༢་༡     ནང་སེམས་ཀྱི་ཡར་རྒྱས།
    ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། དུས་རབས་ཉི་ཤུ་པ་ནི་འཕྲུལ་རིག་དང་ཚན་རིག་ཡར་རྒྱས་ཀྱི་དུས་རབས་ཤིག་ཡིན་ནའང༌། དེ་དང་ཆབས་ཅིག་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཡིན་པ་དང༌། དུས་རབས་ཉེར་གཅིག་པ་ནི་ངེས་པར་དུ་སྙིང་རྗེའི་རིན་ཐང་གོང་འཕེལ་འབྱུང་བའི་དུས་རབས་ཤིག་ཏུ་སྐྲུན་དགོས་གསུངས་པ་ལྟར། ཤེས་ཡོན་ནི་འཚོ་ཐབས་ཀྱི་ལག་ཆ་ཞིག་དང་འབྲི་ཀློག་གི་ཤེས་བྱ་དང་བརྡ་འཕྲིན་ཁོ་ནའི་དོན་དུ་མིན་པར། འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་འཕེལ་གཏོང་ཐུབ་པ་ཞིག་དགོས།
    ཇེ་དུ་ཀི་རི་ཥི་ན་མུར་ཏི་མཆོག་གིས། “སེམས་ལེགས་བཅོས་གང་ཡང་མེད་པར་ནེ་ཙོའི་ཀློག་འདོན་ཇི་བཞིན་བློ་འཛིན་ཁོ་ནར་བརྟེན་ནས་ལས་ཤུགས་གོང་མཐོར་གཏོང་བ་དེ་ནི། དེང་རབས་ཀྱི་ཀམ་པུ་ཊར་ལྟར་ངོ་མཚར་ཆེ་ཞིང་འཁྲུལ་པ་མེད་པའི་འཇོན་ཐང་ལྡན་པ་ཞིག་བྱུང་ནའང༌། དེ་ནི་འཕྲུལ་ཆས་རང་ལས་གཞན་གང་ཡང་མིན།” ཞེས་ཕྱིའི་ཤེས་ཡོན་ཕུལ་དུ་བྱུང་བར་སྦྱོང་བ་དང་ཆབས་ཅིག་ནང་སེམས་ཀྱི་སྤུས་ཚད་ཡར་རྒྱས་གཏོང་བར་སྐུལ་མ་གནང་ཡོད། དེར་བརྟེན། སློབ་གྲྭའི་བསླབ་གཞིའི་རྩ་འཛིན་ཡོངས་དང༌། དེ་དང་འབྲེལ་བའི་བྱེད་སྒོའི་ཁྲོད་ངེས་པར་དུ་ནང་སེམས་ཀྱི་འཚར་ལོངས་དང་འཕེལ་རྒྱས་གཞི་རྩར་བཟུང་སྟེ། བྱམས་བརྩེ་དང༌། སྙིང་རྗེ། ལྷག་བསམ། བཟོད་བསྲན། མཉམ་འབྲེལ་སོགས་སྐྱེ་འགྲོ་ཡོངས་ལ་མཁོ་བའི་བཟང་པོའི་ཡོན་ཏན་རྣམས་གསར་བསྐྱེད་དང་རྒྱུན་བསྲིང་ཐུབ་པ་ཞིག་དགོས།

༢་༢     གྲངས་འབོར་ལས་སྤུས་ཀ་གཙོ།
    སློབ་དཔོན་ཆེན་པོ་ཝི་ནོ་བྷས། “ཤེས་ཡོན་གྱི་སྤུས་ཚད་ནི་དེའི་དཀྱུས་དང་ཞེང་འཇལ་རྒྱུ་མ་ཡིན་པར། ཟབ་ཚད་འཇལ་དགོས། སློབ་སྦྱོང་ཐོག་གལ་གནད་ཆེ་ཤོས་དེ་ཟབ་ཚད་ཡིན་པ་ལས་སློབ་སྦྱོང་གི་ཡུན་ཚད་མིན།” ཞེས་གསུངས་པ་ལྟར། གཞི་རིམ་སློབ་གྲྭའི་སློབ་སྦྱོང་གི་སྤུས་ཀ་ཚད་ལྡན་ཞིག་དགོས་ན། སློབ་