(དུས་དེབ་གོང་མའི་འཕྲོ།)  ཨེ་པ་བསོད་ནམས་རིན་ཆེན།

བཞི་པ།  ལོ་བཤད་དམ་ལོ་དཔྱད།

  ༄༅། །ལོ་དཔྱད་བཤད་པ་ལ་གཉིས་ཏེ་ལོ་དཔྱད་ཀྱི་གོ་དོན་རྣམ་དབྱེ་ངོ་སྤྲོད་གསལ་བསྡུས་སུ་བཀོད་པ་དང༌། ལོ་དཔྱད་ཀྱི་འབྲས་བུ་གཟིགས་ཚུལ་ལོ།། དང་པོ། ལོ་དཔྱད་ཀྱི་གོ་དོན་རྣམ་དབྱེ་ངོ་སྤྲོད་ལ་གསུམ་ཏེ། ལོ་དཔྱད་ཀྱི་ཐ་སྙད་དང་གོ་དོན་ནང་གསེས། ལོ་དཔྱད་བརྟག་གཞི། རྣམ་དབྱེ་དངོས་བཅས་སོ།།

གཅིག ལོ་དཔྱད་ཀྱི་གོ་དོན་དང་རྣམ་དབྱེ་ངོ་སྤྲོད།

ཀ༽ ལོ་དཔྱད་ཅེས་པ་མཁའི་གཟའ་སྐར་གྱི་བགྲོད་པ་དང༌། སྤར་སྨེ་ལོ་ཁམས་བཅས་ཀྱི་ཕྱི་འབྱུང་བའི་རྟེན་འབྲེལ་ཇི་སྙེད་བརྩི་གཞིར་བྱས་ཐོག་ལོ་རེའི་འབྱུང་བཞིའི་འགྱུར་བ་དང༌། གང་ཟག་གི་བདེ་སྡུག་སྣ་ཚོགས་པ་མ་འོངས་སྔོན་དཔག་བརྟག་དཔྱད་བྱས་པའི་རྩིས་རིག་པའི་ཟིན་ཐོ་ཞིག་ཡིན། ལོ་དཔྱད་ཀྱི་ས་བཅད་འདིའི་ནང་ལོ་རེའི་ཕྱི་སྣོད་ཀྱི་གནམ་གཤིས་ཚ་གྲང་དང༌། ཆར་ཞོད་ཆེ་ཆུང༌། ཁ་རླུང་སད་སེར་ཐན་སོགས་ཀྱི་རང་བྱུང་ཁམས་ཀྱི་འགྱུར་བ་སྣ་མང་སྙིང་པོར་བཀོད་ཐོག །དེ་འབྲེལ་རྩི་ཤིང༌། ལོ་ཏོག་འབྲུ་སོགས་སྐྱེ་དངོས་རིགས་རྒྱས་མིན། གཞན་ཡང་གང་ཟག་གི་བདེ་སྡུག་དང་འབྲེལ་བའི་ཡུལ་སྡེ་སོ་སོའི་རྒྱལ་ཁྲིམས་དང་འཁྲུག་རྩོད་ནད་རིགས་ཇི་འདྲ་འོང་བ། ཡུལ་ཁམས་ཀྱི་རྒྱལ་པོའི་སྐུ་ཕྱྭར་དོགས་མིན་སོགས་ཀྱི་བླང་དོར་སྙིང་པོར་བཀོད་ཡོད་པས། རྒྱུན་གཏན་ལེ་ཐོ་གཟིགས་པ་པོས་ལོ་དཔྱད་ཀྱི་རྣམས་དབྱེ་འདི་ཉིད་ལེགས་པར་གཟིགས་ཐུབ་ན་རང་གཞན་ཡུལ་སྡེ་སྤྱིའི་བདེ་རྩར་སྲུང་སྐྱོབས་དང༌། ལྷག་པར་ས་ཞིང་འདེབས་ལས་ཀྱིས་མཚོན་རྩི་ཤིང་སྐྱེ་དངོས་རིགས་ལ་རང་བྱུང་གནོད་འཚེ་མི་འབྱུང་བའི་སྔོན་འགོག་བྱ་རྒྱུར་ཕན་ཐོགས་དེ་བས་ཆེ་བ་ཡོད། གཞུང་ལེའི་ནང་ལོ་དཔྱད་ཀྱི་ཐོག་མར་ལེ་ཐོ་སྤེལ་ལོ་གང་ཡིན་དེའི་ཐ་སྙད་རྣམ་གྲངས་ཁག་དང༌། འབྱུང་ལོའི་སྲོག་ལུས་དབང་ཀླུང་སྨེ་བ་བཅས་ཀྱི་ཁམས། ཟླ་ཀླུང༌། གཞན་ཡང་ལོ་འཕོ་མཚམས་གང་ཡིན་གྱི་བྱེད་གྲུབ་ལུགས་སོ་སོའི་གཟའ་སྐར་སོགས་ལོ་དཔྱད་ཀྱི་བརྟག་གཞི་རྣམས་གསལ་བར་བརྗོད་ཐོག །ནག་རྩིས་རིག་པ་དང༌། དཀར་རྩིས་རིག་པ་ལུགས་གཉིས་པོའི་ལོ་དཔྱད་ཀྱི་འབྲས་བུ་སྙིང་པོར་བཀོད་ཡོད། 
