[toc]

བྱམས་བརྩེ་ཨ་མའི་བརྩེ་སེམས།(ཨང་དང་པོ)

བསོད་ནམས་ཆོས་སྒྲོན། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།

    མི་ཡུལ་དུ་བྱོན་པའི་མཁའ་འགྲོ་མ་སྟེ། བྱམས་ལྡན་གྱི་ཨ་མ་ལགས།
    “ཨ་མ་”ཞེས་པའི་ཚིག་འབྲུ་གཉིས་ཏེ། ཅི་འདྲའི་གཟི་བརྗིད་དང་དོན་སྙིང་ལྡན་པ་ཞིག་རེད་ཨང༌། སྐྱེ་བོ་ཀུན་གྱིས་ཐོས་འཛིན་བུ་གར་ཚིག་འབྲུ་དེ་ཐོས་མ་ཐག སེམས་ཀྱི་ཞིང་སར་བདེ་བའི་དྲོད་ལམ་ལམ་བསྐྱེད་པ་དང༌། ལོ་ལེགས་ཀྱི་མྱུ་གུ་ཡང་ཐོན། དེ་འདྲའི་དགའ་སྣང་སྐྱེ་དགོས་དོན་ནི། ཁོ་མོས་འཇིག་རྟེན་འདིའི་ཐོག་ཆེས་རླབས་ཆེན་གྱི་མཛད་རྗེས་བཞག་པས་ཡིན།
    དེ་ཡང༌། ཆེས་མུན་ནག ཆེས་འཇིགས་སུ་རུང་བའི་དམྱལ་ཁམས་ཁྲོད་ངས་ལོ་བརྒྱ་ཕྲག་ནས་བརྒྱ་ཕྲག་བར་གྲང་དམྱལ་བརྒྱད་དང་ཚ་དམྱལ་བརྒྱད་ནང་རེས་མོས་ཀྱིས་མྱོང་ཞིང༌། མཐར་ལས་སྨོན་བཟང་པོས་མི་ཡུལ་གྱི་ལྷ་མོ་སྟེ། “སྒྲོལ་མ་ཆོས་འཛོམས་”ཞེས་པའི་བུད་མེད་མཛངས་མ་ཞིག་གིས་ང་ལ་སྙིང་རྗེ་དང་བཅས་གཤིན་རྗེའི་ཡུལ་དུ་ལྟེ་ཐག་དཔྱངས་ནས་མི་ཡུལ་དུ་འཐེན་ཏེ། ཐེ་ཚོམ་དང་སུན་སྣང་སྤུ་ཙམ་མེད་པར་བྱམས་པ་དང་བརྩེ་བའི་སྒོ་ནས། ཆར་རླུང་གིས་མི་གནོད་ཅིང༌། ཧ་ཅང་དྲོད་ཁོལ་ལྡན་པའི་གྲོད་རིལ་ནང་དུ་ཟླ་བ་དགུའི་རིང་བརྩེ་བ་ཁོ་ནས་བསྐྱངས། ཟླ་བ་དགུའི་རིང་གུས་མོ་ནི་རྟག་ཏུ་དྲོད་སྐྱིད་ལྡན་པའི་གྲོད་རིལ་ནང་གཉིད་ཀྱི་ཞིང་སར་ཡུར་ནས། ཟླ་བ་དགུ་ནི་མིག་ཡུག་ཙམ་ལ་འདས།
    མི་རིང་བ་ཞིག་ལ་ཁོ་མོས་ང་ཁེར་རྐྱང་གི་འཚོ་བ་ཉོབ་སྣང་སྐྱེ་ཡོང་དགོངས་ཏེ། ཁོ་མོས་ན་ཟུག་ལ་མ་འཛེམས་པར། མཐར་སྤྱི་ལོ་༡༩༩༢ ལོའི་ཟླ་བ་༡༢ ཚེས་༡༣ ཉིན་ང་དངོས་སུ་གྲོད་རིལ་དེ་ནས་ཐོན་ཞིང༌། ཆེས་ཐོག་མའི་ལྟེ་ཁྲག་གི་རི་མོ་གངས་འདབས་སུ་བྲིས་ཤིང༌། དལ་འབྱོར་མི་ལུས་ཐོབ་པའི་དགའ་སྣང་གི་ངུ་སྐད་ཀྱང་ཐོག་མར་བསྒྲགས།
    དུས་དེ་ནས་བཟུང་ང་ནི་མི་ལུས་རིན་ཆེན་ཐོབ་པའི་མེ་ཏོག་ཆུང་ངུ་ཞིག་སྟེ། རྟག་ཏུ་བྱམས་ལྡན་ཨ་མའི་ནུ་ཞོ་ཁར་བཟུང་ནས་མངར་ཁ་ལྡན་པའི་རྩི་བཅུད་ལ་རོལ་ཞིང་འཚོ། མི་ཡུལ་གྱི་མཁའ་འགྲོ་མས་་་་་་་་་༌། རྟག་ཏུ་ངའི་འཕྲོད་བསྟེན་དང་འཚར་ལོངས་ཆེད་སྐྱག་གཅིན་ཡོངས་ལ་བཙོག་སྣང་མེད་པར་འཇམ་མཉེན་གྱི་ཕྱག་གཉིས་རེག་ནས་གཙང་མར་འཁྲུས། ད་དུང་ཟས་ཞིམ་པོ་དང་གོས་ལེགས་པོ། འཇམ་པོ་གང་ཡོད་ང་ལ་གཡོགས་ནས་ལྷ་ཡུལ་གྱི་བུ་མོ་མི་ཡུལ་དུ་བྱོན་པ་ལྟ་བུའི་བྱམས་པ་དང་བརྩེ་བའི་འོག་ནས་བསྐྱངས།
    དུས་ཚོད་ཀྱི་འགྱུར་ཁུག་ཁྲོད། ང་ནི་རིམ་བཞིན་འཚར་ལོངས་བྱུང་ནས། “ཨ་མ། ཨ་་་་་་ མ་་་་་” ཞེས་པའི་ཡིག་འབྲུ་གཉིས་དང་གོམ་པ་འཁྱར་འཁྱོར་སྤོ་འགོ་བརྩམས་དུས་ཁོ་མོ་དགའ་སྣང་གིས་མིག་ཟུང་གཉིས་ནས་མཆི་མ་མུ་ཏིག་གི་ཕྲེང་ཤེལ་ལྷུང་བ་དང་འདྲ་བར་དམར་མདངས་རྒྱས་པའི་མཁུར་ཚོས་ནས་བཞུར་འོང་་་་་་་༌།
