[toc]

དབྱར་དུས་ཀྱི་བོད་ལྗོངས།(ཨང་དང་པོ)

རིག་འཛིན་རྒྱ་མཚོ། སུ་ཇ་བོད་ཁྱིམ་སློབ་གྲྭ།

གཅིག

    སྙིང་ཉེ་བའི་བརྩེ་ལྡན་གྱི་གྲོགས་པོ་རྣམ་པ། ཁྱོད་ཚོས་དབྱར་དུས་ཀྱི་གངས་ལྗོངས་མཐོང་མྱོང་ངམ། གལ་ཏེ་དབྱར་དུས་ཀྱི་བོད་ལྗོངས་ཀྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་མྱོང་མེད་པའི་མི་ཞིག་ལ་ངས་ཕ་ཡུལ་གངས་ལྗོངས་ཀྱི་ཡོན་ཏན་དང་རང་བཞིན་བརྗོད་ན་གཅིག་བྱས་ན་ཐུགས་ཡིད་ཆེས་ཁག་པོ་རེད། དེ་ནི་བོད་གངས་ཅན་གྱི་རང་བྱུང་གི་བཀོད་པ་སྤྱི་དང་ཁྱད་པར་དུ་དབྱར་དུས་སུ་ངོ་མཚར་བའི་མཛེས་སྡུག་དང་དཔལ་ཡོན། བརྗིད་ཉམས་དང་དྭངས་གཙང་གི་རྣམ་པ་སོགས་ད་ལྟའི་དུས་རབས་འདིར་སའི་གོ་ལའི་སྟེང་དུ་དཔེ་མཚོན་དང་འགྲན་ཟླ་བྲལ་བས་སོ། །

གཉིས།

    ཁྱོད་ཚོས་ལྟོས་དང༌། གངས་དཀར་གྱི་མཆོད་རྟེན་བཞེངས་འདྲ་བའི་མ་བཅོས་ལྷུན་གྱིས་གྲུབ་པའི་གངས་དཀར་ཏི་སེ་ནི་བོད་གངས་ཅན་གྱི་བླ་རི་རེད། དབྱར་ཁའི་དུས་ཁྲི་གདུགས་ཉི་མའི་ཚ་དྲོད་ཅི་འདྲ་ཆེ་ཡང་གངས་རི་དཀར་པོའི་བརྗིད་ཉམས་དང་བཀྲག་མདངས་ནི་སྔར་བས་ཀྱང་ཆཻ་རུ་འགྲོ། ལྷ་བྱ་ཁུ་བྱུག་སྔོན་མོའི་གསུང་སྐད་ལྷང་ལྷང་དུ་བསྒྲགས་ནས་དབྱར་དུས་ས་གཞི་ལ་དྲོད་ཁོལ་རྒྱས་ཤིང་ཡངས་ཤིང་རྒྱ་ཆེ་བའི་འབྲོག་པའི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་གྱི་འཚེར་སྐད་ངུར་སྒྲ་འབའ་སྒྲ་སྒྲོགས་བཞིན་ཆེས་ལྷིང་འཇགས་དང་ཞི་བདེ་བག་ཕབ་ཀྱི་དཔལ་ལ་རོལ་བ་ནི་དབྱར་དུས་ཀྱི་བོད་ལྗོངས་རེད། གལ་ཏེ་བོད་དང་བོད་ཀྱི་རང་བྱུང་གི་ཁོར་ཡུག་ལ་རྒྱུས་མངའ་མེད་པའི་མི་ཞིག་གིས་རྣམ་པ་འདི་མཐོང་ན་ཧ་ལམ་འཇིག་རྟེན་གཞན་ཞིག་གི་སྟེང་དུ་སླེབས་ཡོད་པའི་ཚོར་བ་བཅོས་མིན་དུ་སྤྲོད་ངེས། རྒྱུ་མཚན་ནི་དེ་ལ་བརྟེན་ནས་ཕྱི་གླིང་པ་མང་པོ་ཞིག་འཚང་ཁ་ཤིག་ཤིག་ངང་བོད་དུ་ཡུལ་སྐོར་སྤྲོ་འཆམ་ལ་བསྐྱོད་པས་སོ། །