   ཁ༽ ལོ་དཔྱད་ཀྱི་བརྟག་གཞི་བསྟན་པ་ལ། དེ་ཡང་དུས་འཁོར་ལུགས་ཀྱི་བསྟན་པའི་གནས་ཚད་ཀྱི་འདས་ལུས་རྩིས་པའི་རྗེས་དེ་མ་ཐག །ལེ་ཐོ་སྤེལ་ལོའི་གནམ་ལོའི་ཐ་སྙད། ལེགས་སྦྱར་དང་རྒྱ་སྐད། བོད་སྐད། དེ་བཞིན་འབྱུང་ལོའི་སྲོག་སོགས་དང་སྨེ་ཕྲེང་འབྱུང་ལྡན་གྲངས་བཅས་བཀོད་པ་འདི་ཉིད་རྒྱས་པ་གཤམ་འཁོད་རེའུ་མིག་ཏུ་གཟིགས། གཞན་ཡང་བྱེད་ལོ་དང༌། གྲུབ་པའི་ལོ་སྐར། ལོ་རྒྱལ་ལོ་བློན་སོགས་ལོ་དཔྱད་ཀྱི་བརྟག་གཞིའི་གཟའ་སྐར་ཇི་ཡིན་བཀོད་པ་འདི་ནི་ལེ་ཐོ་སྦྱོར་བ་པོས་རྩིས་རིག་པའི་ས་རིས་ཀྱི་ལམ་ནས་བརྩིས་པའི་ལོ་རེའི་འཕོ་མཚམས་ཀྱི་གཟའ་སྐར་ཡིན་པས་དེ་ཉིད་ཞིབ་པ་ལོ་འཕོ་སོ་སོའི་གཟུགས་རིས་བཅས་གཞུང་ལེའི་ཤོག་གྲངས་ ༧༣ ཡས་མས་སུ་གསལ།
  ག༽  ལོ་དཔྱད་ཀྱི་རྣམ་དབྱེ་བཤད་པ་ལ། དཀར་རྩིས་ལུགས་ལ་དུས་བསྟན་མེ་ལོང་སོགས་རྒྱ་གར་ནས་བྱུང་བའི་གཟའ་ལྔ་དང་དབྱངས་འཆར། ནག་རྩིས་ལུགས་ཀྱི་མདོ་སྡེ་གསང་བའི་ལོ་བཤད།(གཞུང་ལེའི་ནང་རྒྱ་ནག་ཅེས་གསལ།)གླང་རྩིས་དང་དམིགས་བཀར་ས་ཞིང་འདེབས་ལས་ལ་མཁོ་བའི་སོ་ནམས་ལས་རྩིས་བཤད་པའོ།།

གཉིས་པ། ལོ་དཔྱད་ཀྱི་འབྲས་བུ་གཟིགས་ཚུལ་བཤད་པ་ལ་གཉིས།

    འདི་ལ་གཉིས་ཏེ་ལོ་དཔྱད་གཟིགས་པ་ལ་ངེས་པར་མཁོ་བའི་ཐ་སྙད་ཁག་གི་འགྲེལ་པ་བཤད་པ་དང་ལོ་དཔྱད་ཀྱི་རྣམ་དབྱེ་སོ་སོའི་ངོ་སྤྲོད་བཤད་པའོ།།
   དང་པོ། ལོ་དཔྱད་ཀྱི་ཐ་སྙད་འགྲེལ་པ་བཤད་པ་ལ། དེ་ཡང་ལེ་ཐོ་གཟིགས་པ་པོས་གོང་གསལ་ངོ་སྤྲོད་བྱས་པའི་ལོ་དཔྱད་ཀྱི་རྣམ་དབྱེ་ཁག་གི་འབྲས་བུའི་གོ་དོན་གསལ་རྟོགས་ཐུབ་དགོས་ན་དེ་དང་དེའི་ནང་འཁོད་པའི་དམིགས་བསལ་རྩིས་རིག་པའི་ཐ་སྙད་ཁག་ངེས་པར་གསལ་པོ་མཁྱེན་དགོས། དེ་ལ་འདིར་སྐབས་སུ་ལོ་དཔྱད་ཀྱི་འབྲས་བུ་གཟིགས་ཚུལ་ལ་མཁོ་བའི་ཐ་སྙད་འགའ་ངོ་སྤྲོད་པ་ལ།