    དེ་ལྟར་ཁོ་མོས་ངའི་ཆེད་དུ། ཉིན་མཚན་ཁོར་མོ་ཡུག་ལ་དཀའ་ངལ་མ་འཛེམས་པར་ལས་ལ་བརྩོན་ནས། མཐར་གུས་མོ་ཤེས་སྤྱོད་ལྡན་པ་ཞིག་ཏུ་འགྱུར་ཆེད། ལྷ་སའི་ཉེ་འགྲམ་དུ་ཡོད་པའི་སློབ་གྲྭར་བཏང༌། དེ་དུས་ཁོ་མོས་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ་ང་ལ་རོ་བཅུད་ལྡན་པའི་ཞལ་ལག་གྲ་སྒྲིག་གནང་བ་དང་ངའི་ཤེས་ཡོན་ཡར་རྒྱས་ཀྱི་སླད་དུ་ང་ལ་དཔེ་དེབ་དང་སྒྲུང་དེབ་སྣ་ཚོགས་ཉོས།
    དེ་བས་ཁོ་མོས་སོ་སོའི་རྒྱལ་ཁབ་དང༌། ཆོས། རིག་གཞུང༌། སྐད་ཡིག་སོགས་མི་ཉམས་གོང་འཕེལ་ཆེད། གུས་མོ་གནས་མཆོག་འཕགས་ཡུལ་དུ་བརྫངས་པ་བཞིན། ད་ཆ་གུས་མོ་རང་དགོས་ཤེས་བྱའི་ཀློང་དུ་བརྩོན་པ་དང༌། གནའ་དེང་ཤེས་ཡོན་གྱི་བྲོ་བ་མྱོང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་ཐོབ་ནས་རྨོངས་མུན་གྱི་ཁྲོད་ལག་ཉོབ་ཀྱིས་བསྐྱོད་མི་དགོས་ཙམ་བྱུང༌།
    མདོར་ན། ད་ཆ་གུས་མོ་གཤོག་ཟུང་རྒྱས་ནས་ནམ་མཁར་འཕུར་ཐུབ་པའི་ནུས་པ་དེ་རྣམས་མཁའ་འགྲོ་མ་ཁྱེད་ཀྱི་བརྩེ་སེམས་ཁོ་ནར་བརྟེན་ནས་བྱུང་བ་ལས། བུ་མོ་ངའི་གཟི་བརྗིད་དང༌། འཇོན་ཐང་ལ་བརྟེན་ནས་བྱུང་བ་ཞིག་ག་ལ་ཡིན། ཅི་སྟེ། མཁའ་འགྲོ་མ་ཁྱེད་མི་ཡུལ་འདིར་བྱོན་མེད་ཚེ། བུ་མོ་ང་ཕར་བཞག “བསོད་ནམས་ཆོས་སྒྲོན་” ཞེས་པའི་མིང་གི་ཐ་སྙད་དེ་ཡང་ངར་ག་ལ་ཐོབ།
    དེར་བརྟེན། མཁའ་འགྲོ་མ་སྟེ། སྒྲོལ་མ་ཆོས་འཛོམས་ལགས། མི་ཡུལ་ས་མཐར་ལུས་པའི་ཡུལ་གྱར་བ་ངས། ད་ལྟ་གཞི་ནས་ཁྱེད་ཀྱི་བརྩེ་སེམས་ཚོར།
    དེ་རིང་གི་གོ་སྐབས་བཟང་པོ་འདི་བཟུང་ནས། ཁྱེད་ལ་བསྔགས་བརྗོད་ཀྱི་མེ་ཏོག་གྲངས་མེད་གཏོར་བཞིན། སྙིང་ཁོང་རུས་པའི་གཏིང་ནས་”ཐུགས་རྗེ་ཆེ་”འམ་”བཀའ་དྲིན་ཆེ་”ཞེས་པའི་ཚིག་འབྲུ་གསུམ་མ་ཤི་བར་དུ་འདོན།
    དེ་བས་་་་་་་ ཇི་སྲིད་ང་གཤིན་རྗེའི་ཡུལ་དུ་མ་བསྐྱོད་བར། དེ་སྲིད་ངས་ཁྱེད་ཀྱི་བཀའ་དྲིན་འཇལ་ངེས་ཡིན།
    མ་ཡུམ་ལགས་ཁྱེད་ནི་ནམ་མཁའི་ལྷ་མོ་འདྲ།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་ནི་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་དེ་བྱམས་ལྡན་ཨ་མའི་རང་གཟུགས་བཀོད་འབྲི་བྱས་འདུག རྩོམ་ཡིག་གི་སྒྲིག་གཞི་འགོད་སྟངས་ལེགས་ཤིང་བྱུང་རིམ་ཞིབ་ཚགས་ལྡན། རྩོམ་འགོ་འཛུགས་སྟངས་དང་མཇུག་བསྡུ་སྟངས་ཀྱང་གང་ལེགས་བྱུང་འདུག་པའི་ཁར། ཚིག་སྦྱོར་ལེགས་ཤིང་ལྷུ་འགྲིག་ལ་སྙན་ཆ་ལྡན་པ་བཅས་ཀྱི་དགེ་མཚན་དུ་མ་མཆིས།
    རྩོམ་ཡིག་ནང་བྱམས་ལྡན་ཨ་མའི་རང་གཟུགས་བཀོད་འབྲི་བྱེད་སྐབས་རྒྱུ་ཆ་སྣ་མང་ཞིག་བདམས་པ་སྤྱིར་བཏང་ལེགས་ཀྱང༌། ཧ་ཅང་སེམས་འགུལ་ཐེབས་པའི་རྒྱུ་ཆ་ནུས་ལྡན་དེ་ཙམ་མི་འདུག་པའི་ཁར། ཚིག་ཕྲད་སོགས་དག་ཆ་ནོར་བ་གང་ཙམ་འདུག་པས་ཐུགས་སྣང་ཆེར་བསྐྱེད་ཀྱིས་འབད་བརྩོན་ཡོང་བར་ཞུ།