གསུམ།

    ཁྱོད་ཚོས་གསོན་དང༌། སྙན་ཞིང་འཇེབས་པའི་གསུང་དབྱངས་བར་མེད་དུ་སྒྲོག་པ་དེ་ནི་བྱེའུ་འཇོལ་མོའི་གསུང་སྙན་རེད། ད་དུང་མཆོངས་ཤིང་ལྡིང་པའི་རྩེད་དགའི་དཔལ་ལ་རོལ་བ་དེ་ནི་བདག་མེད་ཀྱི་སེམས་ཅན་འདྲ་མིན་དང་མཛའ་བརྩེ་ཟབ་པའི་རི་དྭགས་ཕོ་མོ་རྣམས་ཀྱི་དབྱར་ཁའི་དུས་སུ་རྩྭ་ཐང་དུ་དགའ་སྤྲོའི་དཔལ་ལ་རོལ་བའི་རྣམ་པ་རེད། དབྱར་དུས་ཀྱི་བོད་ལྗོངས། འཇིག་རྟེན་འདིའི་རྒྱན་ཆ་མ་ཡིན་ནམ། དབྱར་དུས་ཀྱི་བོད་ལྗོངས། དུས་རབས་འདིའི་དག་ཞིང་མ་ཡིན་ནམ། ཡ་རབས་དང་བཟང་སྤྱོད་ཀྱིས་ཕྱུག་པའི་བོད་མི་རྣམས་ཀྱིས་རྫ་ལུང་རི་ལུང་གླུ་རུ་ལེན་བཞིན་རང་གི་མི་ཚེ་དང་འཚོ་བའི་དགོས་འདོད་སྒྲུབ་པ་ནི་དབྱར་དུས་ཀྱི་བོད་ལྗོངས་རེད།

བཞི།

    གལ་ཏེ་ཁྱོད་ཀྱིས་དབྱར་དུས་བོད་ལྗོངས་ཀྱི་རི་ཆུ་དང་ནགས་ཚལ་མཐོང་ན་ལྷ་ཡུལ་གྱི་སྐྱེད་མོས་ཚལ་དུ་སླེབས་པའི་ཚོར་སྣང་སྦྱིན་ངེས། གལ་སྲིད་ཁྱོད་ཀྱིས་དབྱར་དུས་གངས་ལྗོངས་ཀྱི་མཚོ་དང་མཚེའུ་མཐོང་དུས་ཡིད་སེམས་ཀྱི་སྡུག་བསྔལ་ཡོད་ཚད་བརྗེད་ནས་བདེ་ལྡན་དག་པའི་ཞིང་གི་གླིང་དུ་སླེབས་པའི་སྣང་བ་སྟེར་ངེས།
    དྭངས་གསལ་ནམ་མཁའི་བུ་མོ་ཐང་ལ་ལྷུང་འདྲ་བའི་འཁྱིལ་ཞིང་ཟླུམ་པོའི་མཚོ་མོ་དེ་ནི་བོད་གངས་ཅན་གྱི་བླ་མཚོ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ་རེད། འགྲོས་སྙོམ་པའི་རྦ་རླབས་དང་ལྷིང་འཇགས་པའི་མཚོ་མོ་དེ་ནི་དབྱར་དུས་བོད་ལྗོངས་ཀྱི་ཁྲི་ཤོར་རྒྱལ་མོ་རེད། གསོན་དང༌། མཚོ་མོ་འདིའི་རླབས་སྒྲ་རེ་རེ་ལས་བོད་མི་རིགས་ཀྱི་སྙིང་སྟོབས་མཚོན་ཐུབ།

