བེ་རི་འཇིགས་མེད་དབང་རྒྱལ།

ཏྲེ་ཤོད་ཁུལ་དུ་བོད་ཀྱི་ཐ་སྙད་གཙུག་ལག་རིག་པའི་བྱུང་རིམ།

༄༅། །ལོ་རྒྱུས་ཀྱི་བྱུང་རིམ་ཐོག་ཕྱི་མིག་རགས་ཙམ་བལྟས་ན། མེས་དབོན་རྣམ་པའི་སྐབས་མདུད་པ་བཞི་དང༌། སྒང་དྲུག རོང་བརྒྱད། ཤོད་བཅུ་ཞེས་གྲགས་པའི་ནང་ཚན་ཏྲེ་ཤོད། དེང་སང་དཀར་མཛེས་ཁུལ་དུ་གྲགས་པའི་ཁོར་ཡུག་འདིར་བསྐལ་པ་ཡ་ཐོག་གི་སྐབས་བོད་རང་གི་བོན་དང་རིག་གཞུང་གཙང་མ། རྒྱལ་ཁབ་དང་མི་རིགས་གཞན་གྱི་སྲོལ་དང་འདྲེས་སླད་མ་ཤོར་བའི་རྒྱུན་བཟང་གསེར་གྱི་ཕྱེ་མ་དང་དངུལ་གྱི་མེ་ཏོག་ལྟར་དཀར་ཞིང་རྒྱས་ལ་འཕེལ་བའི་ལོ་རྒྱུས་ཞིབ་ཕྲ་ཅིས་ཀྱང་ཡོད་ངེས་པའི་དཔང་རྟགས་སུ། དུས་ཕྱིས་དུས་རབས་བཅུ་གསུམ་པའི་བར་བོན་གྱི་བླ་དཔོན་ཟུང་འབྲེལ་གྱིས་ཡུལ་ལུང་འཛིན་སྐྱོང་བྱས་ཏེ། དགྲ་རྒོལ་གཉེན་སྐྱོབ་དང༌། བོན་རིག་འཛིན་སྐྱོང༌། ས་མཚམས་བརྟན་སྲུང༌། ནང་ཁུལ་ཆིག་སྒྲིལ་གྱི་བྱ་གཞག་དཔེ་མེད་བྱས་པའི་ལོ་རྒྱུས་ཡིག་ངག་གཉིས་ཐོག་ཏུ་གསལ་བ་ལྟར་ལགས་པར་མ་ཟད། ད་དུང་ཧོར་སོག་ཇག་དམག་གིས་འཇང་དང༌། མི་ཉག །ཡུ་གུར་སོགས་ནས་འགོ་བཙུགས་ཏེ་དཔུང་འཇུག་བཙན་འཛུལ་གྱིས་ཁམས་ཀྱི་ས་ཁྱོན་ཡོངས་རྫོགས་དབང་བསྒྱུར་བྱས་ཐོག །བོད་ཀྱི་གདོད་མའི་ཆོས་དང་གོམས་སྲོལ་བཅས་པ་ལ་གོད་ཆག་ཚད་མེད་མ་བྱས་བར་དུ་ཏྲེ་ཤོད་དཀར་མཛེས་ཁུལ་འདིར་བོད་ཀྱི་ཆོས་དང་རིག་གཞུང་གི་རྨང་གཞི་བརྟན་པོ་ལྡན་པའི་ལྟེ་གནས་ཚད་ལྡན་ཞིག་ཡིན་པ་གསལ་བཤད་བྱེད་ཐུབ་སྟེ། ཧོར་ཁོག་སྟོད་སྨད་གང་སར་བོན་གྱི་དགོན་སྡེ་གཏོར་བ་དང་འཐོར་བའི་གནའ་ཤུལ་ཤིན་ཏུའང་མང་པོ་ཡོད་པ་དེ་དག་གིས་མཚོན་ནུས་སྙམ་མོད། འདིར་བཤད་བྱ་དངོས་ཀྱི་བརྗོད་གཞི་མི་སྙོག་པའི་ཆེད་རེ་ཞིག་ཟུར་འཇོག་བྱས།
    བོད་དུ་ཤཱཀྱའི་རིང་ལུགས་མངོན་གསལ་དོད་པའི་ཐོག་ནས་དར་སྤེལ་གྱི་འགོ་འཛུགས་གནང་མཁན་ནི་སྲོང་བཙན་ཡིན་ཞིང༌། ཕྱི་ལོའི་དུས་རབས་བདུན་པ་ནས་ཤཱཀྱའི་ཆོས་ལུགས་དང་བོད་ཀྱི་རིག་གཞུང་མཉམ་འབྲེལ་གྱིས་གསར་འཛུགས་བྱས་ཚུལ་ལོ་རྒྱུས་ཐོག་གྲགས་ཆེ་བས་གསལ་བཤད་མི་དགོས། དུས་སྐབས་དེ་དང་མཉམ་དུ་ཏྲེ་ཤོད་དཀར་མཛེས་ཁུལ་དུའང་ཤཀ་ཆོས་དང་མཉམ་འབྲེལ་བྱས་པའི་བོད་ཀྱི་ཆོས་རིག་གཉིས་ཀའི་རྨང་གཞི་གསར་པའི་འཕེལ་རིམ་གྱི་འགོ་འཛུགས་བྱས་ཡོད་པ་ངོས་འཛིན་བྱས་ནའང་མི་འཚམ་པ་མི་འདུག་སྙམ་སྟེ། མ་ཎི་བཀའ་འབུམ་ལས། མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་བཅུ་གཉིས་བཞེངས་པའི་ནང་ནས་ད་ལྟའང་མཇལ་དུ་ཡོད་པའི་ཏྲེ་ཤོད་ཀ་བྲག་ཇོ་ཁང་འདི་ཉིད་ཀྱི་ལོ་རྒྱུས་ལ་བལྟས་ན་རགས་ཙམ་དཔོག་ཐུབ་པ་ཡིན།
    དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བོན་བན་གཉིས་ཀའི་གཞུང་ལུགས་ལ་གཞན་དྲིང་མི་འཇོག་པའི་མཁས་པ་བཻ་རོ་ལོ་ཙཱ་བ་ལྷ་ས་ནས་རྒྱལ་མོ་ཚ་བ་རོང་དུ་རྒྱང་འབུད་བཏང་རྗེས། རྒྱལ་མོ་ཚ་བ་རོང་ནས་ཏྲེ་ཤོད་ལོ་ཙཱ་བ་དག་སྒྲུབ་ཕུག་ཏུ་བོན་ཕྱག་ཟུང་འབྲེལ་གྱིས་སྒྲུབ་པའི་རྒྱལ་མཚན་བསྒྲེངས་ཏེ། ཟུང་འཇུག་གདོད་མའི་རྒྱལ་ས་ལ་བསྙེགས་ནས་སློབ་ཚོགས་དུ་མར་བོད་ཀྱི་ཆོས་རིག་གཉིས་ཀའི་སྲོལ་རྒྱུན་རྒྱ་ཆེར་སྤེལ་ཚུལ་ལོ་རྒྱུས་ཐོག་གྲགས་པ་ལས་ཏྲེ་ཤོད་ཁུལ་འདིར་སྔ་འགྱུར་རྙིང་མ་པའི་གཞུང་དང་འབྲེལ་བའི་བོད་ཀྱི་རིག་གཞུང་གི་འཕེལ་རིམ་གསར་པའི་ལེའུ་ཞིག་གི་དབུ་ཚུགས་པའང་ཤེས་ཐུབ་སྙམ།
    དུས་རབས་བཅུ་གཅིག་པའི་དུས་འགོར་ལོ་རྒྱུས་ཐོག་བོད་ཀྱི་སྤྲུལ་སྐུ་དང་པོ་རྒྱལ་དབང་ཀརྨ་པ་དུས་གསུམ་མཁྱེན་པ་ཏྲེ་ཤོད་ར་ལྟག་སྟེང་དུ་མཚན་དཔེ་སྐུའི་མེ་ཏོག་བཞད་པ་ནས་དབུས་འགྱུར་ལྷ་ལྡན་ཁུལ་དུ་མདོ་སྔགས་ཐ་སྙད་རིག་གནས་དང་བཅས་པ་ལ་སྐྱེས་སྦྱངས་ཀྱི་ཟེའུ་འབྲུ་ཡོངས་སུ་སྨིན། ཕྱོགས་མེད་དོན་གཉེར་ཅན་གྱི་སློབ་ཚོགས་ཁྲི་ཁྲག་དུ་མ་པདྨའི་མཚོ་ལ་ངང་པ་དང༌། སྐྱེད་མོས་ཚལ་ལ་བུང་བ་བཞིན་འདུས། གསུང་གི་འཕྲིན་ལས་བཟང་པོའི་དྲི་བསུང་མངར་མོ་མདོ་དབུས་འཛིན་མའི་ཁྱོན་ཀུན་ཡོངས་སུ་བརྡལ་བའི་བཀའ་དྲིན་གྱི་གྲུབ་ཆ་ལས་བསྟན་པ་སྤྱི་དང་སྒོས་སུ་ཕྱག་ཆེན་ཀཾ་ཚང་དང་འབྲེལ་བའི་ཆོས་དང༌། བོད་ཀྱི་སྲོལ་རྒྱུན་ཐ་སྙད་གཙུག་ལག་རིག་པའི་ཆ་ལག་དང་བཅས་པའི་འཕེལ་རིམ་ངེས་ཅན་བྱུང་ཡོད་པའང་སྔོན་བྱུང་གི་ལོ་རྒྱུས་དང་བསྡུར་ནས་ར་འཕྲོད་བྱེད་ཐུབ་པ་ཞིག་ཡིན། ད་དུང་དུས་རབས་དེའི་ནང་ཏྲེ་ཧོར་ལོ་ཙཱ་བ་ཞེས་འཕགས་བོད་སྐད་གཉིས་སྨྲ་བའི་སྒྲ་སྒྱུར་ཁྲོད་སྙན་གྲགས་ངེས་ཅན་ཡོད་པ་ཞིག་ཀྱང་བྱུང་ཞིང༌། ཁོང་གིས་གསུང་རབ་མང་པོ་བོད་བསྒྱུར་བྱས་ཚུལ་བུ་སྟོན་ཆོས་འབྱུང་སོགས་སུ་གསལ།
    ལྷག་པར་དུ་དུས་རབས་བཅུ་གསུམ་པའི་ནང་སོག་པོས་བོད་ལ་དབང་བསྒྱུར་བྱས་པའི་རྗེས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་དུ་ཕེབས་པའི་མཛད་འཕྲིན་གྱི་ཉི་འོད་མདོ་དབུས་ཁམས་གསུམ་དུ་འཆར་བའི་སྐབས་དང་བསྟུན། ལོ་ཙཱ་བ་ཆེན་པོ་སྒ་ཨ་གཉན་དམ་པ་ལ་ཞལ་བཀོད་ཇི་ལྟར་གནང་བ་བཞིན་ཏྲེ་ཤོད་མནྜལ་ཐང་དུ་གུར་མགོན་ལྷ་ཁང་གསར་འདེབས་དང་འབྲེལ་ཐུབ་བསྟན་སྤྱི་དང་སྒོས་སུ་དཔལ་ལྡན་ས་སྐྱའི་ལུགས་བཟང་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་གི་དར་ཁྱབ་ཆེས་ཆེར་བྱུང་ཡོད་པར་མངོན།    
    ཕྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཙམ་དུ་དགའ་ལྡན་ཕོ་བྲང་ཕྱོགས་གཏོགས་དང་བཅས་པས་སོག་པོའི་དྲག་ཤུགས་ལ་རྒྱབ་བཅོལ་ནས་གཙང་སྲིད་ལ་བཞི་ཤད་ཀྱིས་མཐའ་བསྡོམས་བཀོད་པ་དང་བསྟུན་ནས། ྋགོང་ས་ལྔ་པ་ཆེན་པོས་ཧོར་རིགས་བཙན་པོའི་གདུང་རྒྱུད་ངག་དབང་ཕུན་ཚོགས་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་ལ་ཆོས་རྗེ་དང༌། ཏ་ཀོ་ཤི་ཝེ་ཤི་ཞེས་པའི་ཆོ་ལོ་སྩལ། ཆོས་རྗེ་དེ་ཉིད་ལྷ་ལྡན་ནས་ཏྲེ་ཤོད་ཁུལ་དུ་ཕྱིར་ཕེབས་ཐོག །དེ་སྔོན་ཕུ་བོ་དཀའ་བཅུ་ནམ་མཁའ་འོད་ཟེར་གྱིས་ཕྱག་བཏབ་པའི་ཤུག་རི་དགོན་པ་དེ་བཞིན་ཕྱི་ལོ་ (༡༦༦༢)ད་ལྟ་མཐོང་ཆོས་སུ་ཡོད་པ་འདིར་སྤོས་ནས་བཀྲིས་སྐར་འཛིན་དར་རྒྱས་གླིང་ཞེས་པའི་མིང་བཏགས།(དུས་ཕྱིས་དཀར་མཛེས་ཞེས་པའི་མིང་འདི་གྲགས་པ་བྱུང་) དེ་ནས་བཟུང་རང་གི་ཡབ་ཧོར་ནམ་མཁའ་རྒྱལ་མཚན་གྱི་མངའ་ཁོངས་སུ་གཏོགས་པ། རྫ་སྟོད་ག་ཡུལ་མགོ་ནས་བྲག་མགོ་ཤིང་ཁོག་བར་དུ་དཔུང་ཤུགས་ཀྱིས་དྲག་གནན་ཐོག་ནས་བོན་རྙིང་ས་བཀའི་ཆོས་ལུགས་གྲུབ་མཐའ་མང་པོ་བསྒྱུར་བཅོས་དང་གསར་བཏབ་ཅི་རིགས་ཀྱིས་དགེ་ལུགས་པའི་དགོན་སྡེ་བཅུ་གཉིས་དང༌། རང་གི་སྤུན་མཆེད་ཧོར་ཆོས་རྗེ་བློ་བཟང་བསྟན་འཛིན་གྱི་སྐུ་སྐྱེ་གཉིས་པ་དབོན་པོ་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་གསར་དུ་བཏབ་པའི་དགོན་གསར་དགོན་པ་བཅས་སྔ་ཕྱིར་དགེ་ལྡན་པའི་དགོན་ཁག་བཅུ་གསུམ་དང༌། སྟོང་སྐོར་ཞབས་དྲུང་ཡོན་ཏན་རྒྱ་མཚོས་ཕྱག་བཏབ་པའི་སྟོང་སྐོར་དགོན་པ་སོགས་སུ་དགེ་ལྡན་པའི་ལྟ་གྲུབ་དང་འབྲེལ་བའི་བོད་ཀྱི་གཙུག་ལག་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་གསར་པ་ཞིག་འགོ་འཛུགས་བྱས་པའི་ལོ་རྒྱུས་ནི་ཉེ་རབས་ཀྱི་གནས་ཚུལ་ཡིན་པས་གསལ་བཤད་དེ་ཙམ་མ་བྱས་ཀྱང་ཤེས་སླ།།

ཏྲེ་ཤོད་དཀར་མཛེས་ཁུལ་དུ་གཙུག་ལག་ཐ་སྙད་རིག་གཞུང་གི་འཕེལ་རིམ་དང་འགྲོགས་པའི་འགོག་རྐྱེན།

    མདོ་ཁམས་ཏྲེ་ཤོད་དཀར་མཛེས་ཁུལ་འདི་ས་ཁྱོན་རྒྱ་ཆེ་ཞིང་མི་འབོར་གྱི་གྲངས་མང་བ། ཆོས་ལུགས་དང་གྲུབ་མཐའ་དར་སྲོལ་ཆེ་བ། རྒྱུ་མཚན་དང་གནས་ལུགས་མཐོང་མིན་ལ་མ་ལྟོས་པར་དད་པ་དང་དོ་སྣང་ཆེ་བ། དཔལ་འབྱོར་གྱི་ཐོན་ཁུངས་བཟང་ཞིང་ཚོང་ཟོག་གི་འགྲིམ་སྒོ་ཆེ་བ། རྒྱ་བོད་ཀྱི་འདུས་མདོ་འཁེལ་བས་མི་རིགས་ཀྱི་འབྲེལ་མཐུད་བདེ་བ་བཅས་ཀྱི་ཆ་རྐྱེན་འོག་སྔར་ནས་ད་བར་བསྟན་འཛིན་སྐྱེས་ཆེན། མཁས་པའི་དབང་པོ། རྟོགས་ལྡན་གྲུབ་ཐོབ། བླ་སྤྲུལ་དགེ་བཤེས་སོགས་མང་པོ་ཞིག་བྱོན་དང་འབྱོན་བཞིན་པར་མ་ཟད། ད་དུང་ཡང་མུ་མཐུད་ནས་འབྱུང་འགྱུར་ཐེ་ཚོམ་མི་དགོས་མོད། དེ་ལྟ་ནའང་དམ་པ་དེ་དག་གི་རྣམ་པར་ཐར་བའི་བརྒྱུད་རིམ་ལ་བལྟས་ན་ཏྲེ་བོ་ལོ་ཙཱ་བ་ཤེས་རབ་འབྱུང་གནས་དང༌། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ། བདུན་པ་ཆོས་གྲགས་རྒྱ་མཚོ། དགུ་པ་དབང་ཕྱུག་རྡོ་རྗེ།  ཞྭྭ་དམར་ཆོས་གྲུབ་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་མང་པོ་ཞིག་ཆུང་གཞོན་ནུའི་དུས་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་བསྙེགས་ནས་མཁས་པའི་མཚན་སྙན་རྒྱས། གྲུབ་པའི་གོ་འཕང་རྙེད་པའི་རྗེས་སུའང་དབུས་གཙང་ཁོངས་སུ་མཛད་པ་འཕྲིན་ལས་རྒྱས་པ་མ་གཏོགས། རང་གི་འཁྲུངས་ཡུལ་དུ་སྤྱན་རས་གཡོ་བ་དང་ཞབས་ཟུང་བཅགས་པའི་མཛད་པ་མ་གནང་བ་དང༌། ལྷག་པར་དུས་ཕྱིས་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་རྗེས་ཏྲེ་ཤོད་ཁུལ་གྱི་དགོན་སྡེ་བཅུ་གསུམ་གྱི་ཁྱབ་ཁོངས་སུ་གཏོགས་ཚད་དབང་པོ་སྐྱོན་ཅན་གྱི་ནད་གཅོང་རིགས་ཕུད། དེ་བྱིངས་གྲྭ་ལུས་ལེན་ཚད་སྟོད་གྲྭ་སའི་གྲྭ་ཚང་དུ་གྲྭ་ས་གཅོད་པར་འགྲོ་དགོས་པ་སྤྱི་བོའི་གནམ་ཁྲལ་ལྟ་བུར་གྱུར། གལ་ཏེ་གནས་བབས་གང་ཞིག་གི་རྐྱེན་པས་གྲྭ་སར་འགྲོ་མ་ཐུབ་པར་ལུས་ན་ཇི་སྲིད་ནམ་གནས་བར་ཚོགས་ཀྱི་གྲལ་མཐའ་ལ་སྡོད་དགོས་པ་དང༌། གཟན་རྒན་དང་གྲྭ་རྒན། ད་དུང་ཁམས་རྒན་དང་ཁམས་ལྟོ་ཞེས་མིང་ངན་འདྲ་མིན་བསྙད་ནས་མཐོང་ཆུང་དང་ཁྱད་གསོད་བྱེད། དེར་བརྟེན་དགེ་ལྡན་པའི་གྲྭ་རྒྱུན་མང་ཆེ་བ་ལོ་ན་བཅུ་བདུན་བཅོ་བརྒྱད་ཡན་མན་ནས་གྲྭ་སར་གཤར། གདན་ས་ཆེན་པོའི་ཆོས་གྲྭའི་ནང་ཕྱོགས་མཐའ་ནས་ཕེབས་པའི་གྲྭ་ཚོགས་སྟོང་ཕྲག་མང་པོ་དང་ལྷན་ཅིག་གཏན་ཚིགས་རིགས་པའི་རྣམ་གཞག་ལས། ཁ་དོག་དཀར་དམར་དང༌། ཡིན་ལོག་མིན་ལོག །ལྡོག་པ་ངོས་འཛིན། ཡོད་རྟོགས་མེད་རྟོགས། དགག་གཤག་སྒྲུབ་གཤག །མཚན་མཚོན། བློ་རིག་རྟགས་རིགས་སོགས་ལ་མི་ལོ་ཧྲིལ་པོ་གསུམ་གྱི་རིང་བསླབས། དེའི་རིང་ལ་ཤག་ཚང་དགེ་རྒན་དང་དཔེ་ཁྲིད་དགེ་རྒན་ཚད་ལྡན་འོག་ནས་ཕ་མ་སྤུན་ཉེ་སོགས་མེད་ནའང་རང་བསམ་བཏང་ནས་སློབ་སྦྱོང་ལ་བརྩོན་པའི་གྲུབ་འབྲས་ངེས་ཅན་བྱུང་རིགས་བརྒྱ་ཆ་བཅུ་གྲངས་ཕུད། དེ་བྱིངས་བརྒྱ་ཆ་དགུ་བཅུ་མ་ཟིན་ཙམ་གྲྭ་སར་བསྡད་རིང་ཉེས་རྡུང་དང་བཀྲེས་ལྟོགས་ཀྱི་རིན་འབབ་གྲྭ་སའི་སྐྱེས་ཆེན་དམ་པ་ཚོའི་བྱིན་རླབས་སམ་སེམས་ཁམས་ལ་ལྷད་མེད་པའི་ཆོས་ཀྱི་བག་ཆགས་ངེས་ཅན་རེ་བཞག་ཀྱང༌། སོར་མོ་གསུམ་གྱི་ནང་དུ་སྨྱུ་གུ་འཆང་མྱོང་མེད་ཅིང༌། བསྡུས་ཚན་གྱི་གླེགས་བམ་དེ་ལས་གཞན་པའི་ཕྱག་དཔེ་སྣ་གཅིག་ཀྱང་ཁ་ཕྱེ་མྱོང་མེད་པ། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སུམ་རྟགས་དག་གསུམ་དང༌། སྙན་མངོན་སྡེབ་གསུམ་སོགས་ཀྱི་མིང་ཙམ་ཡང་གོ་མྱོང་བ་ཕར་ཟད། དབྱངས་དང་གསལ་བྱེད་ཀྱི་གྲངས་ཀ་དང༌། སྔོན་རྗེས་ཡང་འཇུག་མིང་གཞིའི་ཐ་སྙད་ཙམ་ཡང་གོ་མྱོང་མེད་ན་སྨན་རྩིས་ཀྱི་རིག་གནས་སོགས་མི་མཁྱེན་པ་སྨྲ་ཅི་དགོས།
    གཞིས་དགོན་ཁག་གི་ནང་གྲྭ་པ་དེ་རིགས་ཀྱིས་བརྒྱ་ཆ་བདུན་ཅུ་ལྷག་ཟིན་ཅིང༌། དེ་རིགས་རང་གི་ཡུལ་དགོན་སྡེ་གསུམ་ལ་དམིགས་བསལ་གྱི་ཤ་ཞེན་དང་ལྷག་བསམ་ལྡན་ཡང༌། ལྷག་བསམ་དེ་དང་འབྲེལ་བའི་རང་ཡུལ་སྲུང་སྐྱོབ་བྱེད་ཐབས་ནི་ཚོང་ལས་དང་དམག་འཐབ་ཙམ་ཡིན། གཞིས་དགོན་ཁག་ནས་ཐོན་པའི་མཁས་པ་ཉིན་སྐར་ཙམ་རེ་ཡོད་པ་དེ་རིགས་ནི་སྟོད་གྲྭ་སའི་གྲྭ་ཚང་དུ་མི་ཚེ་བསྐྱལ་ནས། བྱ་ཁུ་བྱུག་སྐྱེ་ས་མོན་ཡུལ་རེད།། གསུང་སྙན་པོ་གྲགས་ས་བོད་ཡུལ་རེད།། ཅེས་དང༌། ཁང་ས་ཞིང་བོན་སྡེ་སྒང་དུ་བཞག །ཤེད་དཔུང་པ་ཀ་བྲག་ཐང་ལ་ངོམས། །ཞེས་པའི་དཔེ་ལྟར་རྩོད་རིག་རྐྱང་རྐྱང་གི་ལམ་ནས་མི་ཚེའི་འཕེན་པ་མི་ཡུལ་དུ་རྫོགས་ཏེ། རང་ཡུལ་དུ་མཁས་པའི་བག་ཆགས་བཞག་རབས་ཀྱི་ལོ་རྒྱུས་ཤིན་ཏུ་ཉུང་ཉུང་ཡིན། གལ་ཏེ་སྟོད་གྲྭ་སའི་གྲྭ་ཚང་ནས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མེད་པའི་མཁས་པ་ཞིག་རང་ཡུལ་དུ་ཕྱིར་ཕེབས་གནང་ནའང༌། ཙི་ཏའི་ཡུལ་དུ་ཕྱིན་པ་ན། །རྐང་གཉིས་པ་ལ་མིར་མི་བརྩི། །ཞེས་པའི་ལུང་ལྟར་མི་ཁོངས་སུ་བཞག་རྒྱུ་ལྟ་བཞག་མཐའ་ངན་ལ་བསྐྱལ་རྒྱུའི་ཇུས་ངན་འོག །མཁྱེན་རླབས་ཀྱི་གཤོག་རྩལ་ངོམས་ས་དང་མཛད་འཕྲིན་གྱི་ཉི་འོད་འཆར་ས་མེད་པ་བཟོས་ནས་མུན་ནག་གི་སྣེར་མུན་ནག་མཐུད་ནས་བསྡད་དགོས་པ་བྱུང་བའི་ལོ་རྒྱུས་ཀྱང་ཉུང་ཉུང་མིན།
    དཔེ་མཚོན་ཙམ་ཞུས་ན། གསུང་འབུམ་པོད་ཆེན་བཅུ་དགུ་ཡོད་པའི་མ་ཧཱ་པཎཌི་ཏ་ཆེན་པོ་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་མཆོག་གིས་དཀར་མཛེས་ཉིན་སྲིབ་གཉིས་ཀར་ཆོས་དང་རིག་གཞུང་ཉིན་མོ་ལྟར་གསལ་བར་མཛད་བཞིན་པའི་སྐབས། ཁང་སར་དཔོན་དབྱངས་ཅན་གྱིས་བཙོན་འཇུག་ཐོག་སང་ཉིན་སྐུ་སྲོག་བཀྲོང་རྒྱུའི་གསང་བ་ཤེས་པས་སྔ་ནུབ་ཏུ་བྲོལ་བྱོལ་གྱིས་ཁམས་གསེར་རྟ་ཁུལ་དུ་ཕེབས་དགོས་བྱུང་བ་དང༌། ཡང་དེ་ཉིད་ཀྱིས་ཧོར་བྲག་མགོ་ཆོས་སྒར་ཆེན་པོ་གསར་འཛུགས་ཐོག་གཞུང་ཆེན་པོད་ལྔ་དང་སྒྲ་སྙན་སྨན་རྩིས་བཅས་པ་བསླབས་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་ཀྱང་དུ་མ་བྱུང་བ་དེར་ཧོར་བྲག་མགོ་དགོན་པའི་ཕྱག་མཛོད་རྡོ་ལུ་མགོ་སྐྲང་དང༌། དཔལ་འབྱོར་ཁ་ལུག་སོགས་ཀྱིས་སྣེ་འཁྲིད་པའི་གྲྭ་དམག་གིས་ཆོས་སྒར་རྩ་གཏོར་བཏང་བ་སོགས་སྐྱུགས་བྲོ་བའི་ལོ་རྒྱུས་ཤིན་ཏུ་མང༌།
    ཏྲེ་ཤོད་དཀར་མཛེས་ཁུལ་དང་ཁད་ཉེ་བ་མདོ་ཁམས་སྡེ་དགེ་དཔལ་སྤུངས་ཀཿཐོག་རྡོ་རྗེ་གདན་སོགས་སུ་མདོ་སྔགས་ཐ་སྙད་རིག་གནས་དང་བཅས་པའི་བཤད་རྒྱུན་ནམ་མཁའ་ལྟར་ཡངས་ཤིང་ཁྲིད་རྒྱུན་རྒྱ་མཚོ་ལྟར་ཟབ་པ་ཡོད་བཞིན་དུ་དེ་ཕྱོགས་ལ་ཆོས་ལུགས་གྲུབ་མཐའི་ལྟ་སྟངས་འཛིན་ནས་སློབ་གཉེར་ལ་འགྲོ་མཁན་མེད་པ་དང༌། མཁས་པ་གདན་འདྲེན་ཞུ་རྒྱུའི་ལུགས་སྲོལ་དེ་བས་མེད་པ་བཅས་ལ་བརྟེན་ནས་ཁྱིམ་མཚེས་ཚང་གི་མར་སྤགས་སྣུམ་པོས་རང་ཚང་གི་བཀྲེས་ལྟོགས་སེལ་ཐབས་མེད་པའི་དཔེ་ལྟར་གྱུར་པའང་ལོ་རྒྱུས་ཐོག་ནས་ར་འཕྲོད་ཐུབ་པ་ཡིན།

གཙུག་ལག་ཐ་སྙད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་དངོས།

    ད་ནི་སྔོན་བྱུང་འདས་དོན་འཚོལ་བསྙེགས་ཀྱི་ངལ་བ་ལྷུར་བླངས་ནས་གནའ་རབས་སྐམ་པོ་གྱེན་དུ་བསླང་འདོད་མི་འདུག་པས། མི་རབས་འགའ་ཞིག་གི་ཚུན་ཆད་ཙམ་ལ་དཀར་མཛེས་ཁུལ་དུ་ཐ་སྙད་གཙུག་ལག་རིག་པའི་གཞུང་ལུགས་ཀྱིས་འཕེལ་རིམ་རགས་ཙམ་འཆད་པར་འདོད་དེ། དེ་ཡང་དཀར་མཛེས་ཁུལ་དུ་བོད་ས་སྤྱི་འགྲོས་ལྟར་དགོན་པ་གྲྭ་ཚང་ཞིག་ལ་རྒྱབ་བཅོལ་བ་ལས་གཞན་གཙུག་ལག་རིག་པའི་བསྟི་གནས་ཟུར་འཛུགས་ཀྱི་ལུགས་སྲོལ་མེད་པས་སྤྱི་ཚོགས་རྙིང་པའི་ནང་དཀར་མཛེས་ས་ཁུལ་དུ་དགོན་པ་ལས་ངོ་བོ་ལོགས་སུ་ཟུར་བཅད་ཀྱི་སློབ་གྲྭ་ནི་མེད་པར་ངེས།
    དཀར་མཛེས་དགོན་པའི་ནང་དུ་ཆོས་ཕྱོགས་ཁོ་ན་དང་འབྲེལ་བའི་ཆོས་གྲྭ་གསར་འཛུགས་ཀྱི་རྒྱུད་རིམ་དེད་ན་ཕལ་ཆེར་དུས་རབས་བཅུ་བདུན་ཡན་མན་ཙམ་ལ་ཐུག་ཀྱང་འདིར་ཐད་ཀར་འབྲེལ་ཆགས་པ་མ་མཐོང་བས་བཞག །དགོན་པ་འདིའི་ནང་སློབ་གྲྭ་ཐོག་མར་གསར་འཛུགས་གནང་དུས་ནི་དུས་རབས་ཉི་ཤུའི་ནང་ཡིན་ཞིང༌། གསར་འཛུགས་གནང་མཁན་གཙོ་བོ་ནི་སེ་ར་དགེ་བཤེས་ཀུ་ལི་ཞུ་བ་ཁོང་ཡིན་འདུག ཁོང་དེ་སྔོན་གྲྭ་སར་བསྡད་པའི་རིང་འཆད་རྩོད་རྩོམ་གསུམ་དང༌། ཞལ་ལག་སེམས་གསུམ་ག་བེད་སྤྱོད་ཡོད་པའི་མཁས་པ་ཞིག་བྱེད་དགོས་ན། རིག་པ་དཔེ་ཐོག་འགོད་པའི་ལག་ལེན་དགོས་པ་དེ་ཉམས་མྱོང་གི་ཐོག་ནས་མཁྱེན་ཏེ། བསམ་བློའི་མཁྱེན་སོ་མི་འདྲ་བའི་འགག་འཕྲང་དུ་མའི་ཁྲོད་ནས་བརྡ་སྤྲོད་གཙུག་ལག་རིག་པའི་ཆ་ཤས་ལྡན་པའི་སློབ་གྲྭ་འདི་ཉིད་གསར་སྐྲུན་བྱས་པ་ཡིན་འདུག །