ཀ༽ གཟའ་སྐར་གྱི་ཐ་སྙད་རྣམ་གྲངས་དང་ཁམས་ཀྱི་དབྱེ་བ། ཁ༽ ལོའི་ཐ་སྙད་དང་ཟླ་བ་བཅུ་གཉིས་པོའི་ངོས་འཛིན། ག༽ དངོས་བསྟན་འབྲས་བུའི་ནང་གསལ་བའི་གོ་དཀའི་ཐ་སྙད་འགའ་ཞིག་གི་འགྲེལ་བཤད་པའོ།།
དང་པོ། གཟའ་སྐར་གྱི་ཐ་སྙད་རྣམ་གྲངས་དང་ཁམས་ཀྱི་དབྱེ་ཚུལ་བཤད་པ་ལ།
༡༽ གཟའི་ཐ་སྙད་རྣམ་གྲངས་དང་ཁམས་བཤད་པ།
གཟའ་བདུན་ནི།    ཉི༡་ཟླ༢་དམར༣་ལྷག༤་ཕུར༥་སངས༦་སྤེན༠། བཅས་གཟའ་རྣམས་ཀྱི་ཐོག་མ་ཉི་མ་ནས་འགོ་འཛིན་པས་འདིར་ཡང་རིམ་པར་གྲངས་གཅིག་གིས་གཟའ་ཉི་མ་དང༌། གཉིས་པས་ཟླ་བ། གསུམ་གྱིས་མིག་དམར་སོགས་མཚོན་པ་ཡིན་ནོ།།
གཟའ་བརྒྱད་དང་དགུའི་དབྱེ་བར། གོང་གི་རེས་གཟའ་བདུན་སྟེང་རཱ་ཧུ་སྦྱར་བས་བརྒྱད་དང་ཀེ་ཏུ་སྦྱར་བས་དགུའོ།། 
གཟའ་ལྔ་ནི།  མིག་དམར་དང༌། ལྷག་པ། ཕུར་བུ། པ་སངས། སྤེན་པ་བཅས་སོ།།     
དྲག་གཟའ་གསུམ།  གཟའ་ལྔའི་ཞི་དྲག་གི་དབྱེ་བ་ལས་དྲག་པོའི་གཟའ་གསུམ་སྟེ། ཉི་མའི་གཡས་ནས་འགྲོ་བ་ནི། མིག་མར་དང༌། ཕུར་བུ།  སྤེན་པ་བཅས་སོ།།
ཞི་གཟའ་གཉིས། ཁམས་ཀྱི་རང་བཞིན་ཞི་བ་དེ་ཡང་ཉི་མའི་གཡོན་ནས་འགྲོ་བ། པ་སངས་དང་ལྷག་པའོ།།
གཟའི་བགྲོད་བཞི་ནི། གཟའ་ལྔ་སོ་སོས་སྐར་ཁྱིམ་གོ་ལར་བགྲོད་པའི་ཚུལ་བཞི་སྟེ།   མྱུར་འགྲོས།(ཤར།) དལ་འགྲོས།(ལྷོ།) འཁྱོག་འགྲོས།(ནུབ)འབྱུུང་འགྲོས།(བྱང༌། )
གཟའི་ཁམས་ཀྱི་དབྱེ་བ། འབྱུང་རྩིས་དང་སྐར་རྩིས་ལུགས་མི་འདྲ་གཉིས་ཡོད་པ་ལས།
༡༽ འབྱུང་རྩིས་ལུགས་ལ།    ཉི་མ། མིག་དམར་མེ། ཟླ་བ་ལྷག་པ་ཆུ། རཱ་ཧུ་ནམ་མཁའ། ཕུར་བུ ཤིང་། པ་སངས་ལྕགས། སྤེན་པ་་ཡི་ཁམས་སོ།།
༢༽ སྐར་རྩིས་ལུགས་ལ། ཉི་མ་དང་མིག་དམར་མེ་ཁམས། ཟླ་བ་དང་ལྷག་པ་ཆུ། ཕུར་བུ་དང་སྒྲ་གཅན་གཉིས་རླུང༌། པ་སངས་དང་སྤེན་པ་་ཡི་ཁམས་སུ་བཞེད་དོ། །    

གཉིས་པ།  རྒྱུ་སྐར་གྱི་ཐ་སྙད་རྣམ་གྲངས་དང་ཁམས་བཤད་པ་ལ།

ཀ༽ རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི་རྣམ་གྲངས་ལ་འབྱུང་རྩིས་ལུགས་ལ་སྨིན་དྲུག་དང་སྐར་རྩིས་ལུགས་ལ་ཐ་སྐར་ནས་འགོ་འཛིན་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས་འདིར་ཐོག་མར་ཐ་སྙད་ངོས་འཛིན་སྐབས་ཐ་སྐར་ནས་བཟུང་སྟེ་བཤད་པ་ལ།
