༤་༡    ཁྱིམ་ཚང་གི་མཉམ་ཞུགས།
    སློབ་ཕྲུག་རྣམས་རྒྱལ་ཁབ་དང་མི་རིགས་ཀྱི་སྲོག་རྩ་ཡིན་སྟབས། སྲིད་གཞུང་ལ་ཕྲུ་གུའི་གཞི་རིམ་སློབ་སྦྱོང་ཆེད་དགོས་ངེས་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་ལས་འགན་ཡོད་ནའང༌། ཕྲུ་གུའི་བདག་དབང་དོ་བདག་ཁྱིམ་ཚང་གི་ཕ་མ་ལ་ཡོད་སྟབས། གཞི་རིམ་སློབ་གྲྭ་ཁག་གིས་ཕྲུ་གུའི་སློབ་སྦྱོང་ཐོག་ཁྱིམ་ཚང་ཕ་མའི་ངོས་ནས་དགོས་ངེས་ཀྱི་མཉམ་ཞུགས་དང་མཐུན་འགྱུར་ལེན་པའི་བྱེད་ཐབས་ནུས་ལྡན་སྤེལ་དགོས།

༤་༢    སྤྱི་ཚོགས་ཀྱི་མཉམ་ཞུགས།
    སློབ་གྲྭ་སོ་སོའི་བསླབ་གཞི་དང་དམིགས་བསལ་དགོས་མཁོར་གཞིགས་ཏེ། སྤྱི་ཚོགས་ཁྲོད་ཤེས་ཡོན་ཅན་དང་ལག་རྩལ་པ་མང་པོས་རང་རང་གི་ལས་ཀའི་ཉམས་མྱོང་དང་འབྲེལ་ནས་སློབ་གྲྭའི་བྱེད་སྒོ་ལ་མ་བསྐུལ་དང་བླངས་ཀྱིས་མཉམ་ཞུགས་ཡོང་བའི་ལས་རིམ་སློབ་གྲྭ་སོ་སོས་ཆེད་དུ་འཆར་འགོད་ཀྱིས་སྤེལ་དགོས།
    སློབ་གྲྭ་སོ་སོས་རང་རང་གི་དམིགས་བསལ་དགོས་མཁོར་གཞིགས་ཏེ་གནས་ཡུལ་སྤྱི་ཚོགས་ནས་ཤེས་ཡོན་སློབ་གསོའི་ལས་དོན་ཐོག་རིན་ཐང་ཅན་གྱི་གྲོས་འདོན་དང༌། མཉམ་ཞུགས། མཉམ་རོགས་བཅས་ཡོང་བར་འབོད་སྐུལ་རྒྱུན་མར་ཞུ་རྒྱུ་མ་ཟད། བཟོ་ཞིང་འབྲོག་གསུམ་གྱི་ལས་གྲྭ་དང༌། སྨན་ཁང༌། འགྲེམས་སྟོན་ཁང༌། ཤེས་ཡོན་ཚོགས་སྡེ་སོགས་སྤྱི་སྒེར་གྱི་མཐུན་རྐྱེན་བཀོལ་སྤྱོད་བྱས་ཏེ། སློབ་གྲྭའི་བསླབ་གཞི་ལག་བསྟར་ཐོག་སྤྱི་ཚོགས་ནས་མཉམ་ཞུགས་ཀྱི་ཁེ་ཕན་གང་མང་ལེན་ཐབས་བྱ་དགོས།
    བཙན་བྱོལ་ཁྲོད་བོད་མིའི་སློབ་གྲྭ་ཟུར་འཛུགས་བྱེད་པའི་དགོས་དོན་གཙོ་བོ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་མི་ཉམས་རྒྱུན་འཛིན་སླད་ཡིན་པར་བརྟེན། སློབ་གྲྭའི་ནང་རྒྱུན་ལྡན་སློབ་སྦྱོང་གི་བྱེད་སྒོ་དང་འབྲེལ། གནས་ཡུལ་བོད་མིའི་སྤྱི་ཚོགས་ཁྲོད་ཆོས་དང་རིག་གཞུང༌། ཁོར་ཡུག་དང་གཙང་འཕྲོད། རྩི་ཤིང་འདེབས་འཛུགས། མང་གཙོའི་གོ་རྟོགས། སྤྱི་ཚོགས་ཀྱི་དཀའ་ངལ་དང་རང་བྱུང་གོད་ཆག་ལ་གདོང་ལེན་བྱེད་སྟངས་སོགས་སྤྱི་ཚོགས་ཀྱི་ལས་རིམ་ཁྲོད་མཉམ་ཞུགས་དང༌། སྤྱི་ཚོགས་ཞབས་ཞུའི་ནང་དོན་རྣམས་འབྲེལ་ཡོད་བསླབ་གཞིའི་ནང་དོན་གྱི་ཆ་ཤས་མེད་དུ་མི་རུང་བ་ཞིག་ལ་ངོས་འཛིན་དང་ལག་བསྟར་བྱ་དགོས།

མདུན་ཤོག

Menu