ལྔ།

    དབྱར་དུས་ཀྱི་བོད་ལྗོངས་ཅི་འདྲའི་སྐྱིད་ཉམས་དོད་པ་ཞིག་མ་རེད་དམ། ལྟོས་དང༌། འབྲུ་རིགས་སྣ་ལྔའི་ལང་ཚོའི་སྙེ་མ་རྒྱས་ཤིང་ས་གཞི་ལོ་ཏོག་གི་འབྲས་བུ་ཡོད་ཚད། བོད་གངས་ཅན་གྱི་ས་འཛིན་བུ་མོའི་མངལ་དུ་འཁྲུངས་པ་འདྲ་བའི་རྣམ་པ་འདི་ཡིས་སོ་ནམ་པར་བཅོས་མིན་གྱི་བདེ་བ་སྦྱིན་ཞིང་དགའ་སྤྲོའི་འཛུམ་མདངས་ཀྱི་མེ་ཏོག་རྒྱས་པ་ནི་དབྱར་དུས་གངས་ལྗོངས་ཀྱི་ལས་དབང་རེད།
    ས་ཕྱོགས་གང་སར་ནས་ཕེབས་པའི་སྐུ་མགྲོན་རྣམས་ཀྱི་ལག་ཏུ་པར་ཆས་ཐོགས་ནས་མཛེས་པའི་གངས་ལྗོངས་ཀྱི་ལང་ཚོ་ལོངས་སུ་སྤྱོད་པ་དེ་ནི་དབྱར་དུས་གངས་ལྗོངས་ཀྱི་གཟི་བྱིན་རེད། འཇིག་ཅིང་ཆག་ལ་ཉེ་བའི་དུས་རབས་འདིར་འཛམ་གླིང་མི་མང་གི་ཡིད་ལ་བདེ་བ་སྦྱིན་ཐུབ་པ་ནི་དབྱར་དུས་བོད་ལྗོངས་ཀྱི་ཁོར་ཡུག་རེད། སྐྱེས་ཐོབ་ཀྱི་དཔལ་འབར་བའི་སྙན་ངག་པ་གང་མང་ཞིག་ལ་རྩོམ་རིག་གི་བརྗོད་གཞི་སྤྲོད་ཐུབ་པ་དང་ཁོང་ཚོའི་བསྔགས་པའི་ཡུལ་དུ་གྱུར་བ་ནི་གངས་ཅན་སཱ་ལའི་ལྗོངས་ཀྱི་དབྱར་ཁའི་རྣམ་པ་རེད།
    འདི་ལྟར་བསམ་བློ་གཏོང་དུས་དབྱར་དུས་བོད་ལྗོངས་ནི་འཇིག་རྟེན་མི་ཡུལ་གྱི་མིང་གྲགས་དོན་དུ་གནས་པའི་རང་བྱུང་ཁོར་ཡུག་གི་བཀོད་པ་དང་འཛམ་གླིང་མི་མང་གི་རྒྱན་ཆ་ཁོ་ན་དེ་ཆགས་ཡོད།

དྲུག

    དབྱར་དུས་ཀྱི་བོད་ལྗོངས་ཀྱིས་བོད་མི་ས་ཡ་དྲུག་གི་ངོ་བོ་དང་རྣམ་པ་མཚོན་ཐུབ་པ་མ་ཟད། མཐོ་སྒང་ན་གནས་པའི་མི་རིགས་ཤིག་གི་སྙིང་སྟོབས་མཚོན་ཐུབ། དབྱར་དུས་ཀྱི་གངས་ལྗོངས་ཁྱེད་ནི་བློ་ཁ་ཆོས་ལ་ཕྱོགས་ཤིང་ཡ་རབས་ལས་ལ་དུང་བའི་མི་རིགས་ཤིག་གི་རང་བྱུང་ཁོར་ཡུག་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དེ་མཚོན་ཐུབ། དབྱར་དུས་ཀྱི་བོད་ལྗོངས། ངའི་མ་འོངས་པའི་རེ་བ་ཡིན། དབྱར་དུས་ཀྱི་བོད་ལྗོངས། ངའི་སེམས་ཁོང་གི་སྙན་ངག་ཡིན། ཁྱོད་ནི་བོད་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས། འཛམ་གླིང་མི་མང་ལ་ཕུལ་བའི་ལེགས་སྐྱེས་ཡིན། ངས་ལག་ཏུ་སྨྱུ་གུ་བཟུང་བ་ནས་དབྱར་དུས་གངས་ལྗོངས་ཀྱི་མཛེས་སྡུག་གླེང་བ་ཡིན་ལ་མ་འོངས་པ་ཡང་དེ་ལྟར་ཡིན།