རྒྱུ་སྐར་ཉེར་བདུན་ནི།  ཐ་སྐར། བྲ་ཉ།ེ སྨིན་དྲུག །སྣར་མ།  མགོ ལག །ནབས་སོ། རྒྱལ།  སྐག །མཆུ། གྲེ། དབོ། མེ་བཞི། ནག་པ།  ས་རི། ས་ག །ལྷ་མཚམས། སྣྲོན། སྣུབས། ཆུ་སྟོད། ཆུ་སྨད། གྲོ་བཞིན།  བྱི་ཞུན།  མོན་གྲེ །མོན་གྲུ །ཁྲུམས་སྟོད། ཁྲུམ་སྨད། ནམ་གྲུ །བཅས་རྒྱུ་སྐར་ཉེར་བདུན་པོ་སྔར་ལྟར་གྲངས་སོ་སོས་མཚོན་པར་བྱེད་དོ།།
ཕྱོགས་སྐར་གྱི་དབྱེ་བ་སྟེ། རྒྱུ་སྐར་སོ་སོ་ཕྱོགས་གང་དུ་གནས་པའི་ཚུལ་ལ། འབྱུང་རྩིས་ལུགས་དང་སྐར་རྩིས་ལུགས་གཉིས་ཅུང་ཟད་མི་འདྲ་བ་ལས་འདིར་སྐར་རྩིས་ལུགས་ལྟར་འགོད་པ་ལ།
ཤར་སྐར་བདུན།  སྨིན་དྲུག །སྣར་མ། མགོ །ལག །ནབསོ། རྒྱལ། སྐག །
ལྷོ་སྐར་བདུན།   མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག །
ནུབ་སྐར་བདུན། ལྷ་མཚམས། སྣྲོན། སྣུབས། ཆུ་སྟོད། ཆུ་སྨད། གྲོ་ཞུན། བྱི་བཞིན།
བྱང་སྐར་བདུན། མོན་དྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ།

ཁ༽ རྒྱུ་སྐར་གྱི་ཁམས་གྱི་དབྱེ་བར་ཡང་ལུགས་གཉིས་ལས་འདིར་ཡང་སྐར་རྩིས་ལུགས་ལྟར་ངོ་སྤྲོད་པ་ལ།
ཤར་སྐར་བདུན། སྨིན་དྲུག །སྣར་མ། མགོ ལག །ནབསོ། རྒྱལ། སྐག །
ལྷོ་སྐར་བདུན།  མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག །
ནུབ་སྐར་བདུན། ལྷ་མཚམས། སྣྲོན། སྣུབས། ཆུ་སྟོད། ཆུ་སྨད། གྲོ་ཞུན། བྱི་བཞིན།
བྱང་སྐར་བདུན། མོན་དྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ། 
ག༽ ཟླ་བའི་ཐ་སྙད་བཤད་པ་ལ།
   དེ་ཡང༌། ལོ་དཔྱད་ནང་ཟླ་བ་བཅུ་གཉིས་པོ་སོ་སོ་ཐ་སྙད་གང་ཡང་ཟླ་བའི་ཉ་སྐར་གྱིས་མཚོན་པར་བྱས་སྟབས། ཉ་སྐར་གྱིས་བརྗོད་པའི་ཟླ་བ་དེ་དང་དེ་གང་ཡིན་གསལ་བར་རྟོགས་ཆེད་ཉ་སྐར་རྣམས་བཤད་པ་ལ།