བོད་ཕྲུག་ཚེ་དབང་བཀྲ་ཤིས་དང་ཁོང་གི་ཕྱག་རྗེས།

    བོད་ཕྲུག་ཚེ་དབང་བཀྲིས་ནི། དབུས་ལྗོངས་ལྷ་ས་ཁུལ་དུ་འཁྲུངས་ཤིང༌། ཆུང་དུས་གདན་ས་སེ་རྭ་ཏྲེ་ཧོར་ཁང་ཚན་དུ་ཕ་མའི་བཀའ་བཀོད་ལྟར་ཆོས་ཞུགས་བྱས། ཆུང་དུས་ཕ་མ་འདས་གྲོངས་སོང་བས་ཁག་ཤག་དང་དཔེ་ཁྲིད་དགེ་རྒན་དཀར་མཛེས་དགེ་བཤེས་ཀུ་ལུ་དྲུང་ནས་དཔེ་ཁྲིད་ཙམ་མ་ཟད་ཕ་མའི་ཚབ་ཏུ་བརྟེན་ནས་བསྡད། དུས་ཕྱིས་དགེ་བཤེས་ཀུ་ལུ་གཞིས་དགོན་དུ་ཕེབས་སྐབས་ཤག་ཆས་ཡོངས་རྫོགས་དུམ་བུ་གཉིས་སུ་བགོས་ཏེ་ཕྱེད་ཀ་དགེ་ཕྲུག་ལ་གནང་ནས་ཕེབས་རྩིས་གནང་སྐབས། ཁོང་གིས་ང་ཆུང་དུས་ནས་ཕ་མས་ཁྱོད་ལ་ཕུལ་ཟིན་པས་དགེ་རྒན་གང་དུ་ཕེབས་ནའང་དེར་ཁྲིད་རོགས་ཞེས་ཨུ་ཚུགས་ནན་ཏན་ཞུས་པ་ལྟར་གཞིས་དགོན་དཀར་མཛེས་དགོན་དུ་ཁྲིད། ཁོང་ལ་ཐ་སྙད་རིག་གནས་ཀྱི་ཤེས་ཚད་ངེས་ཅན་ཡོད་ཐོག །ཡིག་གཟུགས་ཐོག་ལན་ཛ་དང་ཝ་ཏུ། བོད་ཡིག་དབུ་ཅན་དང་དབུ་མེད། ཚུགས་རིང༌། ཚུགས་ཐུང༌། འབྲུ་ཚ། རྒྱུགས་རིས། འཁྱུག་རིས་བཅས་ལ་འབུར་དུ་འཐོན་པའི་ལེགས་ཆ་ལྡན། དེར་བརྟེན་དཀར་མཛེས་དགོན་པའི་སློབ་གྲྭ་ཐོག་མར་འཛུགས་སྐབས་ཁོང་ཐ་སྙད་རིག་གནས་ཀྱི་དགེ་རྒན་དུ་བསྐོ་གཞག་བྱས། དེ་བཞིན་དབུ་མཛད་པདྨ་ཚེ་དབང་བློ་འཛིན་དགེ་རྒན་གནང་བ་སོགས་སྐབས་དེར་ཡུལ་དུས་དང་འཚམ་པའི་སློབ་གྲྭའི་སྒྲིག་འཛུགས་དང་སློབ་ཚན་རྒྱུགས་སྤྲོད། འཛིན་སྐྱོང་བཅས་པ་འོས་ཤིང་འཚམ་པ་ཞིག་བྱུང་བར་ངོས་འཛིན་བྱེད་ཆོག །
    སློབ་ཕྲུག་ཚོ་ཐོག་མར་ཀ་ཁ་དང་འབྲུ་དེད། དེ་ནས་ཚགས་དེབ། དེ་ནས་སྦྱོར་ཀློག །དེ་ནས་མུ་སྦྲེལ། དེ་ནས་མགྱོགས་ཀློག །ཀློག་གི་སློབ་སྦྱོང་དེ་དག་ཚར་རྗེས་གཞི་ནས་བློ་འཛིན་སྐྱབས་འགྲོ་སེམས་བསྐྱེད། དགའ་ལྡན་ལྷ་བརྒྱ། གཙོ་རྒྱལ་མ། ཡོན་ཏན་གཞིར་གྱུར། སྒྲོལ་མ་འཁོར་བཅས། གནས་བརྟན་བཅུ་དྲུག །བླ་མ་མཆོད་པ། སྨོན་ལམ་བདུན་པོ། གདུགས་ཤེར་སེང་གསུམ། ས་ལམ་སྐབས་གསུམ། བསྟོད་ཆེན་བཞི། རྒྱལ་པཎ་ཞབས་བརྟན་སོགས་དང༌། ད་དུང་སྤྱོད་འཇུག་ཆེན་མོ་དང་དྲང་ངེས་ལེགས་བཤད། རྣམ་འགྲེལ་རྩ་བ་སོགས་བློ་འཛིན་བྱེད་དགོས། དགེ་རྒན་འདིའི་བྲིས་གཟུགས་ཐད་དབུས་རིས་གཙང་མ་ཡིན་ཞིང༌། དེ་སྔོན་གདན་ས་ནས་ཕྱིར་ཕེབས་མཁན་སྐྱེས་ཆེན་དམ་པ་འགའ་ཞིག་གི་ཕྱག་རྒྱུན་ལས་དཀར་མཛེས་ཁུལ་དུ་དབུས་རིས་འབྲི་མཁན་འགའ་རེ་ཡོད་ཀྱང༌། རིག་པའི་གཞུང་གི་རྒྱབ་བཅོལ་བརྟན་པོ་ཡོད་པའི་སྲོལ་རྒྱུན་དང་བྲིས་དཔེ་བྲིས་སློབ་སོགས་མེད་ལ། དགེ་རྒན་དམ་པ་འདིའི་བྲིས་རྒྱུན་ནི་སྤྱིར་དབུས་བྲིས་དང༌། ལྷག་དོན་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཕྱག་རྒྱུན་དགའ་ལྡན་བྲིས་གསར་གྱི་ཕྱག་རྒྱུན་ཡིན་པར་གྲགས། སློབ་ཕྲུག་ཚོར་ཐོག་མར་བྲིས་པང་བཞག་སྟངས་དང་བྲིས་སྨྱུགས་བཟོ་སྟངས། སྨྱུག་ཁ་གཅོད་སྐབས་ཀྱི་བཟོ་དབྱིབས། དབུ་ཅན་དང་དབུ་མེད་ཀྱི་སྨྱུག་ཁའི་ཁྱད་པར། བྲིས་པང་ཐོག་ནག་པོ་བཟོ་སྟངས། དེ་རྗེས་སྣུམ་དང་གོ་ཐལ་བཀུ་ཚུལ། ཐིག་སྐུད་དང་སྐྱ་ཐིག་རྒྱག་སྟངས། སྨྱུ་གུའི་རྒྱུ། སྨྱུག་གུ་བཟུང་སྟངས་དང་བཅས་པ་རིག་པའི་གཞུང་ལུགས་ཀྱི་གཞི་རྩ་བརྟན་པོ་ལྡན་པའི་སྲོལ་བཟང་གསར་དུ་བཙུགས།
    དེ་ཡང་དགེ་རྒན་དམ་པ་འདི་ཉིད་ཀྱི་དབུ་མེད་བྲིས་རྒྱུན་ནི་ཁྱུང་པོ་གཡུ་ཁྲི་ལས་ལྡན་མ་རྩེས་མང་ལ་བརྒྱུད་པ་ནས་རིམ་པར་ཆད་དེ་དགའ་ལྡན་བྲིས་གསར་བར་བྱུང་བ་ཡིན་འདུག །དེ་ནས་རིམ་བཞིན་དབུས་གཙང་གི་སྡེ་པ་མི་ཆེན་ཁག་གི་ཕྱག་རྒྱུན་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་གཞུང་གི་རྩེ་དྲུང་རིམ་བྱོན་གྱི་བྲིས་རྒྱུན་ལས་བྱུང་བ་ཡིན་ཚུལ་ད་ལྟ་ཞལ་བཞུགས་ཡོད་པའི་ཁོང་གི་སློབ་མ་ཚོའི་ཞལ་རྒྱུན་ནས་ཐོས། ཁོང་གི་ཚུགས་རིང་བྲིས་རྒྱུན། དེ་བཞིན་ཚུགས་ཐུང་འབྲུ་ཚ། འཁྱུག་རིས་བཅས་ཀྱི་བྲིས་དཔེ་ཤོག་སེར་དཔེ་རིང་ཐོག་བྲིས་པ་ཤིན་ཏུ་མང་པོ་ཡོད་པ་རིག་གནས་གསར་བརྗེའི་སྐབས་འཐོར་ཞིག་སོང་ནའང་ད་དུང་དེ་རིགས་ཁ་འཐོར་ཡ་འཐོར་མང་པོ་ལུས་བསྡད་ཡོད་པ་ཕྲན་གྱིས་ཀྱང་མང་པོ་མཇལ་མྱོང་ཡོད་པ་ལས། ད་ལྟ་དྲན་སོས་པ་ཞིག་ནི། ཚུགས་རིང་བྲིས་དཔེ་གཟུགས་ཕྲེང་བཞི་ཡོད་པ་ཆ་ཚད་ཀྱི་ཐིག་རྩ་ལས་མི་འགོང་པར་ཆེ་ཆུང་ཆ་མཉམ་ཞིང་བཀོད་པ་ལེགས་པ། མཐོང་བ་ཙམ་གྱིས་ཡིད་དབང་འཕྲོག་འགྲོ་བ་དང༌། རང་དབང་མེད་ནས་ཡིག་གཟུགས་འབྲི་སྙིང་བྲོ་བོ་བྱེད་ཐུབ་པ་ཞིག་འདུག་ཅིང༌། ཚིག་སྦྱོར་ཐད། མི་འགྱུར་བརྟན་པ་ར་བརྟན་ལ། །སངས་རྒྱས་བསྟན་པ་ས་བསྟན་ཡིན། །ཞེས་དང༌། འཁོར་ལོ་བསྐོར་བ་ས་བསྐོར་ཡིན། །དཀོར་ཟས་ཟ་བ་ད་དཀོར་ཡིན། །ཞེས་སོགས་བྱིས་པ་དག་ཡིག་ནང་ཡོད་པའི་ཚིག་སྦྱོར་དང༌། བྱིས་པ་དག་ཡིག་དང་ཁད་ཉེ་བའི་རང་རྩོམ་ཚིག་སྦྱོར་འདྲ་མིན་ཅི་རིགས་སྤེལ་ནས་བྲིས་འདུག །བྲིས་དཔེ་དེ་རིགས་ནག་པང་གི་ཡིག་གཟུགས་སྦྱངས་ནས་མ་མཐར་ལོ་གཅིག་ལྷག་སོང་རྗེས། བྲིས་རྒྱུགས་ལེན་ནས་ཡིག་གཟུགས་རྒྱུགས་འཕྲོད་ཟིན་པ་དང་གཞི་ནས་ཤོག་སེར་གྱི་བྲིས་དཔེ་ཤོག་བུ་རེ་འགའ་གནང་འོང་བ་དེ་ལ་དཔེར་བལྟས་ནས་ཤོག་ཐོག་འབྲི་སྦྱོང་བྱེད་དགོས་པ་ཡིན་འདུག །ད་དུང་སློབ་ཕྲུག་སུ་ཞིག་པང་བྲིས་ནས་ཤོག་བྲིས་སུ་འཕོས་པའི་ཉིན་མོརསློབ་ཕྲུག་དེས་དགའ་སྟོན་མཚོན་བྱེད་ལྟ་བུར་དགེ་སློབ་ཡོངས་རྫོགས་ལ་ཁྱིམ་གྱི་འཁོས་དཔག་དང་བསྟུན་ནས་ཇ་ཐུག་ཅི་རིགས་གཏོང་སྲོལ་ཡོད་འདུག་པ་དེ་ཡང་དུས་ཕྱིས་བརྟགས་དུས། དབུས་གཙང་ཁུལ་གྱི་བྲིས་སློབ་ཀྱི་ལུགས་སྲོལ་བྱེད་སྒོ་དང་བཅས་པ་དཔེ་བཤུས་ཀྱི་ཚུལ་དུ་སྤེལ་བ་ཡིན་པ་འདྲ།
    དབུ་ཅན་གྱི་ཡིག་གཟུགས་བརྒྱུད་རིམ་ཁྲོད་སྲོང་བཙན་གྱི་སྔོན་དུ་ཞང་ཞུང་གི་སྨར་ཡིག་དང༌། སྟག་གཟིག་གི་སྤུང་ཡིག་སོགས་ཐོན་མི་སམ་བྷོ་ཊ་མ་བྱོན་པའི་སྔོན་ནས་ཡོད་པ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བརྟན་པོ་ཡོད་ནའང༌། སྐབས་དེར་བོད་ཀྱི་ཡོངས་གྲགས་བཤད་སྲོལ་ལྟར་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་ལ་དཔེར་བྱས་ནས་དབུ་ཅན་བྲིས་ཚུལ་དང༌། དེ་ཡང་ཐོན་མིས་དང་པོར་བྲིས་པའི་གཟུགས། དེ་རྗེས་བྲིས་པའི་ཡིག་གཟུགས། བློ་གྲོས་རབ་ཏུ་རྒྱས་ཏེ་མཐའ་མའི་ཐག་གཅོད་གནང་བའི་ཡིག་གཟུགས། དེ་ནས་རིམ་པར་བཞིན་བསྟན་པ་སྔ་དར་གྱི་སྐབས་སུ་སེང་གེ་གནམ་དུ་མཆོངས་པ་ལྟ་བུའི་ཡི་གེ་དང༌། ནས་ནག་ཐང་དུ་བཀྲམ་པ་ལྟ་བུའི་ཡི་གེ །ས་ཕག་རྩིག་པ་ལྟ་བུའི་ཡི་གེ །མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་ཡི་གེ་སོགས་ཀྱི་བཤད་རྒྱུན་ངོ་སྤྲོད་ཐོག །བསྟན་པ་ཕྱི་དར་གྱི་སྐབས་ཁྱུང་པོ་གཡུ་ཁྲིས་དཀྱིལ་འཁོར་གྱི་ཐིག་རྩ་ལ་གཞིར་བཅོལ་ནས་དབུ་ཅན་གྱི་བྲིས་སྲོལ་གསར་གཏོད་མཛད་པ་ནས་ལྡན་མ་རྩེ་མང་གི་རྒྱུད་པའི་ཕྱག་སྲོལ་བཞིན་ཐིག་གི་ཆ་ཚད་དང་མགོ་དང་ལག་པ། སྦོ་དང་རྐང་པ་བཅས་པའི་རིང་ཐུང་ཆེ་ཆུང་སོགས་ཤིན་ཏུ་ཞིབ་ཚགས་པའི་རིག་པའི་གཞུང་ལུགས་ཀྱི་གཞི་རྩ་ལྡན་པ། ད་ལྟའི་ཨ་མདོ་བསྟན་པ་རྒྱལ་མཚན་དང་སྔོན་གྱི་སྡེ་དགེ་པར་མའི་ཡིག་གཟུགས་དང་ཤིན་ཏུ་འདྲ་བར་བཤད། ཁོང་གིས་ཤོག་སེར་ཐོག་བྲིས་པའི་དབུ་ཅན་གྱི་ཀ་དཔེ་དབྱངས་གསལ་སོ་བཞི་དང༌། མགོ་འདོགས་བརྩེགས་གསུམ། ད་དུང་དབྱངས་གསལ་སོ་བཞི་ཚང་བའི་ཚིགས་བཅད་ཁ་ཤས་བཅས་ཕྲན་གྱིས་མཐོང་མྱོང་བ་དེ་ཚོ་བྱིས་པའི་གནས་སྐབས་སུ་རིན་ཐང་གི་གོང་ཚད་དང༌། མངར་སྐྱུར་གྱི་བྲོ་བ་མ་ཤེས་ཀྱང་ལྟ་ན་སྣང་བ་འགྲོ་ཞིང་འབྲི་ན་ལག་ཏུ་བླངས་བདེ་བའི་ཚོར་སྣང་རང་དབང་མེད་པར་སྟེར་ལ། ཡབ་ཆེ་བློ་བཟང་དོན་ཡོད་ཀྱིས་བྲིས་དཔེ་འདིའི་ནང་ཀ་ཁ་ག་སོགས་མགོ་རིས་སུ་སྨྱུག་རྩེའི་ཁ་ཚོད་བཞི་དང༌། རྐང་པ་རིང་ཚོད་སྨྱུག་རྩེའི་ཁ་ཚད་བརྒྱད། ང་དང་ཇ་སོགས་ཀྱི་མགོ་རིས་སྨྱུག་རྩེ་ཁ་ཚོད་གསུམ་རེ། ཅ་དང་ཆ་ལྟ་བུར་གཉིས་རེ། དེ་དག་གི་རྐང་པའི་རིང་ཚད་སྨྱུག་ཁ་བཞི་རེ། གསལ་བྱེད་སུམ་ཅུ་ལས་དགུ་རྐང་རིང༌། གཅིག་རྐང་འབྲིང༌། བཅུ་རྐང་ཐུང༌། ད་དུང་གུག་བཀྱེད་བརྩེགས་འདོགས་བཅས་པའི་ཁྱད་ཆོས་མང་པོ་ཞིག་བགྲངས་མྱོང་བ་དེང་སང་ཕྱིར་དྲན་བྱས་དུས་འགྲན་ཟླ་མེད་པའི་ཡིག་གཟུགས་ཁུངས་ལུང་ལྡན་པ་ཞིག་ཏུ་ངེས་སོ།།
    དགེ་རྒན་དམ་པ་འདིའི་བཀའ་དྲིན་ལ་བརྟེན་ནས་དཀར་མཛེས་དགོན་པའི་སློབ་གྲྭ་ཐོན་མཁན་གཤར་གཟབ་གཉིས་ཀའི་ཡིག་གཟུགས་ཙམ་མ་ཟད། ད་དུང་ལན་ཝར་གྱི་ཡིག་གཟུགས་ཀྱང་ཁུངས་ལུང་ལྡན་ཞིག་བཟོ་སྟབས་ལེགས་པའི་ཁྱད་ཆོས་འབུར་དུ་ཐོན་པ་མང་པོ་བྱུང་ཡོད་པའི་ནང་ནས་འགའ་ཞིག་ཙམ་བགྲངས་ན།
    དགེ་བཤེས་པདྨ་ཀླུ་སྒྲུབ་ནི། ཆུང་དུས་ནས་དཀར་མཛེས་དགོན་པའི་སློབ་གྲྭར་ཞུགས། ཡི་གེ་འབྲི་ཀློག་སོགས་ལ་བསླབ། རིག་སྟོབས་ཆེ་ཞིང་ལག་རྒྱུ་ཡག་པའི་ཁྱད་ཆོས་ལྡན་ཕྱིར་བློ་འཛིན་དང་ཀློག་ཚུལ་ཡིག་གཟུགས་བཅས་པ་འབུར་དུ་འཐོན་པའི་གྲུབ་འབྲས་ཐོབ། སྐུ་ན་སོན་རྗེས་དབུས་ཀྱི་འབྲས་སྤུངས་སུ་ཞུགས། ས་ཕག་དུས་འགྱུར་རྗེས་རྒྱ་གར་དུ་ཕེབས་ནས་དགེ་བཤེས་དམ་བཅའ་བཞག །དངུལ་ཆུ་དང་སི་ཏུའི་ཁྲིད་རྒྱུན་ལྟར་གྱི་སུམ་རྟགས་དག་གསུམ་ལ་མཁས་ཤིང༌། ལྷག་དོན་ཡིག་དཀར་ཡིག་ནག་གཉིས་ཀའི་ཡིག་གཟུགས་ཤིན་ཏུ་ལེགས། ད་དུང་ལན་ཛ་དང་ཝ་ཏུའི་ཡིག་གཟུགས་ཀྱང་འགྲན་ཟླ་མེད་ཐོག་ཕྱག་བཟོ་འདྲ་མིན་ལ་ཤིན་ཏུ་མཁས། འབྲས་སྤུངས་བླ་སྤྱི་དང་བློ་གླིང་གྲྭ་ཚང་གི་ཕྱག་དྲུང་རིམ་པར་གནང༌། ཚོགས་ཆེན་དང་གྲྭ་ཚང་འདུ་ཁང་ནང་བཅས་སུ་ལན་ཛ་དང་ཝ་ཏུ་ཡི་གེ །དེ་བཞིན་སློབ་གྲྭའི་སྒོ་བྱང་དབུ་ཅན་ཡི་གེ་འབྲི་མཁན་ཡང་ཁོང་ཉིད་ཡིན་ཞིང༌། ཡིག་གཟུགས་ཀྱི་བྲོ་བ་མྱོང་ཤེས་མཁན་ཞིག་ཡིན་ན་འགྲེལ་བཤད་ཟུར་དུ་མི་དགོས་པར་བལྟས་པ་ཙམ་གྱིས་ཤེས་ནུས་པ་ཞིག་ཡིན། འབྲས་སྤུངས་བླ་སྤྱི་དང་བློ་གླིང་གྲྭ་ཚང་གི་འདུ་ཁང་ས་ཐིག་དང་རྒྱ་ཕིབས་སོགས་ཀྱང་ཁོང་གིས་བཟོས་ཤིང༌། བློ་གླིང་དཔེ་མཛོད་དང་ནོར་གླིང་སོགས་སུ་བོད་ཀྱི་སྲོལ་རྒྱུན་དང་འབྲེལ་བའི་ཨ་ལེ་པེ་ཀོ་འདྲ་མིན་བཟོས་ཏེ་རྒྱལ་ཁབ་མང་པོར་འགྲེམས་སྤེལ་བྱས་པས་མཚན་སྙན་རྒྱས།