མཇུག་བསྡུ་བ།

    གྲོགས་པོ་ལགས། ཉིན་མཚན་དུས་དྲུག་གི་གངས་ལྗོངས་སྤྱི་དང་ཁྱད་པར་དུ་དབྱར་དུས་བོད་ལྗོངས་ཀྱི་ངོ་བོ་དང་རང་བཞིན། མཛེས་སྡུག་དང་ཡོན་ཏན་སོགས་ཀྱི་རང་བཞིན་བརྗོད་ན་འཇིག་རྟེན་ཇི་སྲིད་མ་སྟོང་བར་དུ་གངས་ལྗོངས་ཀྱི་ཆེ་བ་བརྗོད་ཀྱང་རྫོགས་ཐབས་བྲལ། ངས་ནམ་ཡང་སྙིང་ཁོང་རུས་པའི་གཏིང་ནས་སྨོན་ལམ་འདེབས་པ་ནི་གངས་ཅན་སཱ་ལའི་ལྗོངས་ཀྱི་མཛེས་སྡུག་ནམ་ཡང་འགྱུར་མེད་རྟག་བརྟན་ངང་གནས་ཐུབ་པར་ཤོག །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་ནི་བཀོད་འབྲི་དང་དུང་སེམས་མཚོན་པའི་ཐབས་རྩལ་ཟུང་འབྲེལ་གྱིས་བྲིས་པའི་ལྷུག་རྩོམ་གྱི་རྣམ་པ་ཞིག་རེད། རྩོམ་པ་པོས་དབྱར་དུས་ཀྱི་གངས་ལྗོངས་ཀྱི་མཛེས་སྡུག་གི་རྣམ་པ་བཀོད་འབྲི་དང་འབྲེལ་ནས་རང་ཉིད་ཀྱི་ཕ་ཡུལ་གངས་ལྗོངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་ཐབས་བྱས་ཡོད། རྩོམ་ཡིག་འདིའི་དུམ་ཚན་གྱི་དབྱེ་བ་གསལ་ཞིང་ཚིག་སྦྱོར་ལ་སྙན་ཆ་ལྡན་མོད། འོན་ཀྱང་ཡི་གེའི་དག་ཆ་ནོར་བ་ཉུང་ནའང་ཚིག་སྒྲུབ་མ་འབྱོར་བ་ཁག་ཅིག་འདུག་པ་དང༌། ཁྱད་པར་རྩོམ་ཡིག་གི་སྒྲིག་གཞི་གོ་སྒྲིག་གནང་ཕྱོགས་ཐད་གཅིག་བསྡུས་དང་རམ་འདེགས་ཀྱི་ནུས་པ་འདོན་སྟངས་ཐད་དམིགས་བསལ་གྱིས་ཐུགས་སྣང་དགོས་གལ་མཐོང༌།

དབྱར་དུས་ཀྱི་བོད་ལྗོངས།(ཨང་གཉིས་པ)