མཆུ་ནི་དང་པོ་དབོ་གཉིས་པ། །ནག་པ་གསུམ་པ་ས་ག་བཞི། །སྣྲོན་ལྔ་ཆུ་སྟོད་དྲུག་པ་སྟེ། །གྲོ་བཞིན་བདུན་པ་ཁྲུམས་སྟོད་བརྒྱད། །ཐ་སྐར་དགུ་པ་སྨིན་དྲུག་བཅུ། །མགོ་ཟླ་བཅུ་གཅིག་རྒྱལ་བཅུ་གཅིག  །ཞེས་པའི་ཚིག་གིས་མཆུ་ཟླ་ཞེས་པ་ཟླ་བ་དང་པོ་དང༌། དབོ་ཟླ་གཉིས་པ། ནག་པ་ཞེས་པ་གསུམ་པ་སོགས་རིམས་པར་ཕྱི་མ་རྣམས་ལའང་སྦྱར་རིགས། གཞན་ཡང་ཟླ་སྟོད་ཅེས་པ་ཟླ་རེའི་ཚེས་ ༡་་་་་༡༥ བར་དང༌། ཟླ་སྨད་ཅེས་ཚེས་ ༡༦་་་༣༠ བར། ཡང་ཚེས་ ༡་་༡༠ ཟླ་སྟོད་དང༌།  ཚེས་ ༡༡་་༢༠ ཟླ་དཀྱིལ། ཚེས་ ༢༡་་་་་༣༠ ཟླ་སྨད་དོ།།
གཉིས་པ། ལོ་དཔྱད་ཀྱི་འབྲས་བུ་གཟིགས་པ་ལ་མཁོ་བའི་མིང་ཚིག་འགའ་ཞིག་གི་འགྲེལ་འཆད་པ་ལ།
རྒྱ་གར༽ དུས་བསྟན་མེ་ལོང་དང་དྲང་སྲོང་བླ་མའི་འབྲས་བུ་ལས། མྱོས་ལྡན་དང་རབ་བྱུང་ལ་སོགས་པའི་ལོའི་ཐ་སྙད་གོང་དུ་བཀོད་ཟིན་པ་དེས་འཐུས་ལ་སྐབས་སུ་འདིར་རྩིས་གཞུང་ནང་གསལ་བའི་གོ་དཀའི་ཐ་སྙད་འགའ་ཞིག་གི་འགྲེལ་པ་གླེང་བ་ལ།
༡། དུས་བསྟན་སྐབས།
སྔ་ཐན།    ཐན་པ་ཞེས་པ་ཉི་འོད་ལ་གོ་བས་འདིར་སྔ་ཐན་ཞེས་པ་ཟླ་བའི་སྒོ་ནས་དབྱེ་ན་ཟླ་བ ༡། ༤། ༧། ༡༠། བཞི་དང་དུས་ཀྱིས་དབྱེ་ན་སོས་ཀ་ལྟ་བུར་ཐན་པ་སྟེ་ཉི་མའི་གདུངས་བྱེད་ཀྱི་འཚེ་བ་འབྱུང་བའོ།།
ཕྱི་ཐན།    ཟླ་བའི་སྒོ་ནས་དབྱེ་ན་ཟླ་བ ༢། ༦། ༩། ༡༢། བཞི་དང༌། དུས་ཀྱིས་དབྱེ་ན་སྟོན་ལྟ་བུ་ནམ་སྨད་དུས་ཀྱི་ཚ་བ། 
སྐྱ་རྒྱལ།    འབྲུ་མང་བའི་དོན་དང༌། སྐྱ་ཕམ། འབྲུ་དཀོན་པའི་དོན།  ནམ་སྟོད། ལོའི་དབང་དུ་བྱས་ན་སྟོན་དགུན་གཉིས་དང༌། ཟླ་བའི་དབང་དུ་བྱས་ན་ཟླ་བ་དང་པོ་དང་གཉིས་པའི་སྟོད། ཟླ་བ་ ༤་ ༥ པའི་སྟོད་ ༧ ༨ ༡༠ ༡༡
ནམ་སྨད།    ལོའི་དབང་དུ་བྱས་ན་དབྱར་དཔྱིད་གཉིས། ཟླ་བའི་དབང་དུ་བྱས་ན། ཟླ་གཉིས་པའི་སྨད་དང་གསུམ་པ། ཟླ་ ༥ པའི་སྨད་ ༦ ༨ ༩ ༡༡ ༡༢ པའོ།།
དཀར་པོ།    འབྲུའི་རིགས།  
ཞོད།    ཆར་ཆུའི་རྒྱུན་ནམ། དྲག་ཆར་ཡུན་རིང་འབབ་པའི་ཆར་པའི་མིང༌།
༢།  ལོ་གཟའི་སྐབས
གཟན་པ། གནོད་པའམ་གཙེས་པའི་དོན།  གདོལ་པ། ཉ་འཛིན་མཁན། བཞོན།  འོ་མ་དང་ཞོ་སོགས་དཀར་ཆུ།
༣། ལོ་བདག་སྐར་འབྲས་སྐབས།
རྟ་ཆེན། སྐར་མ་མཆུ། ལག་སོར། སྐར་མ་ལྷ་མཚམས། རྟ་ཆུང༌། སྐར་མ་བྲེ།   ཁྲ། སྐར་མ་དབོ།  དམེ། བཙོག་པ། བྱ་མ། མེ་བཞི། བྱའུ། ནག་པ།  ལྡེའུ། སྐར་མ་སྣུབས།  ལྦ། རྒྱུ་སྐར་སྐག་གི་མིང༌།