    གཙང་ཁ་སངས་རྒྱས་རྒྱ་མཚོ་ནི། འཕགས་བོད་ཡིག་གཟུགས་སྤྱི་དང་ལྷག་པར་དབུ་ཅན་ཡི་གེ་དག་མཉམ་མཛེས་གསུམ་གྱི་ཁྱད་ཆོས་ལྡན་ཞིང༌། གཡུ་ཁྲིའི་ཕྱག་རྒྱུན་མ་ཉམས་པའི་ཁུངས་དང་ལྡན་པ། འདིས་རིག་གནས་གསར་བརྗེ་ཚར་བའི་རྗེས་བླ་མཆོད་དང་སྨོན་ལམ་བདུན་པོ། གདུགས་ཤེར་སེང་གསུམ་སོགས་སྔ་ཕྱི་ཤོག་ལྷེ་སྟོང་ཕྲག་མང་པོའི་སྣུམ་པར་གྱི་མ་དཔེ་བྲིས་ནས་དཔེ་སྐྲུན་བྱས་པ་དང༌། བྱང་ཆུབ་ལམ་རིམ་ཆེན་པོའི་པར་རྩ་ཡི་གེ་འབྲི་བ་སོགས་ནམ་ཡང་སུབ་ཐབས་མེད་པའི་རླབས་ཆེན་གྱི་མཛད་རྗེས་བཞག །དཔེ་ཆ་དེ་རིགས་ཏྲེ་ཤོད་སྟོད་སྨད་ཡོངས་སུ་ཁྱབ་པར་མ་ཟད། མདོ་དབུས་སྐོར་གསུམ་དང་ད་ལྟའི་ཆར་རྒྱ་གར་དུའང་ཁོང་གིས་བྲིས་རྒྱུན་ཡི་གེ་པར་མ་དང་བྲིས་མ་ཅི་རིགས་དར་ཁྱབ་ཏུ་ཕྱིན་འདུག
    དོ་སྣང་ལྟག་ཚང་ངག་དབང་བཀྲིས་ནི། དཀར་མཛེས་སློབ་གྲྭ་ནང་གྲྭ་རྒན་དང་པོ་(སློབ་ཕྲུག་ཡོངས་རྫོགས་ཀྱི་ནང་ནས་ཤེས་སྤྱོད་གཉིས་ཀ་ཨང་དང་པོ་)བྱས། གྲྭ་ས་འབྲས་སྤུངས་སུ་བློ་གླིང་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་སོགས་བསྟེན་ནས་གཞུང་ཆེན་ཁག་ལའང་བསླབས། ས་ཕག་དུས་འགྱུར་སྐབས་གཞིས་སུ་ལུས། ཁོང་གི་དབུ་ཅན་བྲིས་གཟུགས་དགེ་རྒན་དམ་པའི་ཕྱག་རྒྱུན་བཞིན་ཁམས་གཙང་ཞིང་བཟོ་སྟབས་ལེགས་པ། མཉམ་ཞིང་འབྲེལ་ཆགས་པ། ད་དུང་སུམ་རྟགས་དག་གསུམ་ལ་ཡང་ཉམས་མྱོང་ཟབ། རིག་གནས་གསར་བརྗེ་རྗེས་ནས་ཆོ་ག་ཕྱག་ལེན་དང་གཞུང་ཆེན་ཁག་སོགས་ལག་བྲིས་མང་པོ་གནང་ཐོག་སྣུམ་པར་གྱི་པར་རྩ་ཡང་མི་ཉུང་བ་བྲིས་པའི་ཡི་གེ་སྟོད་སྨད་གང་སར་ཁྱབ་བརྡལ་ངེས་ཅན་ཞིག་ཕྱིན་ཡོད། ལོ་རབས་དགུ་བཅུ་པའི་ནང་བོད་ཀྱི་ཡིག་གཟུགས་བྲིས་སྤེལ་ཆེད་རྒྱ་ནག་པེ་ཅིང་དུ་ཕེབས་ནས་དབུ་ཅན་ཕྱག་བྲིས་ཀྱི་འཕྲིན་ལས་རྒྱ་ཆེར་འཕེལ། དབུ་མེད་ཡིག་གཟུགས་སྤྱི་དང་ལྷག་པར་འཁྱུག་བྲིས་འགྲོས་མགྱོགས་ཤིང་ཀློག་བདེ་བ། ལྟ་ན་མིག་ལ་མཛེས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང༌། ལྷག་པར་དུས་ཕྱིས་དཀར་མཛེས་དགོན་དུ་རིག་གནས་དགེ་རྒན་གནང་ནས་སུམ་རྟགས་དག་གསུམ་གྱི་ཁྲིད་རྒྱུན་དང་གཤར་གཟབ་ཀྱི་ཡིག་གཟུགས་ཁྲིད་རྒྱུན་སྤེལ་བའི་འཕྲིན་ལས་ཤིན་ཏུ་ཡངས།། །།

ཁང་གསར་དྲུང་ཡིག་བློ་བཟང་ཡེ་ཤེས་དང་ཁོང་གི་ཕྱག་རྗེས།

    ཁང་གསར་དྲུང་ཡིག་བློ་བཟང་ཡེ་ཤེས་ནི། མདོ་ཁམས་སྡེ་དགེ་ཁུལ་དུ་འཁྲུངས། ཁང་སར་དཔོན་མོ་བདེ་ཆེན་དབང་མོའི་སྐབས་ཁང་གསར་ཚང་གི་དྲུང་ཡིག་བྱས། སྐབས་དེར་དཀར་མཛེས་ཁང་སར་ཚང་གི་མངའ་ཁོངས་སུ་གཏོགས་པའི་ཇེ་སང་དང་འགོ་པ་ཁག་གཅིག་གི་བུ་ཚ་རྣམས་ལ་ཞོར་དུ་བརྡ་སྤྲོད་རིག་གཞུང་དང་ཡི་གེ་དཀར་ནག་གི་བྲིས་ཀྱང་བསླབས། ཁོང་གིས་འཁྲིད་རྒྱུན་ནི་ཀ་ཐོག་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བ་མཆོག་གི་དྲི་མ་མེད་པའི་དགོངས་པ་ལྟར་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་དང་ཀརྨ་སྨོན་ལམ་འོད་ཟེར་སོགས་ནས་བརྒྱུད་པའི་སུམ་རྟགས་སི་ཏུའི་འགྲེལ་ཆེན་དང༌། སྙན་ངག་བོད་མཁས་དང༌། ལྷག་དོན་ཁམས་འགྲེལ། ལེགས་སྦྱར་སི་ཏུའི་སྒྲ་ཊིཀ་སོགས་ཡིན་ཞིང༌། བྲིས་རྒྱུན་ནི་ཁྱུང་པོ་གཡུ་ཁྲིའི་རྒྱུད་པ་ལྡན་མ་རྩེ་ནས་རིམ་པར་བརྒྱུད་པའི་ཡིག་གཟུགས་ལ་དབུ་ཅན་ཐོག་དཔེ་སྐྲུན་གྱི་སྲོལ་བཟང་དར་བའི་བཀའ་དྲིན་ལ་བརྟེན་ནས་མདོ་དབུས་ཁམས་གསུམ་ག་གཅིག་གྱུར་ལྟ་བུར་ཡོད་ཀྱང༌། དབུ་མེད་བྲིས་རྒྱུན་ཐད་ལག་རྒྱུན་བང་ངན་འདྲ་མིན་ལ་བརྟེན་ནས་མདོ་དབུས་སྐོར་གསུམ་དུ་ཡིག་གཟུགས་ཚད་དང་ལྡན་མིན་ཅི་རིགས་སྣ་ཚོགས་དར་བའི་ནང་ནས་སི་ཏུ་པཎ་ཆེན་གྱིས་བོད་ས་སྟོད་སྨད་ཀྱི་མཁས་པའི་ཕྱག་རྒྱུན་ཀུན་གྱི་ལེགས་ཆ་གཅིག་ཏུ་སྡེབ་ནས་བྲིས་པའི་ཡིག་གཟུགས་གསར་སྤེལ་གནང་བ་དེ་ལ་སྡེབ་བྲིས་ཞེས་ཟེར་ཞིང༌། གཞན་དུ་སྡེ་དགེ་ནས་དར་བས་སྡེ་བྲིས་ཞེས་ཀྱང་གྲགས། འབྲི་སྲོལ་དེ་ཉིད་ལ་མཁས་པ་ཆེན་པོ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་འཁྱུག་གི་འགྱུར་འགྲོས་དང་གུག་སྐྱེད་ཀྱི་རྐྱང་བརྐུམ་སོགས་སྔར་སྲོལ་ལས་འགོང་བའི་འབྲི་སྲོལ་གསར་གཏོད་མཛད་པར་སྡེ་དགེའི་བྲིས་གསར་དུ་གྲགས་པ་དེ་ཡིན་འདུག །འབྲི་སྲོལ་དེ་ཉིད་སློབ་གྲྭའི་རྣམ་པ་ལྟ་བུ་སློབ་མར་འཁྲིད་སྤེལ་གནང་རབས་མི་འདུག་ཀྱང༌། སྡེ་དཔོན་མི་དྲག་ཚོའི་བུ་རྒྱུད་ལ་རྒྱས་བསྡུས་ཅི་རིགས་ཀྱིས་འཁྲིད་རྒྱུན་སྤེལ་འདུག །འོན་ཀྱང་ཁོང་གིས་བྲིས་དཔེ་བཟོས་པ་དང་ལྗགས་རྩོམ་གནང་བའི་ལོ་རྒྱུས་མི་སྣང་ལ། ཁོང་གིས་ཕྱག་བྲིས་ཕྱག་བསྟར་མ་ཐོ་ཡིག་ལྟ་བུ་གཅིག་གཉིས་ཙམ་ལས་མཐོང་མྱོང་ཡང་མེད་མོད། གང་ཞིག་མཐོང་བའི་ཕྱག་བྲིས་དེ་རིགས་ནི་དབུས་རིས་ལྟ་བུའི་འཁྱུག་འགྲོས་ཀྱི་སྒྱུ་རྩལ་འཐོན་པ་མ་མཐོང་ཡང༌། བཀོད་པ་ལེགས་པ་དང་བཟོ་དབྱིབས་མཛེས་པའི་ཁྱད་ཆོས་ནི་བལྟས་པ་ཙམ་གྱིས་མཐོང་ཐུབ་པ་ཞིག་འདུག ཁོང་གིས་ཕྱག་རྒྱུན་སྤེལ་བའི་སློབ་མ་ཡང་གྲགས་ཆེ་བ་འགའ་ཞིག་བྱུང་སྣང་བ་ལས་ད་ལྟའི་ཆར་དྲན་ངོས་སུ་ཡོད་པའི་མཚན་གཞི་རེ་གཉིས་ཙམ་བགྲངས་ན།
