོ་རྗེ་གདན་ལ་འགྲོ་དུས་འདི་ལྟ་བུའི་ཚོར་སྣང་ཞིག་སླེབས་ངེས།

 ཕོ་བྲང་ཏ་ཅི་མ་ཧ་དང་ངའི་མཐོང་ཐོས།

   ང་རང་འཛིན་གྲྭ་བཅུ་པའི་སྐབས་སུ་ངའི་རྒྱ་གར་གྱི་གནའ་བོའི་ལོ་རྒྱུས་ལ་སྦྱང་བརྩོན་གནང་དུས་ཕོ་བྲང་ཏ་ཅི་མ་ཧའི་མཚན་སྙན་དང༌། ལོ་རྒྱུས་ལ་ཧ་ལས་པའི་ངོ་མཚར་སྐྱེས་སོང༌། སྐབས་དེར་བདག་གི་བསམ་པར་གལ་ཏེ་ང་མ་འོངས་པར་དུས་ཚོད་ཅིག་བྱུང་ན་གནས་འདི་ལ་ཐེངས་ཤིག་ལྟ་སྐོར་དུ་འགྲོ་བའི་སེམས་ཚོར་ཤུགས་ཆེན་པོ་ཡོད།
    ཏག་ཏག་ཡིག་རྒྱུགས་ཚར་ནས་ཟླ་བ་གཉིས་ཀྱི་གུང་གསེང་གི་དུས་སུ་ང་ལ་གོ་སྐབས་འདི་ཐོབ་སོང༌། དངོས་གནས་”ཐོས་པ་བརྒྱ་ལས་མིག་མཐོང་གཅིག་དགའ་” ཞེས་གསུངས་པ་ནང་བཞིན། ཀློག་དེབ་ནང་གི་ཏ་ཅི་མ་ཧ་དང་ངའི་མིག་མདུན་གྱི་ཏ་ཅི་མ་ཧ་གཉིས་ཧ་ལམ་སོ་སོ་ཡིན་པ་ལྟ་བུའི་ཚོར་བ་སྦྱིན་སོང༌། ངོ་མཚར་བའི་ཕོ་བྲང་འདིའི་བཟོ་བཀོད་ཀྱི་ངར་གནའ་བོའི་རྒྱ་གར་མི་རིགས་ཀྱི་རྣམ་དཔྱོད་དང་བཟོ་རྩལ་ལ་དད་པ་དང་ངོ་མཚར་སྐྱེས་ཤིང༌། ལྷག་པར་དུ་སྐད་རིགས་སྣ་ཚོགས་སྨྲ་བའི་སྤྲོ་འཆམ་པ་རྣམས་མཐོང་དུས་ངས་ཕོ་བྲང་འདིའི་ཐུན་མིན་གྱི་ཁྱད་ཆོས་རྟོགས།
    སྐབས་དེར་ངའི་བསམ་པར་མཚར་སྡུག་འོད་སྟོང་འབར་བའི་བོད་ཀྱི་ཕོ་བྲང་པོ་ཏཱ་ལ་དེ་རིང་འདི་རུ་ཡོད་ན་ངས་ཕྱི་གླིང་གི་གྲོགས་པོ་གྲོགས་མོ་རྣམས་ལ་ངོ་སྤྲོད་ཅིག་བྱས་ནས་ཁོང་གཉིས་ལ་གཤིབ་བསྡུར་ཞིག་བྱེད་འདོད་བྱུང༌། འོན་ཀྱང༌། དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། སྤྲོ་འཆམ་འདིའི་སྐབས་སུ་ངས་འཛམ་གླིང་གི་གནས་ཆེན་མང་པོ་ཞིག་གི་ལོ་རྒྱུས་དང་གནས་སྟངས་ལ་རྒྱུས་ལོན་བྱེད་རྒྱུའི་གོ་སྐབས་ཐོབ་པ་དེ་ནི་ངའི་མི་ཚེའི་ནང་གི་བརྗེད་ཐབས་བྲལ་བའི་གནད་དོན་གལ་ཆེན་ཞིག་ཡིན།