༤། གཟའ་ལྔ་དང་སྐྱོན་བྲལ་ལོ་འཕོའི་སྐབས།
ལྟེང་ཀ     དབྱར་དུས་ས་སྟེང་གི་འཁྱིལ་ཆུ་འམ་ཆུ་མིག མུ་གེ།     ཟས་ཀྱི་འཚོ་བ་དབུལ་བའི་དུས་སྐབས། དལ་འགྲོ དལ་པོར་འགྲོ་བ་སྟེ་མྱུར་པོ་མིན་པ་གཟའ་སྤེན་པའི་མིང་གི་རྣམ་གྲངས། བྱེས། ཐག་རིང༌། ལྡེ་གུ         སྐྱོ་མ།    བྱེས་འགྲོ།    ཐག་རིང་དུ་འགྲོད་པ།   བྲ་བོ། བོད་ཡུལ་ས་མཐོར་སྨིན་པའི་འབྲུའི་རིགས་གཅིག ཆ་ག   ཆ་ག་པ་ཞེས་པའི་སྲོག་ཆགས་འབུ་རིགས་གཅིག་གི་མིང༌། ཆུ་བོ་འབྲི།  ཆུ་བོ་ཉུང་དུ་སོང་བའི་དོན།  བི་རྫི། སྐར་མ་སྣར་མའི་མིང་གི་མངོན་བརྗོད།  སྐམ་ནོར།  གསེར་དངུལ་ལ་སོགས་པའི་ནོར།   རློན་ནོར།  ཕྱུགས་ལ་སོགས།  ཡོན་པོ།  ཀྱག་སྐྱོག་གམ་དྲང་པོ་མིན་པ།  མི་བདག  རྒྱལ་པོའི་མིང༌། ལོ་ཞོལ།    ལོ་སྨད།   ཡ་ཙེ།   རྒྱའི་སྐད་དེ་བྱ་གག་གི་མིང༌།
༥།  དབྱངས་འཆར།

༡     རུས་སྦལ་འཁོར་ལོའི་སྐབས།     དབྱངས་འཆར་རྒྱུད་ལས་བསྟན་པའི་འཁོར་ལོའི་བྱེ་བྲག་ཡུལ་སྤྱིའི་བཟང་ངན་བརྟག་གཞི།
༢     སེར་གདན་འཁོར་ལོ།   དབྱངས་འཆར་རྒྱུད་ལས་བསྟན་པའི་ལས་བཞི་འཁོར་ལོ། གཙོ་བོ་རྒྱལ་པོའི་བདེ་སྡུག་བརྟག་གཞི་སྟེ་འདིར་ཡུལ་དབུས་དང་ལྷོ་བྱང་གསུམ་གྱི་རྒྱལ་པོའི་བདེ་སྡུག་སྲིད་བཅས་བརྟག་བྱེད།
༣     གདུགས་འཁོར།    ཡུལ་དབུས་དང་ཤར་ནུབ་ཀྱི་རྒྱལ་པོའི་བདེ་སྡུག་སྲིད་བརྟག
༤     ཕན་ཚུན་ཆེན་པོ།  དབྱངས་འཆར་ལས་བསྟན་པའི་ལས་བཞི་འཁོར་ལོའི་བྱེ་བྲག དེ་ཡང་ཡུལ་གྱི་མཁར་དང༌། ཡུལ་གྱི་གང་ཟག་(སྐྱེས་མིང་ལ་བརྟག)བཅས་ཀྱི་འཕོ་འགྱུར་བདེ་སྡུག་བརྟག་གཞི།
རྒྱ་ནག 
༡།   མདོ་སྡེ་གསང་བའི་ལོ་བཤད་སྐབས།
སོ་ཟར། སོ་བ་དང་ས་ཟར་མི།     ཁྲེའུ། འབྲུའི་རིགས་ཤིག བཙོན། ཉེས་པའི་དོན།    དཀར་མོ། ལོ་ཐོག་གི་མིང་སྟེ་དཀར་མོ་རྒྱལ་བ་ཞེས་ལོ་ལེགས་པའི་དོན་ཡིན། ཇུ་ཙེ། རྒྱ་ནག་གི་འབྲུ།  ཐོན་བུ། གསར་དུ་བཙས་པའི་བུའམ་གཞན་གྱི་ཆུང་མ་དང་འགྲོགས་པ་ལས་སྐྱེས་པའི་བུ། བྱང་བྱིང༌། བྱིང་བྱིང་ཐུ་ལུ་ཞེས་པའི་འབུ། ཤར་གྱི་གནམ་དམག ཐན་པའི་མིང༌།  ནུབ་གྱི་གནམ་དམག ཆར་པའི་མིང༌། ཤ་རྭགས་དམག དམག་དྲག་པོའི་དོན། ཝ་ས།  ཁང་པའི་ཐོག་གི་ཆུ་འགྲོའི་ལམ་ལྦ་ཞེས་པ་དེའི་ས། ས་འདི་ཉམས་ན་ཆར་དུས་ཐིགས་པའི་ཉེན་ཡོད། ཝ་ཆུ་ཚུགས།   ཆུ་འགྲོར་ཆུ་རྒྱུགས་འགོ་ཚུགས་པ་ཞེས་ཆར་བཟང་བའི་དོན།   ལྕོག འབུར་ཐོན་གྱི་དབྱིབས་ཅན། ཁང་ཐོག་གི་ཟུར་ལྕོག བྱང་ནས་རྫི་ལྡང༌། སད་འོང་བའི་བརྡ།
༢།  རྒྱ་ནག་སྟག་རྣ་ཆུང་བའི་སྐབས།
མཚོན་དར།     དམག་འཁྲུག་འབྱུང་བའི་དོན།   ཤྭས།  ཤྭ་འོད་ཀྱིས་ཞེས་པ་ཆུ་ལོག་གམ་ཆུའི་གནོད་པ།  རྒྱལ་པོ།  ནས་ཀྱི་མིང༌།  བློན་པོ། ཟོང་གི་མིང༌།  དཀར་མོ་རྒྱལ་བ། ལོ་ལེགས་པའི་དོན། དཀར་མོ་བཙན་པ། སྟེང་ཞིང་དགེ་ཞེས་ཆར་ཆུས་བསྐྱེད་པའི་ཞིང་རྣམས་བཟང་བའི་དོན། དཀར་མོ་བྱང་འགྲིམས། ནས་ཉིད་དཀོན་པའི་བརྡ།  དཀར་མོ་རློན་པ། སྐྱ་རྒྱལ་བའི་དོན།  དཀར་མོ་སྤྱང་བ། མུ་གེའི་ངོ༌། རྒྱལ་གྱིས་རློན་ལ་རྒོལ། སྐྱ་ཕམ་པའི་དོན།  

གཉིས་པ། ལོ་དཔྱད་ཀྱི་རྣམ་དབྱེ་སོ་སོ་ངོ་སྤྲོད།

༄༅། །དེ་ཡང་སྔར་བྱོན་རྒྱ་བོད་དྲང་སྲོང་རྣམས་ཀྱིས་རང་གནས་ཡུལ་གྱི་ས་བབས་གནས་སྟངས་དང་ཡུལ་གོམས་གཤིས་ལུགས། དུས་འགྱུར་སོགས་ལ་ལྟོས་ཏེ་གཟའ་སྐར་རྟེན་འབྲེལ་གྱིས་འབྱིན་པའི་བདེ་སྡུག་བླང་དོར་གསལ་བའི་རྩིས་ཐབས་ཇི་སྙེད་གཅིག་བསྟན་པ་ཕལ་ཆེ་ལྷོ་གླིང་དབུས་མ་གཙོར་བྱས་པའི་ཡུལ་སྡེ་ཁག་ལ་བརྩི་བས་འདི་ཀུན་བོད་རྩིས་རིག་པའི་ནང་གསལ་བཞིན་སྐབས་སུ་གཞུང་ལེའི་ནང་ལོ་རེའི་དཔྱད་པ་སྙིང་བསྡུས་སུ་འགོད་བཞིན་ཡོད་པ། འདི་དག་ལ་གཟིགས་པ་པོས་འཇུག་ལྡོག་མི་ནོར་བར་སྤང་བླང་ཐུབ་ན། འཇིག་རྟེན་འཚོ་བའི་བྱ་རིམ་ནང་དགེ་ཕན་གང་ལེགས་འབྱུང་ངེས།
    བརྟག་ཐབས་རིག་པའི་ཐབས་ཚུལ་མི་འདྲ་བའི་དབང་གིས་ལོ་དཔྱད་ཀྱིས་རྣམ་དབྱེ་འདིར་སྡེ་ཚན་མི་འདྲ་བ་ལྔ་ཙམ་ཀྱིས་ལོ་རེའི་བླང་དོར་གནད་དུ་བསྒྲིལ་ཏེ་བསྟན་པའང༌།  