བྱམས་བརྩེ་ཨ་མའི་བརྩེ་སེམས།(ཨང་གཉིས་པ)

ཡུམ་སྐྱབས། སུ་ཇ་བོད་ཁྱིམ་སློབ་གྲྭ།

༄༅། །ན་མོ་གུ་རུ་ཛྙཱ་ན་ས་རཱ་ཡ།
མ་ལུས་རྒྱལ་བའི་མཁྱེན་རབ་གཅིག་བསྡུས་མི་ཡི་གཟུགས་སུ་རྣམ་རོལ་བ། །
ངུར་སྨྲིག་འཛིན་པ་བྱམས་བརྩེའི་བདག་ཉིད་འགྲོ་བ་འདྲེན་པའི་དེད་དཔོན་མཆོག།
ཐུགས་རྗེ་ལྕགས་ཀྱུས་ཡལ་བར་མ་གཏོང་འཁོར་བའི་མཚོ་ཆེན་མ་སྒྲོལ་བར།།
འདི་དང་ཕྱི་མའི་སྐྱབས་སུ་བསྟེན་ནོ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།
ཤར་གྱི་དགྲ་བོའི་སྒྱོགས་ཆེན་ལྡིར་ནས་རང་ཡུལ་རྩ་བརླག་གཏོང་དུས་སུ། །
སྐྱེས་ཆེན་ཕྱག་ཟུང་ལྕཌ་ཀྱིས་བསྡམས་ནས་མུན་པའི་དོང་ལ་བརྫངས་དུས་སུ།།
ཁྱེད་ཀྱིས་རིགས་སྐྱོབ་དཔའ་སྐད་བསྒྲགས་པས་ཀླ་ཀློའི་སྙིང་རྩ་འདར་བར་བྱས།།
ང་ཡི་སྐྱབས་མཆོག་པཎ་ཆེན་བཅུ་པ་མི་འགྱུར་སྤྱི་བོའི་རྒྱན་དུ་བཀུར། །