ཕྲུག་ཚོས་ཤེས་བྱའི་རྣམ་གྲངས་གང་མང་མང་ཞིག་ལ་དུས་ཡུན་གང་རིང་རིང་བར་དུ་འཁྲིད་སྦྱོང་བྱ་རྒྱུ་དེ་མ་ཡིན་པར། སློབ་ཕྲུག་ཚོས་མོས་པ་ཆེན་པོས་འཚོལ་ཞིབ་དང༌། གསར་རྟོགས། གཞན་ཕན་བཅས་ཀྱི་ལས་ལ་བློ་སེམས་གཅིག་སྒྲིལ་གྱིས་འཇུག་ཐུབ་པ་ཞིག་ཅིས་ཀྱང་བྱ་དགོས།
    མཉམ་མེད་ཇོ་བོ་ཆེན་པོས། ཚེ་འདི་ཡུན་ཐུང་ཤེས་བྱ་རྣམ་གྲངས་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མ་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་པོར་བླང་བར་གྱིས། །ཞེས་གསུངས་པ་བཞིན། གཞི་རིམ་སློབ་གྲྭའི་བསླབ་གཞིའི་ནང་དོན་དང་འབོར་ཚད་ནི། སློབ་མའི་ལུས་སེམས་འཚར་ལོངས་ཀྱི་དགོས་མཁོ་དང༌། སྒོ་གསུམ་གྱི་སྤྱོད་པ་བཟང་པོར་འཆོས་ཐབས། མ་འོངས་སློབ་སྦྱོང་དང་ལས་རིགས་ལ་འཇུག་པའི་ནུས་རྩལ་བཅས་ཀྱི་གཙོ་གནད་གསུམ་དམ་འཛིན་གྱིས་གཏན་འབེབས་བྱ་དགོས།  དེ་ཡང་གནའ་དེང་གི་རིག་གནས་བསླབ་གཞིར་བླུགས་གང་ཐུབ་བྱེད་པའམ། རྒྱལ་ཁབ་དང་མི་རིགས་གཞན་གྱིས་རང་རང་གི་དགོས་མཁོ་ལྟར་གཏན་འབེབས་བྱས་པའི་བསླབ་གཞི་དང་ལམ་ལུགས་རྗེས་འགེབས་མ་ཡིན་པར། བཙན་བྱོལ་ནང་བོད་མིའི་སློབ་གྲྭ་ཟུར་འཛུགས་བྱས་པའི་གཞི་རྩའི་དམིགས་ཡུལ་བསྒྲུབ་ཐུབ་པ་ཞིག་ངེས་པར་བྱ་དགོས།
    བཙན་བྱོལ་བོད་མིའི་འཚོ་ཐབས་སོགས་གཞི་རིམ་དཀའ་ངལ་གཙང་སེལ་བྱ་བ་ཤེས་ཡོན་ལ་བརྟེན་དགོས། བོད་མི་རྣམས་འཚོ་ཐབས་དང་ལས་གནས་ཐོག་རང་དབང་དང་རང་རྐྱ་འཕེར་བ་ཡོང་སླད། ཡིག་རྒྱུགས་ཀྱི་གྲུབ་འབྲས་དང༌། འཚོ་ཐབས་ལས་གནས་ཙམ་དོན་དུ་གཉེར་བའི་འཕྲལ་སེལ་བྱེད་ཐབས་རྐྱང་པར་མགོ་མི་འཁོར་བར། བོད་མི་རིགས་ཀྱི་དཀའ་ངལ་གྱི་འབྱུང་ཁུངས་ངོས་འཛིན་དང་དེ་གདོང་ལེན་བྱེད་ཐབས་སྤྱི་དང༌། ཁྱད་པར་བོད་མི་བྱིངས་ཀྱི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་བར་དམིགས་བསལ་ཤུགས་སྣོན་རྒྱག་རྒྱུ།
    བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭའི་དམིགས་ཡུལ་གཙོ་བོ་ནི་ཤེས་ཡོན་གྱི་སྤུས་ཚད་ཡིན་པ་དང༌། སྤུས་ཚད་དེ་ཡང་གཤམ་གསལ་འདུན་པ་གཅིག་དང་ནུས་པ་གསུམ་གྱི་སྒོ་ནས་བསྒྲུབ་དགོས། འདུན་པ་གཅིག་དང་ནུས་པ་གསུམ་ནི། སློབ་ཕྲུག་ཚོས་རང་གི་ཁོར་ཡུག་དང་སྤྱི་ཚོགས་བཟང་ཕྱོགས་སུ་སྣེ་འཁྲིད་པའི་འདུན་པ་བརྟན་པོ་དང༌། ཁོང་ཚོའི་རྣམ་འབྱེད་ཀྱི་ཤེས་རབ་གོང་མཐོར་གཏོང་བའི་ནུས་པ། སྤྱི་སྒེར་གྱི་ཚུལ་མིན་བྱ་སྤྱོད་རྣམས་བཟང་སྤྱོད་དུ་བསྒྱུར་བའི་ནུས་པ། རང་གཞན་གཉིས་ཀའི་འཕྲལ་ཕུགས་ཀྱི་ཕན་བདེ་སྒྲུབ་པའི་ནུས་པ་བཅས་ཡིན། དེ་ལྟར་འདུན་པ་གཅིག་དང་ནུས་པ་གསུམ་ལྡན་གྱི་སྒོ་ནས་འགྲོ་བ་མིའི་གཞི་རྩའི་ལས་འགན་ཏེ། འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ལེགས་གྲུབ་ཡོང་ཐབས་བྱ་དགོས།
    མདོར་ན། ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་གྲངས་འབོར་ལས་སྤུས་ཚད་གཙོ་ཞིང༌། བསླབ་གཞིའི་ནང་དོན་དེ་ཡང་འཕྲལ་སེལ་གྲུབ་འབྲས་ངོམ་སྟོན་བྱ་ཆེད་མ་ཡིན་པར། སྐྱེ་འགྲོ་ཀུན་ལ་མཁོ་གནད་ཆེ་བའི་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་ཀུན་ཁྱབ་ཀྱི་རིན་ཐང་གི་ལྟ་གྲུབ་ལ་བཀྲི་ནུས་པའི་ཤེས་བྱ་རྣམས་བསླབ་གཞིར་བཀོད་སྒྲིག་གིས། འཇིག་རྟེན་སྤྱི་དང་ཁྱད་པར་རང་ཡུལ་བོད་ཆོལ་གསུམ་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་སུ་བསྒྱུར་ཐབས་དང༌། མི་རིགས་གཞན་ལ་འཚེ་བ་མེད་པར་བྱམས་བརྩེ་མཉམ་རོགས་ཀྱི་ལམ་སྣེ་རུ་འཁྲིད་ནུས་པའི་ཁྱད་ནུས་སྐྱེད་སྲིང་བྱ་དགོས་པ་སྟེ། སྤུས་ཚད་སློབ་གསོས་ད་སྔའི་གྲངས་འབོར་སློབ་གསོའི་ཚབ་བྱ་དགོས།

༢་༣ རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་ཐབས།
    ཤེས་ཡོན་སློབ་སྦྱོང་ནི་ཕྱིའི་ཡུལ་ལ་གོ་རྒྱ་གཅོད་པ་ཙམ་དང༌། བརྡ་འཕྲིན་གང་མང་གསོག་ཉར་གྱི་ཆེད་དུ་མ་ཡིན་པར། མིའི་ལྷན་སྐྱེས་ཀྱི་ཤེས་ནུས་སད་རྫོགས་སྨིན་གསུམ་བྱས་པ་བརྒྱུད། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང༌། སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་ཐབས་ཚུལ་གཉིས་ཟུང་འབྲེལ་གྱིས་སེམས་རྒྱུད་ཀྱི་ཡོན་ཏན་འཐོབ་པར་བྱེད་པའི་བརྒྱུད་རིམ་ཞིག་ཡིན་སྟབས། གཞི་རིམ་བར་མའི་བསླབ་གཞིའི་ནང༌། ཤེས་བྱའི་རྣམ་གྲངས་གང་མང་ཞིག་སློབ་མར་བཙན་སློབ་བྱ་རྒྱུའི་ཚབ་ཏུ། སློབ་མའི་རྣམ་འབྱེད་ཀྱི་ཤེས་རབ་སད་ཅིང་སྨིན་ཐབས་བྱ་རྒྱུ་གལ་གནད་ཆེ་ཤོས་སུ་འཛིན་དགོས།
    དེ་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ལ་མ་བསྟེན་ན། རང་ཉིད་དང་སྤྱི་ཚོགས། འཇིག་རྟེན་བཅས་ལ་ངོས་འཛིན་ཡང་དག་ཅིག་མི་འཐོབ། རྣམ་འབྱེད་ཀྱི་ཤེས་རབ་ནི་འཁྲུལ་བ་མེད་པ། ཕྱོགས་འཛིན་གྱིས་མ་གོས་པ། ཕན་བདེའི་རང་བཞིན་ཅན་ཞིག་ཡིན་པས། རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་སྤེལ་བ་ལ་བརྟེན་ནས་བྱ་དངོས་ཀྱི་གནས་ལུགས་ཚུལ་བཞིན་རྟོགས་ཏེ། རང་ཉིད་ལ་མི་འདོད་པའི་སྡུག་བསྔལ་དང་དེའི་རྒྱུ་ངོས་བཟུང་ཞིང་སྤོང་བ་དང༌། འདོད་པའི་བདེ་བ་དང་དེའི་རྒྱུ་ངོས་བཟུང་ཞིང་བསྒྲུབ་པ་སྟེ། བླང་དོར་གྱི་གནས་ལ་འཇུག་ལྡོག་བྱས་པ་བརྒྱུད་རང་ཉིད་ཀྱི་སེམས་རྒྱུད་ཞི་བར་བྱེད་ཐུབ།
    དེ་ལྟར་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པར་འབད་དེ་སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པ་དང༌། སེམས་རྒྱུད་རབ་ཏུ་ཞི་བར་བྱེད་པའི་ཐབས་ཚུལ་ལ་བརྟེན་ནས་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་མཐོར་གཏོང་བ་གཉིས་ཟུང་འབྲེལ་གྱིས་རང་གཞན་དང་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པ་དེ་ནི། དོན་དངོས་ཐོག་ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་ངོ་མ་ཡིན་གཤིས། དོན་གནད་འདི་ཉིད་ངེས་པར་དུ་གཞི་རིམ་བར་མའི་བསླབ་གཞི་དང་སློབ་འཁྲིད་ཀྱི་སྙིང་དོན་དུ་འཛིན་དགོས་སོ། །

༢་༤ ཤེས་ཡོན་སློབ་སྦྱོང་དང༌། གཞན་ཕན། འཇིག་རྟེན་ཞི་བདེ།
    ཤེས་ཡོན་སློབ་སྦྱོང་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བྱེད་སྒོ་ཞིག་ཡིན་ལ། འགྲོ་བ་མིའི་རིགས་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པའི་རྒྱུ་མཚན་ཉག་གཅིག་ཀྱང་ཡིན། སློབ་གྲྭའི་ཤེས་ཡོན་སློབ་སྤེལ་གྱི་བྱེད་སྒོ་ནི་གང་ཟག་སྒེར་པའི་ལུས་སེམས་མདུན་ལམ་དང་འབྲེལ་བ་མ་ཟད། འཇིག་རྟེན་སྤྱི་དང༌། རྒྱལ་ཁབ། མི་རིགས། སྤྱི་ཚོགས་བཅས་ཀྱི་ཕུགས་འདུན་དང༌། དཀའ་རྙོག ལས་འགན་བཅས་དང་འབྲེལ་བ་ཡིན་པས། གཞི་རིམ་སློབ་གྲྭའི་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད། སྤྱི་ཚོགས་དང་མི་སྒེར་གཉིས་ཀྱི་དགོས་དམིགས་ཡ་མ་བྲལ་བར་ཤེས་ཡོན་སློབ་སྦྱོང་གི་སྤྱི་ཁྱབ་རང་བཞིན་དང་ཐུན་མིན་རང་བཞིན་གཉིས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བ་བྱ་དགོས།
    མིའི་ལྷན་སྐྱེས་ཀྱི་ཡོན་ཏན་ངོས་འཛིན་དང༌། འཕེལ་རྒྱས། བཀོལ་སྤྱོད་ལེགས་པར་བྱེད་པ་དང༌། ཕྱི་རོལ་ཡུལ་གྱི་གནས་ལུགས་དང་སྣང་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། རང་དང་སྤྱི་ཚོགས་ཀྱི་ཕན་བདེ་བསྒྲུབ་རྒྱུ་བཅས་ཤེས་ཡོན་སློབ་སྦྱོང་གི་གཞི་རྩའི་དམིགས་ཡུལ་གྱི་ཆ་ནས་བཤད་ན། གང་ཟག་སྒེར་གྱི་ཤེས་ཡོན་དང་རྒྱུ་ནོར་ཐ་ན་ལུས་རྟེན་ཚུན་ཆད་གཞན་ལ་བརྟེན་ནས་བྱུང་བས། གཞན་ནི་ཤེས་ཡོན་སློབ་སྦྱོང་གི་འབྱུང་ཁུངས་དང༌། སྐྱེ་བོ་སྒེར་གྱི་འཕྲལ་ཕུགས་བདེ་བའི་འབྱུང་གནས་ཡིན། སློབ་གྲྭའི་ཤེས་ཡོན་གྱི་དམིགས་ཡུལ་གཙོ་བོ་ཡང་སློབ་མཁན་དགེ་རྒན་མ་ཡིན་པར། སྦྱོང་མཁན་སློབ་ཕྲུག་རང་ཡིན། དེར་བརྟེན། ཤེས་ཡོན་སློབ་སྦྱོང་ནི་གཞི་རྩའི་ཐོག་ནས་གཞན་ཕན་གྱི་བྱེད་སྒོ་ཞིག་ཡིན་པར་མ་ཟད། མིའི་སྤྱི་ཚོགས་ཀྱི་བྱེད་སྒོ་ཡོད་ཚད་ལས་ཆེས་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན་གཤིས། གཞན་ཕན་གྱི་རང་བཞིན་ལྡན་པའི་བྱེད་སྒོ་འདི་ཉིད་བརྒྱུད་སྤྱི་ཚོགས་ཀྱི་ཕན་བདེའི་ས་བོན་དུ་འགྱུར་བའི་ཤེས་ལྡན་མི་སྣ་ཞེ་གཅིག་སྐྱེད་སྲིང་བྱ་དགོས།
    ཞི་བདེ་ནི་སྤྱི་ཚོགས་ཀྱི་གྲུབ་ཆར་གྱུར་པའི་སྐྱེ་བོ་ཡོད་དོ་ཅོག་གི་བསམ་བློའི་གཏིང་རིམ་དུ་གཞི་ཚུགས་དགོས་པ་ལས། ཕྱིའི་ཁྲིམས་སྲོལ་དང༌། ལྟ་བ། དྲག་ཤུགས། དཔལ་འབྱོར་སོགས་གང་གིས་ཀྱང་སྒྲུབ་མི་ཐུབ། གལ་སྲིད་ང་ཚོས་རང་ཉིད་ཀྱི་འགན་ཁུར་གཡོལ་ནས་ལམ་ལུགས་གསར་པ་ཞིག་གིས་ཞི་བདེ་བསྐྲུན་རྒྱུར་རེ་སྒུག་བྱས་ཚེ། དེ་འདྲ་ཡོང་མིན་མ་ངེས་ལ། བྱུང་ཡང་ང་ཚོ་ལམ་ལུགས་དེའི་བྲན་གཡོག་ཁོ་ནར་འགྱུར་ངེས་ལས། ཞི་བདེ་སྐྲུན་ཐུབ་པའི་ངེས་པ་མེད། དེར་བརྟེན། ཡང་དག་པའི་ཤེས་ཡོན་ལ་བརྟེན་ནས་ཕྱིའི་ཁོར་ཡུག་གི་ངོས་འཛིན་དང་གོ་རྟོགས་གོང་མཐོར་གཏོང་བ་དང་ཆབས་ཅིག ནང་གི་སེམས་རྒྱུད་ཡོངས་སུ་སད་སྨིན་རྫོགས་གསུམ་བྱེད་པའི་ཐབས་ཚུལ་ལ་འབད་དེ། རང་དང་སྤྱི་ཚོགས་ཀྱི་ཕན་བདེའི་གཞི་མ་ནང་སེམས་ཀྱི་ཞི་བདེ་འཚོལ་སྒྲུབ་དང༌། ཁྱབ་སྤེལ། སྲུང་སྐྱོབ་བཅས་བྱ་རྒྱུ་ནི། ཤེས་ཡོན་སློབ་སྦྱོང་གིས་འཇིག་རྟེན་འདིར་འཁྲི་བའི་ལས་འགན་གལ་ཆེན་ཞིག་ཡིན་ལ། འཇིག་རྟེན་འདི་ཞི་བདེའི་ལམ་སྣེར་བཀྲི་བའི་ཐབས་ལམ་ཉག་ཅིག་ཀྱང་ཡིན།
    དེར་བརྟེན། གཞི་རིམ་སློབ་གྲྭའི་བསླབ་གཞི་དང་སློབ་འཁྲིད་ཀྱི་ལག་ལེན་ཁྲོད། མ་འོངས་པའི་མི་རབས་རྣམས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་དང་སྤྱི་ཚོགས་ཀྱི་རང་དབང་སྲུང་སྐྱོབ་བྱེད་ནུས་པའི་ཞི་བའི་སྟོབས་ཤུགས་སུ་འགྱུར་ཐབས་བྱ་དགོས།

༢་༥ ཕུལ་དུ་བྱུང་བ་ཡོང་ཐབས་ཀྱི་སློབ་སྦྱོང༌།
    ད་ལྟའི་འཛམ་གླིང་ནི་འགྲན་རྩོད་ཀྱི་ཁྲོམ་ར་ཆེན་པོ་ཞིག་ཏུ་གྱུར་ཏེ། མི་ཚང་མས་རང་ཉིད་གཞན་ལས་ལྷག་པ་ཞིག་བྱེད་པའི་འདོད་རྔམ་ཤིན་ཏུ་ཆེ། རང་ཉིད་གཞན་ལས་ལྷག་པ་ཞིག་ཡོང་སླད་རྒྱུན་དུ་གཞན་གྱི་འཇོན་ཐང་ལ་དམའ་འབེབས་བྱེད་པའི་སྤྱོད་ཚུལ་འདིས། སློབ་སྦྱོང་བྱེད་མཁན་ཚོའི་སེམས་ལ་དངངས་སྐྲག་འཕར་མ་ཞིག་བསྐྲུན་ཡོད། དངངས་སྐྲག་གི་ཞིང་སར་ཡོན་ཏན་གྱི་མྱུ་གུ་མི་སྐྱེ། རང་ཉིད་ཁྱད་དུ་འཕགས་པ་ཞིག་ཡོང་བ་ལ་ཐོག་མར་རང་ཉིད་མུ་མཐུད་ཡར་རྒྱས་གཏོང་བ་དང་ཆབས་ཅིག གཞན་གྱི་ཡར་རྒྱས་ལ་ཕན་ཐོགས་ཡོད་པ་ཞིག་བྱ་དགོས། དེང་སྐབས་སློབ་གྲྭ་མང་པོས་སློབ་ཕྲུག་ཚང་མ་གཞན་ལས་ལྷག་པ་ཞིག་བཟོ་བའི་ལས་རིམ་བསྒྲིགས་དང་སྒྲིག་གིན་ཡོད་ནའང༌། ལག་ལེན་དངོས་ཀྱི་ནང་དེ་ནི་ཡོང་མི་སྲིད་པ་ཞིག་རེད།
    དེར་བརྟེན། ང་ཚོས་འཚར་ལོངས་དང་འཕེལ་རྒྱས་ཕུལ་དུ་བྱུང་བ་ཞིག་ཡོང་བར་བྱེད་པའི་སློབ་སྦྱོང་གི་ཁ་ཕྱོགས་དང་ལས་རིམ་འཐུས་ཚང་ཞིག་གྲ་སྒྲིག་བྱ་ཐུབ་ཚེ། དེས་སློབ་ཕྲུག་རྣམས་ཕྱོགས་ཡོངས་ནས་མུ་མཐུད་ཡར་རྒྱས་ཡོང་བར་བསྐུལ་འདེད་ཀྱིས་དོན་དངོས་ཀྱི་ཕུལ་བྱུང་དུ་འགྱུར་ཐུབ་པ་ཡིན།

༢་༦     སྦྱངས་པ་མཐར་སྐྱེལ་གྱི་སློབ་སྦྱོང༌།
    ཤེས་ཡོན་སློབ་སྦྱོང་ལ་འཛིན་རིམ་དང་བསླབ་གཞིའི་བཅད་མཚམས་མེད་པར། དེ་ནི་མི་ཚེའི་ནང་རང་ཉིད་ཀྱི་ནུས་རྩལ་ཡར་རྒྱས་བཏང་བ་བརྒྱུད་རང་དང་གཞན་གྱི་ཕན་བདེ་བདེ་བླག་ངང་བསྒྲུབ་པའི་མི་ཚེ་བརྒྱུད་རིམ་ཞིག་ཡིན། དོན་དངོས་ཐོག་ཤེས་ཡོན་སློབ་སྦྱོང་ནི་འགྲོ་བ་མིའི་རིགས་ཀྱི་བྱེད་སྒོ་རིམ་པ་མཐོ་ཤོས་དེ་ཡིན།
    གཞི་རིམ་སློབ་གྲྭའི་ནང་སློབ་སྦྱོང་གི་དམིགས་ཡུལ་གཙོ་བོ་སྦྱང་བྱའི་གནས་ལ་སློབ་གཉེར་མཐར་ཕྱིན་པ་བྱེད་པའི་ཕུགས་བསམ་དང་ཆོད་སེམས་སྐྱེད་སྲིང་བྱ་དགོས་པ་ལས། དུས་ཡུན་གང་ཙམ་རིང་སློབ་སྦྱོང་བྱས་ཏེ་འཚོ་ཐབས་ཀྱི་རྗེས་སུ་འབྲང་བའི་བསམ་བློ་ཉི་ཚེ་བའི་དབང་དུ་ནམ་ཡང་མི་ཤོར་བ་བྱ་དགོས།
    ཇི་སྐད་ས་པཎ་གྱིས། རིག་པ་ནངས་པར་འཆི་ཡང་བསླབ། །ཅེས་པ་ལྟར། བོད་ཀྱི་བྱུང་རབས་ནང༌། མི་ཚེ་ཧྲིལ་པོ་སློབ་སྦྱོང་གིས་མཐར་འཁྱོལ་མཛད་པའི་མཁས་གྲུབ་ཀྱི་སྐྱེས་བུ་བགྲང་གིས་མི་ལང་བ་ཞིག་བྱུང་ཡོད་པ་དེ་དག་མིག་དཔེར་བཟུང་ནས། ཤེས་ཡོན་སློབ་སྦྱོང་ཐོག་དྲང་བདེན་དང་གཟབ་ནན། རང་སྡོམ། གཞན་ཕན་བཅས་ཀྱི་གཞི་རྩའི་གཤིས་སྤྱོད་ཐོག མི་ཚེ་ཧྲིལ་པོ་སློབ་ལ་གཞོལ་བའི་ཆོད་སེམས་དང༌། ཤེས་ཡོན་གྱི་ཡང་རྩེར་བསྙེག་པའི་སྙིང་སྟོབས་བཅས་རྒྱུད་འཇགས་ཡོང་ཐབས་བྱ་དགོས།

མདུན་ཤོག

Menu