    དོ་སྒང་ཞབས་ཚང་དགེ་ལུ་ནི། མདོ་ཁམས་ཏྲེ་ཤོད་ཁུལ་དུ་དཔལ་འབྱོར་ལོངས་སྤྱོད་ཤིན་ཏུ་ཆེ་བའི་མི་ཚང་ཞིག་གི་བུ་ཡིན་ཞིང༌། ཆུང་དུས་དྲུང་ཡིག་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་ཡིག་རྩིས་གཉིས་ཀར་རང་རྐྱ་འཕེར་བ་སྦྱངས། ཆེར་སྐྱེས་དུས་ཚོང་གི་འདུ་ལོང་མ་གཏོགས་རིག་གནས་ཀྱི་ཕྱག་ལས་གནང་ལོང་མ་བྱུང་བས་དམིགས་བསལ་འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱི་ལག་རྗེས་རྒྱ་ཆེར་མེད་ཀྱང༌། ཁོང་གིས་བྲིས་པའི་ཡི་གེ་འགའ་ཞིག་ད་དུང་མཐོང་རྒྱུ་ཡོད་པ་དེ་རིགས་དེང་སང་སློབ་གྲྭ་ཆེན་པོའི་དགེ་རྒན་དང་མཁས་དབང་གི་མཚན་སྙན་འཆང་མཁན་ཚོའི་ཕྱག་བྲིས་དང་བསྡུར་ན་ད་དུང་ཀ་ཁ་ནས་བཟུང་ཡིག་གཟུགས་གསར་པ་སྦྱངས་དགོས་པའི་ཚད་དུ་སྣང༌། ད་དུང་རྒྱ་བོད་ཀྱི་ལོ་རྒྱུས་སྤྱི་དང་དཀར་མཛེས་ཕུལ་གྱི་ལོ་རྒྱུས་སོགས་སྤྱིར་བཏང་ཤེས་བྱ་ལའང་མཐོང་རྒྱའི་སྤྱན་དཀྱུས་ཤིན་ཏུ་ཡངས་པར་སེམས། ཁོང་གི་ཕྱག་བྲིས་ཀྱི་རྒྱུན་སྲོལ་རྒྱ་ཆེར་མ་སྤེལ་ནའང་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་སོགས་འགའ་ཞིག་བྱུང་བ་སྣང༌།
    བེ་རི་བློ་བཟང་དོན་ཡོད་ནི། སྟོབས་འབྱོར་གཉིས་མེད་ཀྱི་མི་ཚང་དབུལ་ཕོངས་ཤིག་གི་ཁྱིམ་དུ་སྐྱེས་དུས་ནས་ཕ་མེད་དྭ་ཕྲུག་ཡིན་པས། བྱིས་པའི་སྐབས་སུ་དྭ་ཕྲུག་དང་སྤྲང་ཕྲུག་གཉིས་ཀའི་འཚོ་བ་དང་དཔུང་བསྡོང་སྦྲེལ་དགོས་བྱུང༌། ཆུང་དུས་ནས་རྣམ་རིག་ཤིན་ཏུ་གསལ་ཞིང་དྲན་པ་བརྟན་པ་དང་སྤྱང་གྲུང་འཛོམས་ཤིང་དཔའ་མཛངས་ལྡན་པ། བདེན་པ་སྨྲ་ཞིང་གཞུང་དྲང་པ་བཅས་ཀྱི་ཁྱད་ཆོས་ལྷན་སྐྱེས་སུ་ལྡན་པ་ལ་བརྟེན་ནས་དོ་སྒང་ཞབས་ཚང་གིས་མ་འོངས་པའི་ཚོང་པར་རེ་ནས་ཡི་གེ་ཀ་ཁ་དང༌། འབྲུ་དེད། ཚགས་དེད། སྦྱོར་ཀློག་སོགས་ལ་བསླབ་ཐོག་སུམ་རྟགས་གཉིས་དང༌། བོད་ཡིག་དཀར་ནག་གི་ཡིག་གཟུགས་བཅས་པ་དགེ་ལུ་རང་གིས་བསླབས་པ་ལྟར་ལས་ཀའི་ཞོར་དུ་ཧུར་བརྩོན་གྱིས་བསླབ་ཅིང༌། རང་ལོ་བཅོ་བརྒྱད་གོང་ནས་དར་རྩེ་མདོར་ཚོང་གཡོག་ལ་འགྲོ་དགོས་བྱུང་བ་སོགས། ཚོང་ལས་ཀྱི་འདུ་ལོང་ཁྲོད་ཐུགས་ཡིད་ཚིམས་པའི་སློབ་སྦྱོང་གནང་ལོང་བྱུང་མི་འདུག་ཀྱང་སྔོན་གྱི་བག་ཆགས་ལྟ་བུས་བོད་ཀྱི་རིག་གཞུང་ཐོག་དམིགས་བསལ་དོ་སྣང་ཤིན་ཏུ་ཟབ་པ་ལ་བརྟེན་ནས་རང་སྦྱོང་ཁོ་ནས་བོད་ཀྱི་རྒྱལ་རབས་ཆོས་འབྱུང༌། དེབ་ཐེར། ལོ་རྒྱུས། སུམ་རྟགས། སྙན་ངག །མངོན་བརྗོད། སྡེབ་སྦྱོར། རྩིས་དཀར་ནག །ཨང་རྩིས། ལམ་རིམ་སོགས་ལ་གནས་ཚད་ངེས་ཅན་སླེབས། གྲོང་སྡེ་མཉམ་ལས་ཚུགས་སྐབས་མཉམ་ལས་དྲུང་ཆེ་དང༌། རྩིས་པའི་ཕྱག་ལས་གནང༌། སྐབས་དེར་བྲིས་པའི་ཕྱག་བྲིས་མང་པོ་ཞིག་མཐོང་ཆོས་སུ་ཡོད་པ་རྣམས་ད་ལྟའི་ཆརབྲིས་དཔེ་ཚད་མཐོའི་གྲས་ལ་སླེབས། རིག་གནས་གསར་བརྗེའི་མཇུག་བསྡུས་ཤིང༌། མཉམ་ལས་འཐོར་ཞིག་སོང་བའི་རྗེས་གྲོང་སྡེ་ཡན་མན་དུ་བོད་ཡིག་ཀ་ཁ་ནས་བཟུང་སྦྱོར་ཀློག་དང༌། སྦྲེལ་ཀློག །ཚེག་དེད་དང་འབྲུ་དེད་རིམ་པར་བཞིན་བསླབས་པ་དང་ད་དུང་ཁག་གཅིག་ལ་གཤར་གཟབ་ཀྱི་ཡིག་གཟུགས་དང༌། སུམ་རྟགས་དག་གསུམ། སྡེབ་སྦྱོར། སྙན་ངག །གནའ་བོའི་རྩོམ་སྲོལ་བཅས་ཀྱང་བསླབ་པའི་བཀའ་དྲིན་ལས་ད་ལྟའི་ཆར་ཁོང་གི་སློབ་མའི་ཁྲོད་ནས་གྲྭ་སའི་དགེ་བཤེས་དང༌། སྲིད་གཞུང་གི་ལས་ཞབས་པའང་གང་འཚམས་ཐོན་ཡོད། བར་སྐབས་ཤིག་ནས་མཚན་སྙན་རྒྱས་འགོ་ཚུགས་ཏེ་རྒྱ་གཞུང་གིས་སློབ་དགེར་གདན་དྲངས་ཀྱང་ཞལ་བཞེས་མ་གནང༌། ཁོང་གི་ཐ་སྙད་རིག་གནས་ཀྱི་འཁྲིད་རྒྱུན་ནི་དཔལ་སྤུངས་སི་ཏུ་ནས་བརྒྱུད་དེ་ཁང་གསར་དྲུང་ཡིག་བློ་བཟང་ཡེ་ཤེས་དང་དོ་སྒང་ཞབས་ཚང་དགེ་ལུ་ནས་གསན་པ་ཡིན་འདུག ཁོང་གིས་བྲིས་པའི་དབུ་ཅན་ནི་དམིགས་བསལ་གྱི་ཡིག་གཟུགས་ལྡན་ཞིང༌། ད་ལྟའི་ཆར་ཡང་ཁོང་གི་ཕྱག་བསྟར་མའི་པོད་བྲིས་འགའ་རེ་མཐོང་རྒྱུ་ཡོད་པ་དེ་རིགས་དེང་སང་གི་ཡིག་བྲིས་པ་སུས་ཀྱང་འགྲན་ཐབས་མེད་པ་ཞིག་ཡིན། དབུ་མེད་ཐད་དམིགས་བསལ་བཀོད་པ་ལེགས་ཐོག་ཀློག་བདེ་བའི་ཁྱད་ཆོས་འབུར་དུ་ཐོན་པ་ཡོད།

གདོང་ཐོག་ཚེ་རྣམ་དང་ཁོང་གི་ཕྱག་རྗེས།