དང་པོ། ཨ་མའི་གསུང་གི་བྱམས་བརྩེ་གླེང་བ།

    ང་ཚོ་འཇིག་རྟེན་འདིར་སྐྱེས་པའི་སྐྱེ་འགྲོ་ཡོད་ཚད་མ་ལས་སྐྱེས་ཤིང༌། ཨ་མའི་བྱམས་བརྩེའི་འོག་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པ་སྨྲ་མི་དགོས་པའི་གནས་ཡིན་མོད། འདིར་ཨ་མའི་བྱམས་བརྩེའི་རིན་ཐང་རྒྱ་མཚོ་ལས་གཏིང་ཟབ་པའི་ངོས་ནས་ཆུ་ཐིགས་ཙམ་ཞིག་ཁོ་བོས་བྲི་བར་བྱའོ། །
    ང་ཚོ་འཁོར་བར་སྐྱེས་པའི་རྒྱུན་མ་ཆད་པར་ཐོག་མར་འཇིག་རྟེན་འདིར་སྐྱེས་མ་ཐག་ང་ཚོ་ལ་བྱམས་པ་དང༌། བརྩེ་བ། ལྷག་བསམ་སོགས་རག་པའི་ཡུལ་དེ་རང་ལས་བུ་གལ་ཆེན་དུ་བརྩི་བའི་ཨ་མ་ཁོ་ནའོ། །ང་ཚོ་འཇིག་རྟེན་འདིར་སྐྱེས་ནས་མིག་རྡེབ་ཙམ་བྱེད་ཐུབ་པའི་ཉིན་ནས་བཟུང་ཨ་མས་ང་ཚོ་ལ་ངག་འཇམ་ལ་བརྩེ་བ་དང༌། རེ་བ། བྱམས་བརྩེ་སོགས་ཀྱིས་ཕྱུག་པའི་གསུང་ཁོ་ནས་ཁྱེད་རང་དགའ་བར་བྱེད་པར་བྲེལ་ཞིང༌། དེ་ལས་ཁྱེད་ཀྱི་གདོང་ནས་འཛུམ་ཙམ་མཐོང་མ་ཐག ཨ་མ་སྤྲོ་བ་བརྒྱ་ཕྲག་དུ་མས་མྱོས་ཏེ་ངལ་བ་སོགས་ཡོངས་སུ་དོར་ནས་མུ་མཐུད་དུ་ཁྱེད་ཀྱི་གདོང་ནས་འཛུམ་མདངས་མཐོང་བར་ཡང་ནས་བསྐྱར་དུ་འབད། ཁྱེད་རང་ནར་སོན་ཞིང་འགྲོ་འདུག་གི་གོམ་པ་སྤོ་ཤེས་པ་ཙམ་ནས་ཨ་མས་ཁྱེད་ལ་རྟག་པར་”ཚེ་རིང་ལོ་བརྒྱ་”ཞེས་ཉིན་ཞག་སུམ་བརྒྱ་དྲུག་ཅུར་བཀྲ་ཤིས་པའི་ཁ་གཡང་ཁོ་ནས་དགའ་འབོད་བྱེད།
    ནམ་ཞིག་ཁྱེད་རང་ཨ་མ་ལས་ཅུང་ཙམ་རིང་དུ་སོང་མ་ཐག་ཨ་མས་ཁྱེད་ལ་བར་ཆད་དང་མི་འདོད་པའི་རྐྱེན་གང་ཡང་མི་འབྱུང་བའི་སྨོན་ལམ་ཤབ་ཤུབ་ཏུ་འདེབས་བཞིན་ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་ལ་ཁྱེད་རང་བདེ་འཚམས་ཡིན་པའི་སྐད་ཆ་འདྲི། འདི་ནི་ཁྱེད་རང་ཨ་མའི་པང་དུ་སྐྱེས་པ་ནས་བཟུང་ཨ་མས་ཁྱེད་ལ་བྱམས་ཀྱིས་སྐྱོང་ཚུལ་གྱི་གསུང་དབྱངས་དྲུག་ཅུའི་གདངས་རེད། ཤེས་སོང་ངམ། ཨ་མའི་གཅེས་པའི་བུ་ལོ།