རྒྱལ་ས་ལྡི་ལི་དང་བདག་གི་མཐོང་ཐོས།

    གལ་ཏེ་མི་ཞིག་རྒྱ་གར་ནང་དུ་ས་ཕྱོགས་འདྲ་མིན་ལ་འགྲོ་དུས་ཕལ་ཆེ་བ་ཞིག་ལྡི་ལི་བརྒྱུད་ནས་འགྲོ་ན་མ་གཏོགས་ཐབས་ཤེས་མེད། ང་རང་གོང་གི་གནས་ཆེན་འདི་གཉིས་ལ་སྤྲོ་འཆམ་འགྲོ་དུས་རྒྱལ་ས་ལྡི་ལི་བརྒྱུད་དགོས་བྱུང༌། སྐབས་དེར་ངའི་ལྡི་ལི་གྲོང་ཁྱེར་གྱི་ཁ་དབུགས་དང་ཟང་ཟིང་གི་འུར་སྒྲ་གོ་དུས་མ་འོངས་པའི་འཛམ་བུ་གླིང་འདིའི་ཐོག་གི་འགྲོ་བ་མིའི་བདེ་སྡུག་དང་འཚོ་གནས་ལ་སེམས་ཁྲལ་ཅིག་ལངས་སོང༌།
    གལ་ཏེ་མི་དོ་སྣང་ཅན་ཞིག་ཡིན་ན་ཚད་ལས་འདས་པའི་ཁ་དབུགས་བཙོག་བསྒྱུར་དང༌། འཕྲུལ་རིགས་འདྲ་མིན་གྱི་སྐད་སྒྲས་རང་བཞིན་གྱི་སེམས་ལ་དངངས་འཚབ་ཅིག་སྐྱེས་ངེས། འཛམ་བུ་གླིང་འདིར་འདི་ལྟ་བུའི་གྲོང་ཁྱེར་སྟོང་ཕྲག་ཅིག་ཡོད་ན་ང་ཚོའི་རང་བྱུང་ཁམས་དང་སའི་གོ་ལའི་མཛེས་སྡུག་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་མེད་པར་ཆགས་པ་གདོན་མི་ཟ་ལ། ཚོར་སྣང་འདི་ནི་ངའི་སྤྲོ་འཆམ་སྐབས་རྒྱལ་ས་ལྡི་ལིས་བདག་ལ་གནང་བའི་མཐོང་ཐོས་དང་སེམས་ཚོར་ཡིན། དེའི་དུས་ངའི་སེམས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེའི་རང་བཞིན་གསལ་རྟོགས་བྱུང༌།

མཇུག་སྡོམ།

    གོང་དུ་བྲིས་ཟིན་པའི་ཚོར་སྣང་འདི་དག་ནི་བདག་གི་སྤྲོ་འཆམ་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་ཁོ་ན་ཡིན། སྤྲོ་འཆམ་འདི་བརྒྱུད་ནས་བདག་ལ་སྔར་ཐོབ་མ་མྱོང་བའི་ཤེས་བྱ་དང་ཉམས་མྱོང་མང་པོ་ཞིག་ཐོབ། སློབ་སྦྱོང་བྱེད་མཁན་ཞིག་ལ་མཚོན་ན་རང་གི་སློབ་སྦྱོང་དམིགས་ཡུལ་དང་ལྡན་པའི་ས་ཕྱོགས་གང་སར་ལྟ་སྐོར་ལ་འགྲོ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་དང་སློབ་སྦྱོང་གི་ཐབས་ལམ་ཡག་ཤོས་ཤིག་རེད། དུས་ཚོས་ཆུད་ཟོས་སུ་གཏོང་བ་ལས་འཆར་གཞི་ལྡན་པའི་སྒོ་ནས་སྤྲོ་འཆམ་ཕྱིན་ན་ཕན་ཐོགས་ཤིན་ཏུ་ཆེའོ། །
ཐེངས་ཤིག་ཡུལ་སྐོར་སྤྲོ་འཆམ་ཕྱིན་པ་དེ། །བདག་གི་མི་ཚེ་འདིའི་ནང་བརྗེད་ཐབས་བྲལ། །
ཕུན་སུམ་ཚོགས་པའི་ཉམས་མྱོང་དེ་ནས་རེག །སྣ་ཚོགས་ཤེས་བྱ་མ་ལུས་དེ་ནས་ཐོབ། །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་རང་ཉིད་གནས་མཆོག་རྡོ་རྗེ་གདན་དང༌། ཕོ་བྲང་ཏཱ་ཇི་མ་ཧལ། རྒྱལ་ས་ལྡི་ལི་བཅས་སུ་གནས་སྐོར་ལ་བསྐྱོད་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་བཀོད་དེ། གཞོན་སྐྱེས་རྣམས་དཔེ་དེབ་ཁོ་ན་ཙམ་མ་ཡིན་པར་སྤྱི་ཚོགས་དང་ཉམས་མྱོང་དངོས་ལ་འཇུག་རྒྱུ་གལ་ཆེ་ཚུལ་བསྟན་འདུག རྩོམ་ཡིག་གི་སྒྲིག་རིམ་ལེགས་ཤིང༌། ཚིག་སྦྱོར་སྙན་ཞིང་འབྱོར་བ། ཡིག་ནོར་ཉུང་བ་བཅས་ཀྱི་ཁྱད་ཆོས་ལྡན།
    རྩོམ་ཡིག་གི་འགོ་འཛུགས་སའི་དུམ་མཚམས་དང་པོ་དེར་ཕན་ནུས་དེ་ཙམ་མ་མཐོང་བས། མཇུག་མཐར་བཀོད་ན་མཇུག་བསྡུའི་སྡོམ་ཚིག་ལྟ་བུར་འགྲོ་བས་ལེགས་སམ་སྙམ། ཡུལ་དུ་མའི་མཐོང་ཐོས་བཀོད་པ་ལེགས་ཀྱང༌། མང་བ་ལས་གནད་དུ་འཁེལ་བ་གཅེས་པའི་བསླབ་བྱ་ཡིད་བཅངས་ཀྱིས་ཧུར་བརྩོན་ཡོང་བའི་རེ་འདུན་ཞུ།

མདུན་ཤོག

Menu