དཔལ་ལྡན་ཆོས་གྲགས། སེར་བྱེས་འབྲིང་རིམ་སློབ་གྲྭ།

མཚན་ཙམ་ཐོས་པས་ཡིད་ལ་བདེ་བ་སྟེར། །སྐུ་དངོས་མཇལ་དུས་སྡུག་གི་མུན་པ་སེལ། །
འགྲོ་དྲུག་སེམས་ཅན་ཀུན་གྱི་གཙུག་གི་ནོར། །སྐྱབས་མགོན་བསྟན་འཛིན་རྒྱ་མཚོའི་ཞབས་ལ་འདུད། །
    ཨེ་མ། བོད་ཅེས་པའི་ཐ་སྙད་དེ་བུ་ངའི་ཐོས་འཛིན་དབང་པོའི་ལམ་དུ་ཡང་ཡང་འཕོས་ཐེངས་རེར་ཕྲན་ནི་དགའ་བ་འབུམ་གྱིས་མྱོས་ཏེ་བསྟོད་བསྔགས་ཀྱི་མེ་ཏོག་གང་མང་ཞིག་གཏོར་འདོད། སྤྱིར་བོད་ཅེས་པ་ནི་འཛམ་གླིང་གི་ཡང་ཐོག་ཅེས་འབོད་ལ། ཨེ་ཤ་ཡའི་ཆུ་ཆེན་མང་ཆེ་བའི་འབྱུང་ཁུངས་ཀྱང་ཡིན། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་སྟུག་ལ་བརྗིད་པའི་ནགས་ཚལ། ད་དུང་མཚོ་དང་མཚེའུ། མདོར་ན་ཡུལ་ལྗོངས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ཡོད་དོ། །
    དངོས་གནས་དབྱར་དུས་ཀྱི་བོད་ལྗོངས་ནི་བལྟས་ཀིན་བལྟས་ཀིན་ལྟ་འདོད་པའི་ལྷ་ཡུལ་གྱི་གཞལ་མེད་ཁང་བཟང་ཞིག་མི་ཡུལ་ལ་འཕོས་པ་དང་ཨ་ན་མ་ན་རེད། རེད་ཡ། དབྱར་ཁ་ཆར་པ་བབས་ཏེ་རྩྭ་ཆུ་རྒྱས་ཞེས་པ་ལྟར་དབྱར་དུས་ཀྱི་བོད་ལྗོངས་ནི་ཅི་འདྲའི་ངོ་མཚར་བའི་དུས་བཟང་ཞིག་མ་ཡིན་ནམ། དུས་དེར། ནང་མི་གཉེན་འབྲེལ་དང་གྲོང་པ་ཁྱིམ་མཚེས་རྣམས་ཟས་གང་ལེགས་དང་ལུས་ལ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཏེ་དགའ་ཞིང་སྤྲོ་བའི་སྒོ་ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་པའི་གསེབ་ཏུ་རྐང་བྲོ་འཁྲབ་པ་དང་གླུ་གཞས་གཏོང་བ་སོགས་དགའ་སྤྲོ་ཡི་རྦ་རླབས་གྱེན་དུ་འཕྱུར་ལ། རང་དབང་མེད་པར་རང་རྒྱུད་ལ་བྱམས་བརྩེ་དང་ལྷག་བསམ་སོགས་ཀྱི་དགེ་བས་མེ་ཏོག་ལ་ཆུ་ལུད་དང༌། རྫས་སྦྱོར་སོགས་གང་ཡང་མེད་པར་རང་གི་ངང་གིས་འཁྲུངས་ཀྱི་རེད། དེ་ནི་བོད་པ་ལག་རྩལ་ལ་མཁས་དྲགས་པ་དང་ཤེས་ཡོན་ཕྱུག་དྲགས་པའི་ག་ལ་ཡིན། དེ་ནི་བོད་པ་ཚོ། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང༌། མ་བྲག་སྲིན་མོའི་རྒྱུད་པ་ལས་མཆེད་པའི་རིགས་བཟང་གི་རིགས་རྒྱུད་ཡིན་པ་དང༌། གཉིས་ནི། འདོད་རྒུ་ཆར་ལྟར་འབེབས་པའི་བོད་ལྗོངས་ཞེས་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པའི་རྐྱེན་གྱིས་རེད།
    དངོས་གནས་དབྱར་དུས་ཀྱི་བོད་ལྗོངས་ནི་གཟབ་མཆོར་གང་ལེགས་ཀྱིས་སྤྲས་པའི་འཆི་མེད་བུ་མོ་ཞིག་མི་ཡུལ་ལ་གཟིགས་སྐོར་དུ་ཕེབས་པ་དང་གཅིག་མཚུངས་རེད། དུས་དེར་འཛམ་གླིང་མི་སུ་ཡིན་ཡང་སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར་འགྲམ་ཆུ་མི་ལྡང་མཁན་གཅིག་ཀྱང་མེད་ཅེས་ཕྲན་གྱིས་བློ་སྤོབས་ཆེན་པོས་སྒོ་ནས་བཤད་ན་འདོད་ལ་བཤད་ཀྱང་ཆོག ཨེ་རེད། དུས་དེར་ནམ་མཁའ་ན་སྤྲིན་པ་ཚོམ་བུ་བཀོད། རི་སུལ་ན་ཆུ་སྒྲ་ལྷུང་ལྷུང་འབབ། ད་དུང་མཛེས་ཤིང་ལྟ་ན་སྡུག་པའི་ཤིང་སྡོང་གི་སྟེང་དུ་སྙན་འཇེབས་ཀྱི་འགྱུར་ཁུགས་ཚངས་པའི་དབྱངས་ལྟར་བྱེའུ་འཇོལ་མོ་དང༌། ཡིད་དུ་འོང་བའི་ཁུ་བྱུག་གི་དབྱངས་སོགས་ནི་ཐོས་པ་ཙམ་གྱིས་དད་པའི་བ་སྤུ་མི་གཡོ་མཁན་མེད་ལ། ཐ་ན་བསྟན་དགྲ་རྒྱ་དམར་ཀླ་ཀློ་ཡིན་ཡང༌། ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཞེས་པ་ལྟར་རང་བཞིན་གྱིས་བསྟོད་བསྔགས་ཀྱི་ཚིག་བཟང་རྣམས་དགའ་སྡུག་ཁྲོ་གསུམ་གྱི་སྒོ་ནས་ཆུ་ཐུར་དུ་འབབ་པ་ལྟར་རེད། ད་དུང་དེའི་ག་ལ་ཚད། སྟོན་ཀ་སྡོང་ལོ་སེར་པོ་ས་ལ་ལྷུང༌། དགུན་ཁ་ཁ་བ་བབས་ཏེ་ས་གཞི་འཁྱགས། དཔྱིད་ཀ་རི་མགོར་རྩི་ཤིང་སྐྱེ་མགོ་ཚུགས། དབྱར་ཁ་ཆར་པ་བབས་ཏེ་རྩྭ་ཆུ་རྒྱས། ཞེས་པ་ལྟར། དབྱར་དུས་ན། ཡུལ་ལྗོངས་དང་རི་ལུང་སོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་རིན་ཐང་གཞལ་དