[toc]

ཅ་ཡི་སྡེ་ཚན།

ཅན། གཟུགས་མི་འགྱུར་བའི་བྱ་ཚིག
          བྱེད་མེད། ཡོད་པའམ་ལྡན་པའི་དོན། སེམས་ཅན། གཟུགས་ཅན། ཡོན་ཏན་ཅན་ལྟ་བུའོ།།
) བཅགས། ༢) གཅགས། ༣) འཇགས། ༤) ཆོགས།
          བྱེད་འབྲེལ། ཡིད་ལ་བཞག་པའི་དོན། ཐུགས་ལ་བཅགས་ཏེ། ཐུགས་ལ་འཇགས་བཞིན། དགོངས་འཇགས་འཚལ། ཡིད་ལ་ཆོགས་ཤིག་ལྟ་བུའོ།།
) བཅག ༢) གཅག ༣) གཅོག ༤) ཆོགས།
          བྱེད་འབྲེལ། བཀའ་བཅག་པ་ནི་བཀའ་ལ་མི་བརྩི་བའི་དོན་དང༌། འགྲོ་གྲོན་བཅག་ནི་ཉུང་དུ་གཏོང་བའི་དོན། དཀར་ཡོལ་གཅོག་མཁན། རྡོ་གཅག་རྒྱུ། བཅག་ནས་ལྟ་བུའོ།།
) བཅད། ༢) གཅད། ༣) གཅོད། ༤) ཆོད།
          བྱེད་འབྲེལ། དུམ་བུར་གཏུབ་པའི་དོན། ཤིང་གཅོད་མཁན། གཅད་བྱ། བཅད་དེ། ཐག་པ་བཅད། འབྲེལ་བ་བཅད། བར་དུ་གཅོད། རྩད་གཅོད། མ་ཆད་ན་ཆོད་ཅིག་ལྟ་བུའོ།།
) བཅངས། ༢) བཅང༌། ༣) འཆང༌། ༤) ཆོངས།
          བྱེད་འབྲེལ། བཟུང་བའི་དོན། ལག་པས་བཅངས། རྡོ་རྗེ་འཆང༌། སྙིང་དུ་བཅང་དགོས། འཆང་མཁན་ལ་ཆོངས་ཤིག་ལྟ་བུ་དང༌། ཆང་ནི་འཐུང་བྱེད་དང༌། ཆངས་པུ་ནི་ཟན་གྱི་ཆངས་བུ་ལ་ཟེར་རོ།།
) བཅབས། ༢) བཅབ། ༣) འཆབ། ༤) ཆོབས།
          བྱེད་འབྲེལ། ཉེས་པ་སོགས་སྦས་པའི་དོན། མི་བཅབ་བོ་འཆགས་སོ། མི་འཆབ་བོ་མི་སྦེད་དོ་ལྟ་བུ་གཞན་ལ་གསང་སྟེ་མ་བཤད་པའི་དོན།
) བཅར། ༢) གཅར། ༣) གཅར། ༤) གཅོར།
          བྱེད་འབྲེལ། མདུན་དུ་གཏུགས་པའི་དོན། སྐུ་མདུན་དུ་བཅར། གཅར་དགོས། གཅར་མཁན། གཅར་བཞིན། བཅར་ནས་ལྟ་བུའོ།།
) བཅས། ༢) བཅའ། ༣) འཆའ། ༤) ཆོས།
          བྱེད་འབྲེལ། ཁྲིམས་སོགས་བཟོ་བའི་དོན། ཁྲིམས་བཅའ། བཅའ་ཁྲིམས། ཚང་བཅའ། འཆའ་བཞིན་པ། བཅས་ནས་ལྟ་བུ་དང༌། བཅའ་སྡོད། བཟའ་བཅའ། ལྷག་བཅས། བཅས་པའི་སྡིག་པ་ལྟ་བུ་ཡོད་དོ།།
བཅས། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ལྡན་པའི་དོན། ཕྱག་དང་བཅས། བོད་དང་བོད་མི་བཅས་པ་ལྟ་བུའོ།།
) གཅིས། ༢) གཅི། ༣) གཅི། ༤) གཅིས།
          བྱེད་འབྲེལ། བཤང་གཅི་འདོར་བའི་དོན། གཅིན་པ་གཅིས། བཙོག་པ་གཅི་བཞིན། གཅིས་ནས་ལྟ་བུའོ།།
) གཅུས། ༢) གཅུ། ༣) གཅུ། ༤) གཅུས།
          བྱེད་འབྲེལ། བསྐོར་ནས་འཁྱོག་འཇུག་པའི་དོན། ལག་པ་གཅུས་ནས། སྐེ་གཅུས། གྱོན་ཆས་གཅུས་ནས་ཆུ་བཙིར། གཅུ་གཟེར་གཅུས་ནས་དམ་དུ་བཏང་ལྟ་བུའོ།།
) བཅུན། ༢) གཅུན། ༣) འཇུན། ༤) ཆུན།
          བྱེད་འབྲེལ། བཀོད་འདོམས་ཀྱིས་ཉན་དུ་འཇུག་པའི་དོན། རྟ་ཕོ་སྲབ་ཀྱིས་བཅུན། བུ་ཕྲུག་ཕ་མས་བཅུན། འཛུན་མཁན། གཅུན་བྱ། བཅུན་ཏེ་ལྟ་བུའོ།།
) བཅུར། ༢) གཅུར། ༣) འཇུར། ༤) ཆུར།
          བྱེད་འབྲེལ། བཙིར་བའི་དོན། ལྕགས་སྐུད་འདྲེན་མིག་ཏུ་བཅུར་ནས་ཕྲ་རུ་སོང༌། བྲག་བར་བཅུར། ཉམས་ཆུང་ལ་བཅུར་མི་ཉན། བཅུར་བ། བཙིར་བ། འཚིར་བ་བཅས་དོན་འདྲའོ།།
གཅེས།(གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། ཤ་ཚ་བྱེད་པའི་དོན། མ་ཡིས་བུ་ལ་གཅེས། རྒྱལ་གཅེས། གཅེས་སྐྱོང༌། གཅེས་སྤྲས། གཅེས་འཛིན་ལྟ་བུའོ།།
) བཅིངས། ༢) བཅིང༌། ༣) འཆིང༌། ༤) ཆིངས།
          བྱེད་འབྲེལ། བསྡམས་པའི་དོན། སྐ་རགས་འཆིང་བཞིན། སྤར་མོ་བཅིང་དགོས། བཅིངས་ནས། ཆིངས་ཤིག་ལྟ་བུ་དང༌། བཅིངས་བཀྲོལ། ཡང་ཆིངས་ཡིག་ལྟ་བུ་ཡོད།
) བཅིབས། ༢) བཅིབ། ༣) འཆིབ། ༤) ཆིབས།
          བྱེད་འབྲེལ། རྟ་སོགས་བཞོན་པའི་དོན། ཆིབས་རྟ་བཅིབས་ཏེ། འཆིབ་བཞིན། བཅིབ་བྱའི་རྟ་ལ་ཆིབས་ཤིག་ལྟ་བུའོ།།
) བཅུས། ༢) བཅུ། ༣) འཆུ། ༤) ཆུས།
          བྱེད་འབྲེལ། ཆུ་སོགས་སྣོད་དུ་ལེན་པའི་དོན། ཆུ་བཅུས་ཏེ། འཆུ་མཁན། བཅུ་བྱའི་ཆུ། སྣོད་ནས་ཇ་བཅུས་ནས་ཕུལ་ལྟ་བུའོ། །
) བཅེར། ༢) བཅེར། ༣) ཅེར། ༤) ཅེར།
          བྱེད་འབྲེལ། སྤུངས་པའི་བརྡ་རྙིང༌། ཤ་རུས་བཅེར་ཏུ་བཀྲམས་ལྟ་བུའོ།།
) བཅོས། ༢) བཅོས། ༣) འཆོས། ༤) ཆོས།
          བྱེད་འབྲེལ། བཟོ་བའི་དོན། བསྐྱར་བཅོས། བཟོ་བཅོས། འཆོས་མཁན། བཅོས་བྱ། བཅོས་ནས་ལྟ་བུའོ།།
) བཅོམ། ༢) གཞོམ། ༣) འཇོམས། ༤) ཆོམས།
          བྱེད་འབྲེལ། མེད་པར་བཏང་བའི་དོན། དགྲ་བཅོམ། གཞོམ་བྱའི་དགྲ་འཇོམས་མཁན་གྱིས་ཆོམས་ཤིག ཉོན་མོངས་འཇོམས་ལྟ་བུའོ།།
) བཅོལ། ༢) བཅོལ། ༣) འཆོལ། ༤) འཆོལ།
          བྱེད་འབྲེལ། བློས་འགེལ་བའི་དོན། སྐྱབས་བཅོལ། འཕྲིན་ལས་བཅོལ། དངུལ་བཅོལ་ལྟ་བུ་དང༌། རིག་པ་འཆོལ་བ། འཆོལ་གཏམ་ལྟ་བུ་ཡོད་དོ། །བཅོལ་བ་དང་འཆོལ་བ་དུས་ཕྱེ་འདུག་ཀྱང་ཅ་ལག་འཆོལ་བ་ཡོད་མེད་དང༌། རིག་པ་བཅོལ་བ་ཡོད་མེད་དཔྱད་དགོས།
ལྕིགས་པ། (གཟུགས་མི་འགྱུར་བ། )
          བྱེད་མེད། རྟོགས་ཐུབ་པའི་དོན་ཡིན་གསུངས། བློས་ལྕིགས་པ་ལྟ་བུ། བཟུང་བ་དང་འཇལ་བ་ལ་འཇུག་གསུངས་པ་འདུག
ལྕོགས།(གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ཁོམ་པའི་དོན། གང་ལྕོགས་ཅི་ལྕོགས་བྱེད། ལྕོགས་པ། ཁོམ་པ། ནུས་པ་བཅས་འདྲའོ།།

ཆ་ཡི་སྡེ་ཚན།

ཆག (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། དཀྲུམ་པའི་དོན། དཀར་ཡོལ་ཆག ཁ་ཆག་སྣ་རལ། འཛིན་གྲྭ་ཆག་ལྟ་བུ་དང༌། རྟ་ཆག་དང༌། ཆག་པ་གཅིག་ལྟ་བུ་ཡོད།
ཆགས། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། འདོད་པ་སྐྱེ་བའི་དོན། ནོར་ལ་ཆགས། ཞེན་ཆགས་ལྟ་བུ་དང༌། གྲོང་སྡེ་ཆགས། འཁྱག་པ་ཆགས་ལྟ་བུ་ནི་གྲུབ་པའི་དོན་ནོ།།
) ཆས། ༢) ཆ། ༣) ཆ།