གཉིས་པ། ཨ་མའི་ཐུགས་ཀྱི་བྱམས་བརྩེ་གླེང་བ།

     ཁྱོད་རང་ཨ་མའི་གམ་དུ་མེད་དུས་ཨ་མའི་སེམས་ཁོང་སྟོང་པ་ཡིན་ལ། ཨ་མའི་སེམས་ཁོང་དུ་ཅི་ཞིག་མ་ཚང་བ་ལྟ་བུའི་ཚོར་བ་ལྗིད་པོ་ཞིག་ཡོད། ཨ་མས་ཁྱེད་རང་བསམ་བཞིན་མཚན་མོ་གཉིད་མི་འོང་ལ། ཉིན་མོ་ཟས་མི་དྲན། ཨ་མའི་ཐུགས་ན་ཁྱེད་རང་འཇིག་རྟེན་འདིར་རྙེད་པར་དཀའ་བའི་ནོར་བུ་ཞིག་ལག་ཏུ་སོན་པ་ལྟ་བུའི་སྤྲོ་བས་བརྟས་ཡོད། ཁྱོད་ཡོད་པས་ཨ་མས་དཀའ་ངལ་ཅན་གྱི་ལས་གང་ཞིག་ལ་གཞོལ་ཡང་དཀའ་སྣང་དང་སྡུག་སྣང༌། སྐྱོ་སྣང་སོགས་ཅི་ཡང་མེད། གལ་ཏེ་ཨ་མས་ཁྱེད་ལ་བཅངས་པའི་བྲང་ཁོག་གི་བརྩེ་བ་དེ་མཐོང་བ་ཞིག་ཡིན་པའི་དབང་དུ་བཏང་ན། ཨ་མའི་སེམས་ཁོང་དུ་ཁྱེད་ཀྱི་འཛུམ་མདངས། ཁྱེད་ཀྱི་བྱ་སྤྱོད། ཁྱེད་ཀྱི་གོམ་འགྲོས་སོགས། ཐ་ན་ཁྱེད་མགོའི་སྐྲའི་ཉག་མ་རེ་རེ་ཨ་མའི་སེམས་ཁོང་དུ་ཆད་ལྷག་མེད་པར་ཡོད། ཨ་མའི་སེམས་ཁོང་དུ་ཁྱེད་རང་མ་འོངས་པ་ན་ཡ་རབས་དང་སྤྱོད་བཟང་སོགས་སྤྱི་ཚོགས་ཀྱི་རྒྱན་དུ་འགྱུར་བའི་རེ་བ་དང་སྙིང་སྟོབས་སོགས་ཀྱིས་ཁེངས་ཡོད།
    “ཨ་སྐྱེས་མ་བླངས་ན། མ་སྡུག་མི་ཤེས།” ཞེས་པའི་དཔེ་ལྟར་ཨ་མའི་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་ཁྱེད་རང་ཨ་མའི་སེམས་ཁོང་ནས་སྐད་ཅིག་ཙམ་ལ་བོར་དུ་མེད། མདོར་ན་ཨ་མའི་སེམས་པ་ཁྱེད་ཉིད་ཁོ་ནའི་ཆེད་དུ་འཕར་ལྡིང་བྱེད་ཀྱི་ཡོད་ལ། ཁྱེད་ཀྱི་ཆེད་ཨ་མས་སེམས་སྡུག་རབ་དང་རིམ་པ་མྱོང་གིན་ཡོད། ཁྱེད་གར་སོང་གར་འདུག་གི་གཡོ་འགུལ་ཁྲོད་ཨ་མའི་སེམས་པ་ཁྱེད་དང་མཉམ་དུ་ཡོད། ཤེས་སོང་ངམ། ཨ་མའི་གཅེས་པའི་བུ་ལོ།

གསུམ་པ། ཨ་མའི་ལུས་ཀྱི་བྱམས་བརྩེ་གླེང་བ།

     ཁ་ཆེ་ཕ་ལུ་ཡིས། ནུ་ཞོ་ཁ་ལ་སྦྱར་ཀྱང་འཐུང་མི་ཤེས། །རྐང་པ་ཡོད་ཀྱང་གོམ་པ་སྤོ་མི་ཤེས། །མིག་གཉིས་ཡོད་ཀྱང་བསམ་རྒྱུ་མ་ལས་མེད། །ངོ་ལ་འཁོར་བའི་སྦྲང་མ་དཀྲོག་མི་ཤེས། །མིག་ལ་འཚང་བའི་ཐལ་བ་འདོན་མི་ཤེས། །ཞེས་གསུངས་པའི་དུས་སྐབས་དེ་ནས་ཨ་མས་ཁྱེད་ལ་ཟས་གང་ཞིམ་དང༌། གོས་གང་བཟང་གཡོགས་ནས་བྱམས་པས་བསྐྱངས་ཤིང་བརྩེ་བས་གཉོར་བ་རེད། དང་ཐོག་ཁྱེད་རང་ཨ་མའི་མངལ་དུ་ཡོད་དུས་ནས་ཨ་མས་དཀའ་སྡུག་གི་སྣང་བ་རྒྱབ་ཏུ་བསྐྱུར་ནས་ཁྱེད་ཀྱི་ཆེད་དུ་འཚོ་བ་དང་གནས་མལ་བཟང་པོ་ཞིག་རག་པར་འབད་བརྩོན་བྱས། ཁྱེད་རང་ཨ་མའི་མངལ་ནས་འཇིག་རྟེན་འདིར་ཐོན་པ་ནས་བཟུང་ཨ་མས་ཁྱེད་རང་གར་འགྲོ་མིག་གིས་འཚོས་ཤིང་གར་འདུག་ལག་པས་སྐྱོར་ནས་ཁྱེད་རང་རིམ་བཞིན་ནར་སོན་པར་བྱས། ཁྱེད་རང་ལྟོགས་དུས་དང༌། སྐོམ་དུས། གྲང་དུས། ན་དུས་སོགས་ཁྱེད་ཀྱི་ངུ་སྐད་ཀྱིས་རྣ་བ་འོན་པར་བྱེད་ཀྱང་ཨ་མ་དེ་ལ་སུན་སྣང་ཙམ་ཡང་མི་སྐྱེས་པར་ཁྱེད་རང་བདེ་ས་ཞིག་དང་འཇམ་ས་ཞིག་ཏུ་སྐྱེལ་བར་ལེ་དབར་སྟོང་ཕྲག་རྐང་འགྲོས་བྱེད་དགོས་ཀྱང་ངལ་བ་མེད། ཁྱེད་རང་ཨ་མ་ལས་སྐྱེས་པའི་ཉིན་ནས་བཟུང་ཨ་མའི་ལུས་ཀྱི་ཆ་ཤས་རེ་རེ་ཁྱེད་ཁོ་ནའི་ཆེད་དུ་ཟད་ཀྱིན་ཡོད། གལ་ཏེ་ཨ་མས་ཁྱེད་ཀྱི་ཆེད་དུ་བརྩོན་པ་ལྟ་བུའི་ཟུངས་ཤུགས་དེ་འཇིག་རྟེན་འདིར་བྱ་དངོས་གང་ཞིག་བསྐྲུན་པར་ཕུལ་ཡོད་ན་བྱ་དངོས་ཅི་ཞིག་གིས་ཀྱང་འཇལ་ཐབས་བྲལ་བའི་ཤུལ་རྗེས་ཤིག་མཐོག་རྒྱུ་ལོས་ཡོད། ཨ་མས་ཁྱེད་ཀྱི་ལང་ཚོ་བསམ་བཞིན་མོ་རང་ས་འདམ་དང་ལྕི་འདམ་ཁྲོད་འགྱེལ་བ་གྲངས་ཀྱིས་མི་ལང་ལ། ཨ་མས་ཁྱེད་ཀྱི་བདེ་སྡུག་གི་གནས་སྟངས་བསམ་ཞོར་མིག་ཆུ་བཏང་བ་ཡང་བརྗོད་ཀྱིས་ག་ལ་ལང༌། བུ་ཆུང་ལགས། ཨ་མ་ནི་ཁྱེད་རང་འཇིག་རྟེན་འཚོ་བར་བྱེད་མཁན་གྱི་སྲོག་སྦྱིན་ཡིན། ཤེས་སོང་ངམ། ཨ་མའི་གཅེས་པའི་བུ་ལོ།