 རྒྱ་གར༽ དང༌།  གཟའ་ལྔ་༽  དབྱངས་འཆར༽   རྒྱ་ནག༽་བཅས་པའི་ལོ་དཔྱད་ངོ་སྤྲོད་མདོར་བསྟན་དང༌། ས་གླང་གི་རྣམ་བཞག་ཅུང་ཟད་རྒྱས་པར་བཤད་པའོ།།
༡      རྒྱ་གར༽ རྒྱ་གར་ཞེས་འཁོད་པའི་ལོ་དཔྱད་འདིའི་ནང་ལུགས་མི་འདྲ་བའི་རྩིས་རིག་སོ་སོས་ལོ་རེའི་གཟའ་སྐར་འཕོ་ཚུལ་ལ་དཔྱད་པ་བྱས་པའི་བླང་དོར་རྣམས་གསལ་བར་བཀོད་ཡོད།
    གཟའ་ལྔ༽  གཟའ་ལྔ་ཞེས་པའི་ལོ་དཔྱད་འདིའི་སྐབས། མིག་དམར་དང༌། ལྷག་པ། ཕུར་བུ། སྤེན་པ། པ་སངས་བཅས་པའི་གཟའ་ལྔ་པོས་ལོ་རེར་སྐར་ཁྱིམ་གོ་ལར་ཇི་ལྟར་བགྲོད་པའི་ཚུལ་ལ་དཔྱད་དེ་སའི་གོ་ལར་གནས་པའི་མི་ཕྱུགས་རྩི་ཤིང་དང༌། གནམ་གཤིས་ཚ་གྲང༌། ཆར་ཞོད་ཆེ་ཆུང་སོགས་ཀྱི་འཕོ་འགྱུར་ལ་དཔྱད་པ་ཞིག་ཡིན།
༣   དབྱངས་འཆར༽  དབྱངས་འཆར་ནི་དབྱངས་འཆར་རྩིས་རིག་པའི་གཞུང་ལས་བསྟན་པའི་བརྟག་ཐབས་རྩིས་རིག་པ་ཞིག་ཡིན་ཅིང༌། འདིའི་ནང་སེང་གདན་འཁོར་ལོ་དང༌། རུས་སྦལ། གདུགས་འཁོར། ཕན་ཚུན་ཆེན་པོ་བཅས་འཁོར་ལོ་མི་འདྲ་བ་བཞི་ཙམ་ལ་བརྟེན་ཏེ། ཡུལ་སྤྱི་དང༌། རྒྱལ་པོ། མཁར་རྫོང༌། གང་ཟག་བྱེ་བྲག་པའི་བདེ་སྡུག་བརྟག་ཐབས་སྙིང་བསྡུས་སུ་བཀོད་ཡོད།
༤  རྒྱ་ནག༽  རྒྱ་ནག་ཅེས་འཁོད་པའི་ལོ་དཔྱད་དེའི་ནང་ནག་རྩིས་རིག་པ་ལས་བསྟན་པའི་ལོ་རེའི་འབྱུང་ལོ་དང༌། སྨེ་འཁོར། རྒྱལ་བློན་སོགས་ཀྱི་འབྲས་བུ་བསྟན་ཡོད།
༥     རྒྱ་ནག་གླང་རྩིས༽    ས་གླང་ནི་ནག་རྩིས་རིག་པ་ལས་འབྱུང་བའི་བརྟག་ཐབས་རྩིས་རིག་པའི་བྱེ་བྲག་གཅིག་ཡིན། ས་གླང་འདི་རྒྱ་བོད་དམངས་ཁྲོད་དུ་གྲགས་ཆེ་ལ། ལྷག་པར་ངལ་རྩོལ་མི་དམངས་ཀྱིས་རྒྱུས་མངའ་དང་མོས་པ་ཆེར་ཡོད་པའི་ལོ་རེའི་གནམ་གཤིས་ཆར་ཆུའི་འགྱུར་ལྡོག་དང༌། མི་ཕྱུགས་ཀྱི་བདེ་སྡུག །སོ་ནམ་གྱི་བཟང་ངན་སོགས་འཇིག་རྟེན་འཚོ་ཐབས་དང་འབྲེལ་བའི་རྟེན་འབྲེལ་བརྟག་པའི་རྩིས་རིག་པ་ཞིག་ཡིན། རིག་པ་འདིས་ཕྱི་དུས་ཀྱི་འཕོ་འགྱུར་གྱི་གཟེར་བརྩི་བ་གཞིར་བྱས་པའི་རྩིས་ཚུལ་ཇི་སྙེད་ཡོད་པ་རྣམས་དམངས་ཁྲོད་པ་རྣམས་ཀྱིས་རྟོགས་བདེའི་ཕྱིར་གླང་དང་རྫི་བོ་བཅས་པར་དཔེ་སྦྱར་ཏེ་ལེགས་ཉེས་བླང་དོར་ལུང་དུ་བསྟན་ཡོད།

མདུན་ཤོག

Menu