          བྱེད་མེད། སོང་བའི་དོན། ཡུལ་དུ་ཆ་བཞིན་པ། ཆས་ནས། རྔོན་པས་ཆས་ཡོད། ཆས་ཡོད་ལྟ་བུ་དང༌། གྱོན་ཆས་དང་ཆ་མེད་ལྟ་བུ་ཡོད།
ཆེས། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། བློས་འཁེལ་བའི་དོན། ཡིད་ཆེས། བདེན་ཆེས་ལྟ་བུའོ།།
ཆུད། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ནང་དུ་ཤོང་བའི་དོན། ནང་དུ་ཆུད། སློབ་གྲྭར་ཆུད། འགྲུལ་འཁོར་ནང་དུ་མ་ཆུད། རི་དྭགས་རྒྱར་ཆུད། ལས་བྱས་པ་ཆུད་མི་འཛའ་ལྟ་བུ་ཡོད་དོ། །
ཆུབ། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། མཐར་ཕྱིན་པར་རྟོགས་པའི་དོན། བྱང་ཆུབ་ལྟ་བུའོ།།
ཆོག (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། བྱ་འོས་པའི་དོན། འགྲོ་ཆོག བྱེད་ཆོག ཆོག་མཆན་ལྟ་བུའོ།།
མཆེད། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། འཕེལ་བའི་དོན། སྐྱེད་མཆེད། སྤུན་མཆེད། ནགས་ལ་མེ་མཆེད་ལྟ་བུའོ།།
) མཆིས། ༢) མཆི། ༣) མཆི།
          བྱེད་མེད། འགྲོ་བའམ་ཡོད་པའི་དོན། བླ་ན་མ་མཆི། སྐྱབས་སུ་མཆི། བདག་མཆིས་ལྟ་བུ་དང༌། མཆི་མ་ནི་མིག་ཆུ་དང༌། མཆི་གུ་ནི་རང་འཐག་ལ་ཟེར་རོ།།
) མཆོངས། ༢) མཆོང༌། ༣) མཆོང༌། ༤) མཆོངས། 
          བྱེད་འབྲེལ། གོམ་ཚད་སྦར་བའི་དོན། གནམ་དུ་མཆོང་བཞིན། ཐག་མཆོང༌། ཆུ་རུ་མཆོངས་ཏེ་ལྟ་བུ་དང༌། རིན་ཆེན་མཆོང་ལྟ་བུ་ཡོད། བྱེད་མེད་ལས་ཚིག་ཡོད་གསུངས་པ་འདུག
) ཆད། ༢) འཆད། ༣) འཆད།
          བྱེད་མེད། དུམ་བུར་སོང་བའི་དོན། སྐུད་པ་འཆད་ཡོང༌། འཆད་བཞིན་པ། མ་འཆད་རང་ཆད། ཆད་ལྷག་མེད། ཆད་ལྟ་བུ་དང༌། འཆད་ནི་བཤད་པའི་དོན་དུ་གོ་བའི་བྱེད་འབྲེལ་ལས་ཚིག་ཡིན་ནོ།།
མཆོད། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། འབུལ་བའམ་བཞེས་པའི་དོན། ལྷ་མཆོད། ཀླུ་མཆོད། བླ་མར་མཆོད་པ། ཞལ་ལག་མཆོད། ཇ་མཆོད་ལྟ་བུའོ།།
) འཆམས། ༢) འཆམ། ༣) འཆམ། ༤) འཆོམས།
          བྱེད་འབྲེལ། གར་འཁྲབ་པའི་དོན། འབག་འཆམ་བཞིན། འཆམ་འཆམས་ནས་ལྟ་བུ་དང༌། གྲོས་འཆམས་ལྟ་བུ་གྲོས་མཐུན་པའི་དོན། ཆམ་ནི་གཏན་མེད་སོང་བའི་དོན། དགྲ་བོ་ཆམ་ལ་ཕབ་ལྟ་བུའོ།།
) ཤར། ༢) འཆར། ༣) འཆར།
          བྱེད་མེད། འོད་འཕྲོ་བའམ་གསལ་བ་བཅས་ཀྱི་དོན། ཉི་མ་འཆར་བཞིན་ཤར་ནས། བློ་ལ་འཆར། བསམ་འཆར། བློར་ཤར་ལྟ་བུའོ།།
འཆལ། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། སྤྱོད་པ་ཉམས་པའི་དོན། ཚུལ་འཆལ། འཆལ་སྤྱོད་ལྟ་བུ་ཚད་འཛིན་མི་ཐུབ་པའི་དོན།
) ཤི། ༢) འཆི། ༣) འཆི།
          བྱེད་མེད། ལུས་སེམས་འབྲེལ་བ་ཆད་པའི་དོན། སྐྱེ་འཆི། ཤི་གསོན། འཆི་བཞིན། ཤི་སོང༌། ཤི་ནས་ལྟ་བུ། གློག་ཤི་ཞེས་པ་གློག་གི་མཚམས་ཆད་པའི་དོན། སེམས་ཤི་ཞེས་པ་རེ་བ་རྒྱག་རྒྱུ་མཚམས་ཆད་པའི་དོན།
) འཆུགས། ༢) འཆུག ༣) འཆུག
          བྱེད་མེད། ལས་ནོར་སོང་བའི་དོན། སློབ་སྦྱོང་ལ་མ་འཆུགས། འཆུག་ཡོང༌། ལས་འགོ་ནས་མ་འཆུགས་པ་དགོས། འཕྱུག་པ་འཕྱུགས་པ་བཅས་དང་འདྲའོ།།
) འཆེས། ༢) འཆེ། ༣) འཆེ། ༤) འཆེས།
          བྱེད་འབྲེལ། ཁེས་ལེན་པའི་དོན། གཞན་ལ་ཁས་འཆེ་བ་བཞིན། འཆེས་ནས། ནང་པའི་དགེ་སློང་ཁས་འཆེས་པ་ལྟ་བུའོ།།
) ཤོར། ༢) འཆོར། ༣) འཆོར།
          བྱེད་མེད། རྒྱ་ཡན་དུ་སོང་བའི་དོན། རི་དྭགས་རྒྱ་ལས་འཆོར། གསང་བ་དགྲ་ལ་འཆོར། རྐ་ལས་ཆུ་ཤོར། སེམས་པ་ཤོར་ལྟ་བུ། ཟབ་མཆོར་ནི་མཛེས་རྒྱན་ཡིན་པས་མ་མཆོར་རོ།།

ཇ་ཡི་སྡེ་ཚན།

མཇལ། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། ཐུག་འཕྲད་བྱུང་བའི་དོན། མཇལ་འཕྲད། བླ་མ་མཇལ། མཆོད་མཇལ། གནས་མཇལ་ལྟ་བུ་དང༌། འདི་བྱེད་མེད་ལས་ཚིག་གསུངས་པའང་འདུག
མཇེད། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ངལ་བའམ་མི་བཟོད་པའི་དོན། མི་མཇེད་འཇིག་རྟེན་གྱི་ཁམས་ལྟ་བུ། ཉོན་མོངས་ཀྱིས་མི་ངལ་བའི་ཁམས་ཞེས་པ་རེད། ཞེད་སྣང་བྱེད་པའི་དོན།
) འཇབས། ༢) འཇབ། ༣) འཇབ། ༤) འཇོབས།
          བྱེད་འབྲེལ། ཚོར་དུ་མ་འཇུག་པར་ཡིབ་པའི་དོན། རྐུ་མས་འཇབས་ནས་འོང༌། བྱི་ལས་འཇབས་ནས་བསྡད། འཇབ་རྐུན། འཇོབས་ཤིག་ལྟ་བུའོ།།
) བཅལ། ༢) གཞལ། ༣) འཇལ། ༤) འཇོལ།
          བྱེད་འབྲེལ། ཚད་ལེན་པའི་དོན། མང་ཉུང་འབོ་རུ་འཇལ། རིང་ཐུང་འདོམ་ལ་འཇལ། དྲིན་ལས་གཞལ་རྒྱུ། བུ་ལོན་བཅལ་ཟིན་ལྟ་བུ་དང༌། བཅལ་བ་ནི་བརྡ་རྙིང་འབུལ་བའི་དོན་ཡིན་གསུངས་པའང་འདུག
) བཤིག ༢) གཞིག ༣) འཇིག ༤) ཤིགས།
          བྱེད་འབྲེལ། ཞིག་རལ་དུ་གཏོང་བའི་དོན། བསྟན་པ་འཇིག་མཁན། གཞིག་བྱའི་བསྟན་པ། བཤིག་ནས། ཁང་པ་བཤིག་ལྟ་བུ་དང༌། གཞིག་པ་ནི་དཔྱད་པའི་དོན་ལའང་འཇུག འཇིག་པ་བྱེད་མེད་ལས་ཚིག་ཀྱང་ཡོད་དོ།། ཡང་མ་འོངས་པར་བཤིག་དང༌། འདས་པར་བཤིགས་བྲིས་པའང་འདུག
འཇིགས། (གཟུགས་མི་འགྱུར་བ།)
          བྱེད་མེད། ཞེད་པའམ་སྐྲག་པའི་དོན། འཇིགས་སྐྲག འཇིགས་སྣང༌། སུ་ལའང་མི་འཇིགས་ལྟ་བུའོ།།
) བཞིབས། ༢) གཞིབ། ༣) འཇིབ། ༤) འཇིབས།
          བྱེད་འབྲེལ། དབུགས་ཀྱིས་འཐེན་པའི་དོན། ཁུ་བ་འཇིབ། ཁྲག་འཇིབ། འཇིབ་མཁན། གཞིབ་བྱ། འཇིབས་ནས། ཡང་འཇིབས་ཤིག་ལྟ་བུ་དང༌། འཇིབ་པ། འཐུང་བ། དབུགས་ཀྱིས་འཐེན་པ་འདྲའོ།།
) བཅིལ། ༢) གཞིལ། ༣) འཇིལ། ༤) ཅིལ།
          བྱེད་འབྲེལ། མེད་པར་བཟོ་བའི་དོན། གད་སྙིགས་བཅིལ་ནས། འཇིལ་བཞིན། གཞིལ་དགོས། སྡོད་གནས་ཡང་ཅིལ་ཅིག སྐུལ་ཚིག་ལ་ཆིལ་བྲིས་པའང་འདུག གཅིལ་ནི་བཅད་པའི་དོན་ཡིན་གསུངས་པ་འདུག
) འཇུས། ༢) འཇུ། ༣) འཇུ།
          བྱེད་མེད། ལག་པས་བཟུང་ཡོད་པའི་དོན། རྐུན་མ་འཇུ་དགོས། དེབ་ལ་འཇུ་བཞིན། ཕན་ཚུན་འཇུ་རེས་བྱས་ལྟ་བུ་དང༌། མར་སོགས་བཞུ་བའི་དོན་ལ་འཇུ་བ་ཡོད་གསུངས།
) བཅུག ༢) གཞུག ༣) འཇུག ༤) ཆུགས།
          བྱེད་འབྲེལ། ཆུད་ཐུབ་པར་བྱེད་པའི་དོན། སྣོད་དུ་འཇུག་མཁན། གཞུག་བྱ་བཅུག་ནས། བཙོན་དུ་བཅུག དམག་མིར་བཅུག ནང་དུ་བཅུག་ལྟ་བུ་དང༌། གཞུག་ནི་མཇུག་གི་དོན་ལའང་འགྲོ། མཐའ་གཞུག་ལྟ་བུའོ།།
འཇེབས། (གཟུགས་མི་འགྱུར་བ།)
          བྱེད་མེད། ཡིད་དུ་འོང་བའི་དོན། སྙན་འཇེབས་གསུང༌། འཇེབས་པའི་དབྱངས་ཀྱིས་རྩོམ་ལྟ་བུའོ།།
) བཞོས། ༢) བཞོ། ༣) འཇོ། ༤) ཞོས།
          བྱེད་འབྲེལ། བ་ལས་འོ་མ་སོགས་ལེན་པའི་དོན། འོ་མ་འཇོ་མཁན། བཞོ་བྱ་བཞོས་ནས། འདོད་འཇོ། ཆར་དུ་འཇོ། འཇོ་སྒེག་གམ་མཆོར་སྒེག་ནི་ཡིད་དུ་འོང་བའི་དོན་ཡིན།
) བཞག ༢) གཞག ༣ )འཇོག ༤) ཞོགས།
          བྱེད་འབྲེལ། དེ་ལ་གནས་འཇུག་པའི་དོན། བྱས་རྗེས་བཞག འཇོག་མཁན། གཞག་བྱ་ལ་བཞག་ནས། ས་ལ་བཞག སེམས་ལ་ཞོགས། རྣམ་གཞག་ལྟ་བུའོ།།
བརྗེད། (གཟུགས་མི་འགྱུར་བའི་བྱ་ཚིག)    བྱེད་འབྲེལ། དྲན་པ་ཉམས་པའི་དོན། བསླབས་ཟིན་རྣམས་བརྗེད། བྱ་རྒྱུ་བརྗེད། མ་བརྗེད་སེམས་ལ་ཞོགས་ལྟ་བུ་དང༌། རྗེད་ནི་ཕུ་འདུད་དམ་གུས་བཀུར་བྱེད་པའི་དོན་ཡིན་པས་འདིའི་ད་ལྟ་བར་མི་རུང་ངོ༌།།
) བརྗོད། ༢) བརྗོད། ༣) རྗོད། ༤) རྗོད།
          བྱེད་འབྲེལ། བཤད་པའི་དོན། ཚིག་རྩུབ་བརྗོད། བརྗོད་བྱ། རྗོད་བྱེད། རྗོད་ཅིག སྐྱོན་བརྗོད། གཏམ་བརྗོད་ལྟ་བུའོ།།
) བརྗེས། ༢) བརྗེ། ༣) རྗེ། ༤) རྗེས།
          བྱེད་འབྲེལ། ཕར་སྤྲད་ནས་དེའི་ཚབ་ཚུར་ལེན་པའི་དོན། འབྲུ་དང་མར་བརྗེས་ནས། དངུལ་བརྗེ་དགོས། རྗེ་བཞིན། རྗེ་མཁན། བརྗེ་བྱ། བརྗེས་ཟིན་ལྟ་བུ་དང༌། གསར་བརྗེ། དངོས་ཟོག་བརྗེ་རེས་ལྟ་བུ་ཡོད་དོ།།
 

ཉ་ཡི་སྡེ་ཚན།

) མཉན། ༢) མཉན། ༣) ཉན། ༤) ཉོན།
          བྱེད་འབྲེལ། རྣ་བ་སྒྲར་གཏད་པའི་དོན། སྐད་ཆ་ཉན། ཉན་མཁན་མཉན་བྱ། ཉོན་ཅིག་ལྟ་བུ་དང༌། བྱེད་མི་ཉན་དང༌། བཤད་མི་ཉན་ལྟ་བུ་བྱེད་མེད་ལས་ཚིག་གོ།།
ཉམས། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། འཕེལ་བའམ་དར་བའི་ལྡོག་ཕྱོགས་ཡིན། ཤུགས་ཉམས། སྟོབས་ཉམས། ཉམས་རྒུད། མི་ཉམས་གོང་འཕེལ་ལྟ་བུའོ།།
ཉར། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། ཉར་ཚགས་བྱེད་པའི་དོན། གཡོག་པོ་ཉར། གཏའ་མར་ཉར། ཕྲུ་གུ་ཉར། སྐུལ་ཚིག་ཉོར་བྲིས་ཀྱང་འཐུས།
ཉིལ། གཟུགས་མི་འགྱུར་བའི་བྱ་ཚིག
          བྱེད་མེད། མར་ལྷུང་བའི་དོན། གངས་ཉིལ། རི་ཉིལ་ནས་མནན་ལྟ་བུ་མར་འབབ་པའི་དོན་ནོ།།
) ཉུགས། ༢) ཉུག ༣) ཉུག
          བྱེད་མེད། རེག་པའམ་བྱུག་པའི་དོན། མུན་ནག་ཏུ་ལག་པས་ཉུག ལག་པར་མར་ཉུགས་ལྟ་བུའོ།།
ཉེན། (གཟུགས་མི་འགྱུར་བའི་བྱ་ཚིག)     བྱེད་མེད། མནར་བའི་དོན། གྲང་བས་ཉེན། བཀྲེས་པའི་ཉེན་ལྟ་བུའོ།།
) མཉེས། ༢) མཉེད། ༣) མཉེད། ༤) མཉེད།
          བྱེད་འབྲེལ། གྱོང་པོ་མཉེན་མོར་བཟོ་བའི་དོན། ཀོ་བ་མཉེས་ནས། པགས་པ་མཉེད་བཞིན། མཉེ་དགོས། མཉེས་ནས་འབོལ་དུ་སོང་ལྟ་བུ་དང་མཉེས་པ་ནི་དགའ་བའི་དོན་ལ་འཇུག་སྟེ་ཐུགས་མཉེས་ལྟ་བུའོ།།
ཉེས། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ནོར་བའམ་འཛོལ་བའི་དོན། ཉེས་ཆད། ཉེས་རྡུང༌། བྱས་ཉེས་ལྟ་བུའོ།།
) ཉོས། ༢) ཉོ། ༣) ཉོ། ༤) ཉོས།
          བྱེད་འབྲེལ། རིན་སྤྲད་ནས་ལེན་པའི་དོན། ཅ་ལག་ཉོ་བཞིན། ཉོས་ནས། གསེར་ཉོ་བཞིན། ཉོས་ནས་རྒྱན་ཆ་བཟོས་ལྟ་བུའོ།།
ཉལ།(གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ལུས་མལ་དུ་ཕབ་ནས་བསྡད་པའི་དོན། གཉིད་ཉལ། མཉམ་དུ་ཉལ། ཆུ་ཚོད་ཉལ། ཉལ་འགྲོ་ལྟ་བུའོ།།
ཉོབ། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ལུས་སེམས་ལས་སུ་མི་རུང་བའི་དོན། ལུས་ཉོབ། སེམས་ཉོབ། སེམས་ཉོབ་པ་དང་ཉོག་པ་འདྲ། ཆུ་ཉོག་པ་ཡོད་ཀྱང་ཉོབ་པ་མེད་དོ།།
) གཉགས། ༢) གཉག ༣) གཉོག ༤ ) གཉོགས།
          བྱེད་འབྲེལ། བཅད་ནས་དམའ་རུ་གཏོང་བའི་དོན། ཤ་སྐལ་གཉགས་ཏེ་བཞག ཟས་སོས་གཉག རི་གཉགས་ནས་ཉག་པ་ཡིན། རི་གཉག སྒང་གཉག ཡང་ན་རི་ཉག སྒང་ཉག་ལྟ་བུའོ།། རུས་ཀྱི་གཉགས་ཀྱང་ཡོད་དོ།།
གཉིལ། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། རྣོ་ཉམས་འཇུག་པའི་དོན། གྲི་སོ་གཉིལ། སྙིལ་དང་གཉིལ་འདྲ། ཁའི་རྙིལ་ནི་ར་མགོ་ཡིན་ནོ།།
གཉུལ།(གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། འཚོལ་བའི་དོན། གཉུལ་ནས་ཉུལ་བ་བྱུང༌། གཉུལ་བ། ཉུལ་བ། མྱུལ་བ་བཅས་འདྲའོ།།
གཉེར། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། བྱེད་འདུན་ཡོད་པའི་དོན། དོན་གཉེར། སློབ་གཉེར། ལས་གཉེར། གཉེར་པ་ལྟ་བུའོ།།
མཉེལ།(གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ངལ་བའི་ཞེ་ས་ཡིན། སྐུ་མཉེལ་མ་སོང་ངམ། ཕེབས་ལམ་དུ་སྐུ་མཉེལ་ལྟ་བུའོ།།
མཉེས། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། དགའ་བའི་ཞེ་ས། ཐུགས་མཉེས་པོ་བྱུང༌། མཉེས་ཚོར་ལྟ་བུ་དང༌། མཉེན་མོར་བཟོ་བའི་དོན་དུའང་འགྲོ།
) བརྙངས། ༢) བརྙང༌། ༣) རྙང༌། ༤) རྙོངས།
          བྱེད་འབྲེལ། གྲོད་པ་བཤལ་བའི་དོན། རྙང་མཁན། བརྙང་བྱ། བརྙངས་ནས། རྙང་མ་ནི་བཙོག་པ་སླ་པོ་ལ་ཟེར་རོ།། ཡང་ཁ་རྙང་པ་ལ་འཇུག་པ་ཡོད་གསུངས་པ་འདུག
བརྙས། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་འབྲེལ། འཕྱ་སྨོད་བྱེད་པའི་དོན། བརྙས་བཅོས། སུ་ལའང་བརྙས་མི་རུང་ལྟ་བུ་མཐོང་ཆུང་བྱེད་པའི་དོན་ནོ།།
) བརྙབས། ༢)བརྙབ། ༣) རྙབ། ༤) རྙོབས།
          བྱེད་འབྲེལ། ལག་པ་བརྐྱངས་ནས་ལེན་པའི་དོན། ར་མགོ་ས་མགོ་ཁྱད་མེད་ཡིན། མ་རྙབ་གནམ་ལ་མཆོངས་ལྟ་བུའོ།།
བརྙེས། (གཟུགས་མི་འགྱུར་བའི་བྱ་ཚིག)  བྱེད་མེད། གོ་སྐབས་ཐོབ་པའི་དོན། དབུ་བརྙེས། མངའ་བརྙེས་སངས་རྒྱས་ཀྱི་གོ་འཕང་བརྙེས་ལྟ་བུའོ།།
རྙིད། (གཟུགས་མི་འགྱུར་བའི་བྱ་ཚིག)     བྱེད་མེད། སྐམ་ལ་ཕྱོགས་པའི་དོན། ཆུ་མེད་ན་མེ་ཏོག་རྙིད། རྩི་ཤིང་གི་ལོ་འདབ་རྙིད་འདུག་ལྟ་བུའོ།།
སྙམ། (གཟུགས་མི་འགྱུར་བའི་བྱ་ཚིག)
          བྱེད་མེད། ཐེ་ཚོམ་ཟ་བའི་དོན། ཡོད་སྙམ། ཡིན་སྙམ་ལྟ་བུའོ།།
) བསྙལ། ༢) བསྙལ། ༣) སྙལ། ༤) སྙོལ།
          བྱེད་འབྲེལ། ཉལ་དུ་འཇུག་པའི་དོན། བྱིས་པ་མལ་དུ་བསྙལ་དགོས། སྙལ་མཁན་སུ། བསྙལ་རྒྱུ་གང༌། སྙོལ་ཅིག་ལྟ་བུའོ།།
) བསྙུགས། ༢) བསྙུག ༣) སྙུག ༤) སྙུགས།
          བྱེད་འབྲེལ། ཉུག་ཏུ་འཇུག་པའི་དོན། ལག་སྙུག ཉུག་དང་སྙུག བྱེད་འབྲེལ་ཡིན་མིན་ལས་དོན་གཅིག་གོ།། སྙུག་དང་སྨྱུག་འདྲ༌། བྱུག་པའི་རྣམ་པ་ཞིག་ཡིན།
) བསྙིགས། ༢) བསྙིག ༣) སྙིག ༤) སྙིགས། 
          བྱེད་འབྲེལ། ཐུག་པ་ལྟ་བུ་གར་དུ་འཇུག་པའི་དོན། ཇ་དང་ཆང་ལྟ་བུ་སྙིགས་རོ་ལུས་བཅུག་ནས་ཁུ་བ་བཏོན་པ་ལྟ་བུ་ཡིན།
) བསྙིལ། ༢) བསྙིལ། ༣) སྙིལ། ༤) སྙིལ།
          བྱེད་འབྲེལ། ས་མར་བསྙིལ་ལྟ་བུ་ཉིལ་དུ་འཇུག་པའི་དོན། གཉིལ་དང་བསྙིལ་འདྲ། རི་བསྙིལ། གངས་བསྙིལ། བསྙིལ་ནས་ཉིལ་བ་བྱུང་ངོ༌།།
) བསྙུན། ༢) བསྙུན། ༣) སྙུན།
          བྱེད་མེད། ན་བའི་ཞེ་ས་ཡིན། སྙུན་མཁན། བསྙུན་ནས་ལྟ་བུའོ།།
) བསྙེགས། ༢) བསྙེག ༣) སྙེག ༤) སྙེགས།
          བྱེད་འབྲེལ། རྗེས་སུ་བདའ་བའམ་དེད་པའི་དོན། རྐུན་མའི་རྗེས་སུ་བསྙེག མཁས་པའི་རྗེས་སུ་བསྙེགས་ནས། སྙེག་བཞིན་ལྟ་བུའོ།།
) བསྙེངས། ༢) བསྙེང༌། ༣) སྙེང༌། ༤) སྙེངས།
          བྱེད་འབྲེལ། འཇིགས་པའི་དོན། སུ་ལའང་སྙེང་མི་དགོས། བསྙེངས་བྲལ་དཔའ་བོ་ལ་ཟེར། བརྡ་རྙིང་རིང་དུ་སྲིང་བ་ལ་ཡང་འཇུག་གསུངས།
) བསྙེན། ༢ )བསྙེན། ༣) སྙེན། ༤) སྙེན།
          བྱེད་འབྲེལ། ཐག་ཉེ་བར་བཏུད་པའི་དོན། འཇམ་དབྱངས་བསྙེན་པ། བསྙེན་རྫོགས། བསྙེན་གནས། བསྙེན་བཀུར་ལྟ་བུ་ཉེ་རུ་བཏང་བའི་དོན་ནོ།།
) བསྙེམས། ༢) བསྙེམ། ༣) སྙེམ། ༤) སྙེམས།
          བྱེད་འབྲེལ། སེམས་ཁེངས་པའམ་ང་རྒྱལ་བྱེད་པའི་དོན། འདི་ཡི་བཞིན་དཔལ་ང་ཉིད་ལ། །ཡོད་ཅེས་ཟླ་བས་བསྙེམས་མི་དགོས།། ཞེས་པ་ལྟ་བུའོ།།
) བསྙེར། ༢) བསྙེར། ༣) སྙེར། ༤) སྙེར།
          བྱེད་འབྲེལ། དཔྲལ་བའི་གཉེར་མ་སྙེར་བཞིན། བསྙེར་ནས་ལྟ་བུ་དང༌། གཉེར་མ་དང་སྙེར་མ་གང་ཡང་མིང་ལ་རུང་བར་སྙམ་མོ།།
) བསྙེལ། ༢) བསྙེལ། ༣) སྙེལ། ༤) སྙེལ།
          བྱེད་མེད། བརྗེད་པའི་ཞེ་ས་ཡིན། ཐུགས་མ་སྙེལ་པ་གནང་རོགས། བསྙེལ་ཡོང༌། སྙེལ་བཞིན་ལྟ་བུའོ།།
) བསྙེས། ༢) བསྙེ། ༣) སྙེ། ༤) སྙེས།
          བྱེད་འབྲེལ། རྒྱབ་སྙེས་བྱེད་པའི་དོན། རྩིག་པ་ལ་བསྙེས་ཏེ་བཞུགས། ཕྱག་དཔེ་ལ་མ་སྙེས་ཤིག རྒྱབ་སྙེ་བསྙེ་ཡོང་ལྟ་བུའོ།།
) བསྙོགས། ༢) བསྙོག ༣) སྙོག   ༤ )སྙོགས།
          བྱེད་འབྲེལ། དྭངས་གསལ་མེད་པར་བྱེད་པའི་དོན། རྙོག་དང་བརྙོག་བརྙོགས་རྙོགས་སོགས་དང༌། ཁྱད་པར་མེད་ཀྱང་ས་མགོ་འབྲི་སྲོལ་ཡོད་གསུངས་པས་བྲིས་སོ།། ཆུ་བརྙོགས། རྙོག་ཕྲ་དང༌། སྙོག་ཕྲ་ལྟ་བུའོ།།
) བསྙུངས། ༢) བསྙུང༌། ༣) སྙུང༌། ༤) སྙུངས།
          བྱེད་འབྲེལ། ཉུང་དུ་གཏོང་བའི་དོན། གྲངས་ཉུང་དགོས་ན་སྙུངས་ཤིག བསྙུང་དགོས། བསྙུངས་ནས། སྙུང་བཞིན། གྲངས་དབྲི་བ། ཕྲིས་པ། བསྙུངས་པ་བཅས་འདྲ། མང་དྲགས་ན་བསྙུང་དགོས་ལྟ་བུའོ།།
) བསྙོན། ༢) བསྙོན། ༣) སྙོན། ༤) སྙོན།
          བྱེད་འབྲེལ། ཧམ་པ་བྱེད་པའི་དོན། ལས་འབྲས་ལ་མ་སྙོན། མངོན་སུམ་ལ་སྙོན་མཁན། བསྙོན་ཏེ་ལྟ་བུའོ།།
) བསྙབས། ༢) བསྙབ། ༣) སྙབ། ༤) སྙོབས།
          བྱེད་འབྲེལ། རེག་ཐབས་བྱེད་པའི་དོན། ར་མགོ་དང་ས་མགོ་ཁྱད་མེད། མ་སྙོབ་གནམ་ལམཆོངས་ལྟ་བུའོ།།
) བསྙམས། ༢) བསྙམ། ༣) སྙོམ།   ༤)སྙོམས།
          བྱེད་འབྲེལ། འཁོད་མཉམ་བཟོ་བའི་དོན། ས་འཁོད་སྙོམ་ས་ལ་རྡོ་འབུར་ཐོན། མ་མཉམ་ན་བསྙམ་དགོས། སྙོམ་བཞིན་བསྙམས་ཚར། བདག་གཞན་སྙོམས་ཤིག་ལྟ་བུའོ།། མཉོམ་ནི། མཉོམ་ཆུང་ལྟ་བུ་ཡིན། མཉམ་ནི་རྒྱན་ཚིག་ཡིན།
) བསྙགས། ༢)བསྙག ༣) སྙག ༤) སྙོགས།
          བྱེད་འབྲེལ། སྐྱིན་ཚབ་ཚུར་ལེན་ཐབས་བྱེད་པའི་དོན། བུ་ལོན་བསྙགས། སྐྱིན་པ་བསྙགས་དགོས། སྙག་མཁན། བསྙགས་ཟིན། བ་ལ་བེའུ་འཁོར་བ་ལ་བེའུ་བསྙགས་ཟེར་བ་ཡོད།
) བསྙད། ༢) བསྙད། ༣) སྙད། ༤) སྙད།
          བྱེད་འབྲེལ། བཤད་པའི་དོན། བདེ་བར་གཤེགས་པའི་གསུང་བསྙད་ལས་བྱུང་བའི་གཏམ་དྲང་པོ་བསྙད་དོ། སྙད་ནི་སྐྱོན་ལའང་འཇུག་སྟེ། སྙད་བཏགས། སྙད་འཛུགས་ལྟ་བུའོ།། བསྙད་འདི་མི་འགྱུར་བར་གསུངས་པའང་འདུག
) བསྙོད། ༢) བསྙོད། ༣) སྙོད། ༤) སྙོད།

          བྱེད་འབྲེལ། གསོ་བའམ་ཉར་ཚགས་བྱེད་པའི་དོན། ལུས་འདི་བསྙོད་ཀྱང་གཞན་འགྲོ་ལ། གསུངས་པ་ལྟ་བུ་དང༌། སྙད་སེ་སྙོད་སེ་མ་བཤད་ལྟ་བུའང་ཡོད་དོ།།

མདུན་ཤོག

Menu