ཟླ་དགུ་ཞག་བཅུ་ལུས་ལ་འཁུར་བའི་བྱམས་ལྡན་ཨ་མ་དྲིན་མོ་ཆེ། །
འགྲོ་འདུག་གོམ་ཁ་མིག་གིས་འཚོས་པའི་ངལ་མེད་ཨ་མ་དྲིན་མོ་ཆེ། །
བུ་དང་རང་ཉིད་བརྗེ་བར་ཕོད་པའི་འགྱོད་མེད་ཨ་མ་དྲིན་མོ་ཆེ། །
བསམ་ཞིང་དྲན་ན་ཨ་མའི་བྱམས་བརྩེ་འཇིག་རྟེན་འདི་ན་ཟླ་དང་བྲལ། །

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་རྒྱུ་ཆ་བདམས་གསེས་བྱེད་ཚུལ་དང་སྒྲིག་གཞི་ལེགས་ཤིང༌། ཚིག་གི་སྡེབ་སྦྱོར་འབྲེལ་ཆགས་ཤིང་སྙན་ཆ་ལྡན། དག་ཆ་ནོར་བ་རེ་ཟུང་ཙམ་ལས་བཀོད་འབྲི་ཞིབ་ཚགས་ལྡན་པ་བྱུང་འདུག་པས། ད་དུང་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ན་རྩོམ་འབྲིའི་ནུས་རྩལ་གོང་མཐོར་འགྲོ་ངེས་སྙམ།

བྱམས་ལྡན་ཨ་མའི་བརྩེ་སེམས།(ཨང་གསུམ་པ)

 ནོར་བུ་ཚེ་རིང༌། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།

    ང་ལའང་བྱིས་པ་ཕལ་མོ་ཆེ་དང་འདྲ་བར་རང་ལ་བརྩེ་དུང་གིས་ཀུན་ནས་ཕྱུག་པའི་མ་ཡུམ་ཞིག་ཡོད། ནམ་རྒྱུན་ང་རང་དགའ་སྐྱོ་ཡི་གནས་སྐབས་གང་འདྲ་ཞིག་ལ་ཐུག་ཀྱང་བྱམས་ལྡན་སྐྱེད་མའི་ཞལ་རས་དེ་ཡིད་ལ་གསལ་གྱི་ལེར་ཤར་བ་དང༌། ཁོང་གི་དཔྲལ་བའི་དཀྱིལ་ལ་ཡོད་པའི་སྨེ་བ་ལྗང་ཁུ་དེའང་ཝ་ལེར་གསལ་འོང༌། དོན་དམ་པར་ངའི་མ་ཡུམ་ནི་ཤེས་བྱའི་མཁྱེན་རྒྱ་ཡངས་ཤིང་རྒྱུ་ནོར་ཕུན་སུམ་ཚོགས་པ་ལྡན་པའི་ཨ་མ་ཞིག་མིན་ཡང༌། ཁོང་ལ་ཞི་དུལ་གྱི་གཤིས་རྒྱུད་བཟང་པོ་ཞིག་ལྡན་ཞིང༌། རང་ཁྱིམ་གྱི་ནང་ལས་ལྟ་ཅི་རྒྱལ་ཁབ་ཀྱི་རྩ་དོན་ལའང་གཞོལ་ཆེ་བ་དང༌། ལྷག་པར་དུ་ཁོང་ལ་རང་གི་བུ་ཕྲུག་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་བརྩེ་སེམས་ཤིག་ཡོད།
    ཕྱིར་འདང་ཞིག་བརྒྱབ་ན། ང་རང་བྱིས་པ་སྣབས་ལུག་གི་སྐབས་སུ་བསམ་མ་ཤེས་པར་གྲོང་པ་ཁྱིམ་མཚེས་ཀྱི་ནང་དུ་བསམ་བཞིན་རྐུ་རྒྱག་ཏུ་སོང༌། རྐུན་མ་བརྐུས་ནས་རིང་པོ་མ་ཐོགས་པར་ང་རང་ལ་”ཇག་པ་ཆུང་ཆུང་”ཞེས་པའི་མིང་འདོགས་ཤིག་རག་ཅིང༌། ཁྱིམ་མཚེས་ཀྱི་གནས་མོས་ཞེ་སྡང་གི་མཛུབ་མོ་ངའི་གདོང་དུ་བཙུགས་བྱུང༌། དེ་དུས་ང་རང་ལོ་ན་ཧ་ཅང་ཕྲ་ནའང་སེམས་ལ་རང་བཞིན་གྱིས་ནོངས་འགྱོད་ཆེན་པོ་ཞིག་སྐྱེས། གང་ལགས་ཤེ་ན། ངའི་ཨ་མས་གནས་ཚུལ་དེ་གསལ་བོར་མཐོང་རྗེས་མིག་མཐར་མཆི་མས་བརླན་ནས་ང་རང་ནང་ལ་བཅུག་ནས་རྡུང་བར་བརྩམས་མོད། འོན་ཀྱང་ཁོང་གིས་ང་ལ་འགྲམ་ལྕག་གཅིག་ཀྱང་གཞུས་མ་ནུས་པར་རང་སར་ངུས་སོང༌། ད་ལྟ་གནས་ཚུལ་དེ་དྲན་འཛིན་དུ་འཆར་སྐབས་སྐྱོ་ལྷང་ལྷང་གི་ཚོར་སྣང་ཞིག་དང༌། ཨ་མས་ང་ལ་བཅངས་པའི་བརྩེ་སེམས་དེའང་ལྷང་ངེར་དྲན་ཡོང༌། དོན་ངོ་མར་ཁོང་གིས་ང་ལ་གཞུས་བསམ་པ་གཏན་ནས་མེད།
    ང་རང་རྒྱུན་ལྡན་གྱི་སློབ་གྲྭར་འགྲོ་རིམ་བཞིན་ཁོང་གིས་ཞོགས་པ་སྔ་མོ་ལངས་ཏེ་ཧུར་བརྩོན་ཆེན་པོས་ནང་ལས་མཐའ་དག་གནང་སྟེ་ང་རང་སློབ་གྲྭར་བསྐྱལ། སློབ་གྲྭ་གྲོལ་རྗེས་ང་ཁོང་གི་སྒལ་སྟེང་དུ་བཞོན་ནས་ཉིན་དེར་རྒན་ལགས་ཀྱིས་སློབ་ཁྲིད་གང་བྱས་པ་རྣམས་ཁོང་གི་རྣ་བ་ཚ་ཚ་བར་བཤད་ཀྱི་ཡོད། ཁོང་གིས་ད་དུང་འཛུམ་མདངས་དང་བཅས་ཏེ་ང་ལ་འོ་ཞིམ་པོ་བསྐྱལ་བར་བྱེད།
    ཆུང་དུས་སུ་ང་རང་ལ་དེ་འདྲའི་གནས་ཚུལ་མང་པོ་ཞིག་བྱུང་མྱོང་མོད། ད་ལྟ་ང་རང་ལང་ཚོ་དར་བབ་ཀྱི་གཞོན་ནུ་ཞིག་ཡིན་པས་དྲིན་ཅན་གང་གི་སྐྲ་དཀར་གྱི་ཉག་མ་རེ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་མཐོང་དུས་སྙིང་ལ་བསྲན་མ་ཚུགས་པའི་ན་ཟུག་བསྐྱེད་ཅིང༌། ད་དུང་བོད་རང་བཙན་གྱི་ལས་འགུལ་གང་ལའང་ཁོང་ལྷག་བསམ་རྣམ་དག་གིས་སེམས་ཁྲལ་ལྕི་མོ་ཞིག་རྟག་ཏུ་ཡོད་མྱོང་ཨང༌། ཁོང་ད་ལྟ་ལོ་ན་ལྔ་བཅུའི་གྲངས་སྣེ་བརྒལ་ཟིན། མི་ཞིག་ལ་མཚོན་ན་ལོ་གྲངས་མཐོན་པོ་དེར་འཆི་བདག་གི་བཀའ་ཡིག་ཕབ་རན་ཡིན། ངའི་ཉམ་ཆུང་གི་ཨ་མ་རྒན་མོ་དེས་ང་ལ་གནང་བའི་བྱམས་བརྩེ་ཡོད་ཚད་བསྣམས་ནས་ཕེབས་སོང་ན། ངའི་སེམས་ཁོང་གི་འཇིག་རྟེན་དེའི་སྣོད་བཅུད་ཐམས་ཅད་སྟོང་འགྲོ།
    བྱམས་ལྡན་གྱི་སྐྱེད་མ། ཁྱེད་ད་ལྟ་འཚོ་གཞེས་ཀྱི་སྐབས་འདིར་ངས་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ཁྱེད་ལ་སྐྱིད་སྣང་ཞིག་ཨེ་ཡོང་བལྟ། ངས་འཇོན་ཐང་ཆེན་པོས་ཁྱེད་ཀྱི་སེམས་ནང་བག་ཏུ་ཉལ་བའི་གཅེས་ཕྲུག་བཟང་པོ་ཞིག་ཨེ་འཁྱོངས་བལྟ། ངའི་མི་ཚེ་ཧྲིལ་པོའི་མཐར་ཐུག་གི་དམིགས་བྱ་མ་ཁྱེད་ཀྱི་རྒྱ་མཚོ་ལྟར་ཟབ་པའི་དྲིན་དེ་འཇལ་ཕྱིར་ཡིན་པས། ཁྱེད་ཀྱིས་ནམ་རྒྱུན་མ་ཎི་ཡིག་དྲུག་གི་དབྱངས་རྟ་འགུགས་བཞིན། ཐང་དཀར་རྒོད་པོའི་བང་རྩལ་ལ་འགྲན་པའི་བུ་ཕྲུག་ངའི་གཤོག་འགྱུར་རྩེན་པ་ལ་གཟིགས་པར་ཞུ། ཁྱེད་ཀྱིས་མགྱོགས་མྱུར་བྱ་ངང་ངུར་འཕུར་ལྡིང་བྱེད་པ་དང༌། འབྲོག་ཡུལ་གྱི་མཐིང་སྨུག་སྦྲ་ཆུང་མཐོང་ཐུབ་ཅིང༌། ཁྲི་ཤོར་རྒྱལ་མོའི་རླབས་རིས་དང་མ་ཕམ་གཡུ་མཚོའི་དྭངས་གཙང་སོགས་མངོན་སུམ་དུ་མིག་ལམ་དུ་འཆར་ངེས།
    དེ་ནི་བུ་ཕྲུག་གི་ལྷག་བསམ་ཡིན། ལྷག་བསམ་དེ་ཁྱེད་ཀྱིས་ཆུང་སྤར་མོ་གང་ནས་གསོས་པའི་བུ་ཕྲུག་ངའི་བརྩེ་དུང་གསོན་པོ་རེད།
    བྱམས་ལྡན་གྱི་སྐྱེད་མ་ལགས། ད་ལྟ་ཁྱེད་ཀྱི་མཛེས་པའི་ལང་ཚོ་གཉེར་མས་གཡོགས་ཟིན་ནའང༌། ངའི་སེམས་ཁོང་ན་མེ་ཏོག་སེར་ཆེན་བཞིན་བཀྲ་ཞིང༌། རང་དབང་མེད་པར་དྲན་གདུང་གི་མིག་ཆུ་སེམས་ཁོང་དུ་བཞུར། ཨ་མ་ལགས། བཀའ་དྲིན་ཆེ།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་བྱ་བའི་བྱུང་རིམ་དང་བཀོད་འབྲི་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ་བྱམས་ལྡན་ཨ་མའི་སྣང་བརྙན་འབྲི་བཞེངས་བྱས་འདུག རྩོམ་ཡིག་གི་སྒྲིག་རིམ་སྤྱི་དང་ཁྱད་པར་རྩོམ་གཞིའི་རྒྱུ་ཆ་བདམས་གསེས་དང་བེད་སྤྱོད་ལེགས་ཤིང༌། རྩོམ་ཡིག་གི་འགོར་བརྗོད་གཞིའི་མི་སྣ་གཙོ་བོ་ཐད་ཀར་ངོ་སྤྲོད་ཀྱི་ཚུལ་དུ་འགོ་བཙུགས་ཏེ། བྱམས་ལྡན་ཨ་མའི་གཟུགས་བརྙན་དང་གཤིས་རྒྱུད་བཀོད་འབྲི་བྱས་འདུག ཚིག་སྦྱོར་གྲིམ་ཞིང་སྙན་ལ་བརྗོད་བྱ་འབྲེལ་ཆགས་པ། མི་སྣའི་གཟུགས་བརྙན་སྐྲུན་སྟངས་ཀྱི་ཐབས་རྩལ་དུ་མ་སྤྱད་འདུག་པ་བཅས་ལེགས་ཆ་དུ་མ་སྣང༌།
    རྩོམ་ཡིག་ནང་ཡིག་ནོར་ཁ་ཤས་བྱུང་ཞིང་ལྷག་པར་བྱེད་འབྲེལ་གྱི་སྒྲ་ནོར་བ་གང་ཙམ་འདུག་པས་ཕྱིས་སུ་ཐུགས་སྣང་བགྱིས་པའི་ཐོག ཕུལ་བྱུང་གི་རྩོམ་ཡིག་གང་མང་བལྟ་ཀློག་གནང་ན་རྩོམ་པ་པོ་ཚད་ལྡན་ཞིག་ཡོང་བའི་རེ་བ་མཐོང༌།

མདུན་ཤོག

Menu