    གདོང་ཐོག་ཚེ་རྣམ་ནི། ཁམས་སྡེ་དགེ་ནས་ཡིན་ཞིང༌། ཆུང་དུས་སྡེ་དགེ་ནས་ཤེས་བྱ་རིག་གནས་ཀུན་དང་ལྷག་པར་སི་ཏུའི་ལུགས་བཟང་གི་ཐ་སྙད་རིག་གནས་སྐོར་ལ་མཁས་པར་བསླབས། སྐུ་ན་སོན་དུས་དཀར་མཛེས་གདོང་ཐོག་དགོན་པའི་དྲུང་ཡིག་ཏུ་གདན་དྲངས་པ་ལྟར་བྱོན། དགོན་པའི་ཕྱག་ལས་ཀྱི་ཞོར་ལ་གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་དང༌། ཀ་བྲག་ཞིང་མངའ་ཚང་བུ་རྒྱུད་སྨད་མཁན་པོ་དགེ་བཤེས་ཐུབ་སྟོབས་མགོན་པོ་སོགས་སྤྲུལ་པའི་གང་ཟག་དང༌། མི་ཆེན་དཔོན་རིགས་ཁག་དུ་མར་བོད་ཀྱི་སྐད་ཡིག་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཀ་ཁ་ནས་འགོ་བཙུགས་ཏེ་སུམ་རྟགས་དག་གསུམ་དང༌། ཡི་གེ་དཀར་ནག་གི་འབྲི་གཟུགས་བཅས་པ་སྡེ་དགེ་དཔལ་སྤུངས་ལུགས་ཀྱི་ཁྲིད་སྲོལ་གཙང་མའི་རྒྱུད་པ་སྤེལ། ཁོང་གིས་བྲིས་པའི་རོ་ལངས་གསེར་འགྱུར་གྱི་སྒྲུང་ཁམས་རིས་འབྲུ་ཚ་གླེགས་བམ་ཆེན་པོ་ཞིག་ད་ལྟའང་མཐོང་ཆོས་སུ་ཡོད་པ་དེར་བལྟས་ན་འབྲུ་ཚའམ་བག་ལྒང་མའི་ཡིག་གཟུགས་འདི་ཉིད་ཁམས་པའི་ཁྱད་ནོར་ལྟ་བུ་ཡིན་ལ། ལྷག་དོན་ཁོང་གིས་བྲིས་པའི་ཡིག་གཟུགས་འདི་བག་ལྒང་མའི་ནང་ནས་ཀྱང་གྲུ་བཞིའི་ཐིག་རྩ་ལས་མི་འགོངས་པ་གུག་བཀྱེད་ཀྱི་རིང་ཚད་རན་པ། བརྩེགས་འདོགས་ཀྱི་འཁྱུག་སྟབས་མཉེན་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་དེང་སང་སྡེ་དགེ་རང་དུའང་བག་ལྒང་མའི་ཡིག་གཟུགས་འདི་འདྲ་འབྲི་མཁན་ཤིན་ཏུ་དཀོན། སྲོལ་རྒྱུན་འདི་དག་སི་ཏུའི་སྡེབ་བྲིས་དངོས་ལས་ཅུང་ཟད་ཙམ་ཡང་མ་འཆུག་པར་བཤད། ཕྱག་སྲོལ་འདི་ཉིད་དཀར་མཛེས་ཁུལ་དུ་དར་ཁྱབ་ངེས་ཅན་བྱུང་བའི་ཁྲོད་ནས་མཚན་གཞི་འགའ་ཞིག་བགྲང་ན།
    རྒྱུད་སྨད་མཁན་པོ་དགེ་བཤེས་མཐུ་སྟོབས་མགོན་པོ་ནི། ཧོར་ཁང་སར་ཚང་གི་ཇའི་སང་ཀ་བྲག་ཚང་གི་ཁྱིམ་དུ་འཁྲུངས། ཁང་གསར་སྐྱབས་མགོན་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡབ་ཡུམ་གཅིག་པའི་སྤུན་མཆེད་ཡིན། ཆུང་དུས་ནས་གདོང་ཐོག་ཚེ་རྣམ་གྱི་དྲུང་ནས་ཡི་གེ་ཀ་ཁ་ནས་བཟུང་ཀློག་གི་སྐོར་དང༌། ཚུགས་རིང་ནས་བཟུང་འཁྱུག་རིས་བར་ཡིག་གཟུགས་ཀྱི་སློབ་སྦྱོང་རིམ་པ་བཞིན་གནང༌། སྐུ་ན་སོན་པ་དང་ཁྱིམ་གྱི་སྟོབས་འབྱོར་ཆུང་མ་བཅས་པར་ཞེན་པའི་ཐ་གུས་མ་བཅིངས་པར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས། གདན་ས་འབྲས་སྤུངས་སུ་ཞུགས་ནས་བཀའ་པོད་ལྔ་ལ་མཁས་པར་བསླབས་མཐར་ལྷ་རམས་ཨང་དང་པོའི་དམ་བཅའ་བཞག །རྒྱུད་ལ་ཞུགས་ནས་སྔགས་ཕྱོགས་ལ་བརྩོན་མཐར་སྔགས་རམས་དང་དགེ་བསྐོས། བླ་མ་དབུ་མཛད་རིམ་པར་བརྒྱུད་མཁན་ཁྲིར་ཕེབས། སྐུ་ཚེའི་མཛད་རིམ་ནང་འཆད་རྩོད་ཀྱི་མཛད་པ་གཙོ་བོར་བསྐྱངས་ནས་སློབ་མ་སྟོང་ཕྲག་མང་པོ་བསྐྱངས། ཞོར་དུ་ཐ་སྙད་རིག་གནས་སྐོར་གྱི་སློབ་ཁྲིད་ཀྱང་གང་འཚམས་གནང༌། དེ་ཡང་སི་ཏུ་པཎ་ཆེན་དང་པྲ་སྟི་དགེ་བཤེས་གཉིས་ཀའི་བཞེད་སྲོལ་རིགས་པའི་ལམ་ནས་སྐལ་བཟང་དཔྱོད་ལྡན་མཁས་པའི་དགའ་སྟོན་ཉིད་དུ་སྤྲོ་བར་མཛད། རྩོམ་པ་དང་ཕྱག་བྲིས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས་པ་མེད་ཀྱང་གང་ཞིག་བྲིས་པའི་ཕྱག་བྲིས་རྣམས་དམ་པ་གོང་མའི་ཕྱག་སྲོལ་གྱི་རྒྱུན་བཟང་མ་ཉམས་པར་ཡོད་པས་ཁུངས་ལྡན་གྱི་ཡིག་གཟུགས་ཉིད་དུ་ངེས་སོ།།
    གདོང་ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་ནི། དཀར་མཛེས་མཐིང་མཁར་ཚང་གི་ཁྱིམ་དུ་འཁྲུངས། ཆུང་དུས་ནས་གདོང་ཐོག་གོང་མའི་ཡང་སྲིད་དུ་ངོས་འཛིན་ཁྲི་འདོན་དང་འབྲེལ། དྲུང་ཡིག་ཚེ་རྣམ་ལས་ཡི་གེ་འབྲི་ཀློག་ཚད་ལྡན་བསླབས། རང་བྱུང་གི་རྣམ་དཔྱོད་དང་སྔོན་གྱི་བག་ཆགས་བཟང་པོའི་མཐུ་ལ་བརྟེན་ནས་བོད་ཀྱི་ཐ་སྙད་རིག་གནས་དང་ཡིག་གཟུགས་བཅས་པ་ཚེགས་མེད་དུ་མཁྱེན། སྐུ་ན་སོན་པ་དང་རྫོང་སར་བཤད་གྲྭར་ཞུགས་ནས་གཞུང་ཆེན་བཅུ་གསུམ་དང་ཞར་ལ་བོད་ཀྱི་ཐ་སྙད་རིག་པའི་གནས་ཀུན་ལ་མཁས་པར་བསླབས། ཕྱིས་རྒྱ་གར་དུ་ཕེབས་ནས་དབྱིན་ཡིག་ཀྱང་མཁས་པར་སྦྱངས་ནས་བོད་དབྱིན་ཤན་སྦྱར་གྱི་ཚིག་མཛོད་སྣང་བ་གསར་པ་གསར་རྩོམ་མཛད་པ་དེ་བཞིན་ད་ལྟའི་ཆར་གཞིས་བྱེས་བོད་པ་ཙམ་དུ་མ་ཟད། འཛམ་གླིང་ཤར་ནུབ་གང་སར་ཁྱབ་བཞིན་པ་སྣང༌། ས་ཕག་དུས་འགྱུར་རྗེས་རྒྱལ་ས་ལྡི་ལིར་བཞུགས་ནས་ལོ་མང་རིང་རང་གཞུང་གི་ཕྱག་ལས་གནང༌། དེ་རྗེས་ཨ་རིར་ཕེབས་ནས་ས་པཎ་བཤད་སྒྲ་བཙུགས། བོད་ཀྱི་དར་ཆའི་འགྲེལ་བཤད་དང༌། རྒྱལ་རབས། ཆོས་འབྱུང༌། དགག་ཡིག །ཡི་གེ་བྲིས་དཔེ་སོགས་ཀྱི་དེབ་མང་པོ་ལྗགས་རྩོམ་མཛད། འགའ་ཞིག་དབྱིན་ཡིག་ཐོག་ཏུའང་བསྒྱུར། ལྗགས་རྩོམ་མང་པོ་ཞིག་དཀར་ནག་ཅི་རིགས་ཀྱི་ཡི་གེ་ཕྱག་བསྟར་མར་བྲིས་འདུག །དེ་ཚོར་ཚིག་སྦྱོར་དང་བཟོ་བཀོད་ཡིད་དབང་འཕྲོག་པའི་ཁྱད་ཆོས་ལྡན་ལ། ད་དུང་ཀ་དཔེ་དེ་དག་ལ་ཞིབ་ཏུ་དཔྱད་ཚེ་སྡེ་དགེ་པར་ཤིང་གི་པར་མའི་བཀའ་བསྟན་དང་ཆུ་ནང་ཆུ་བཞག་ལྟ་བུར་སྣང༌། ཁོང་གི་ཕྱག་བྲིས་འབྲུ་ཚ་བག་ལྒང་མ་འདི་རིགས་འཕྲུལ་ཆས་སྒྲིག་པ་ལྟ་བུ་ལས་མིས་ལག་པས་བྲིས་པ་ལྟ་བུའི་བཟོ་མེད་ཅིང༌། ཁྱད་ཆོས་འབུར་དུ་འཐོན་པའི་ཕྱག་བྲིས་འདི་རིགས་ད་ཆར་བོད་ས་སྟོད་སྨད་ཀུན་ཏུ་འབྲི་ཤེས་མཁན་ཤིན་ཏུའང་ཉུང་ཉུང་ཡིན་ངེས་སྙམ། ད་ལྟའི་ཆར་ནུབ་ཕྱོགས་ཨ་རིའི་ཁུལ་དུ་བསྟན་དོན་སྤེལ་བཞིན་པ་ལས་རང་རིགས་མི་དམངས་ཁྲོད་དུ་གནའ་སྲོལ་གཙང་མའི་རིག་གཞུང་གི་རྒྱུད་པ་སྤེལ་བའི་དུས་ཚོད་མེད་ནའང༌། གསུང་གི་ལེགས་བཤད་ཡིག་ཐོག་ཏུ་ཕབ་པ་མི་ཉུང་བ་ཞིག་དོན་གཉེར་ལྡན་པའི་བོད་སྐྱེས་གཞོན་ནུ་ཚོས་ལྟ་ཆོག་ཆོག་བྱས་ནས་བཞག་འདུག་པ་དེ་དག་ལ་གཟིགས་ན་ཁོང་གི་རྩོམ་སྲོལ་དང་ཡིག་གཟུགས། རྣམ་དཔྱོད་དང་སྤོབས་པ་ཇི་ཙམ་ཡོད་པ་ཤེས་ཐུབ་ངེས་སྙམ།།

མདུན་ཤོག

Menu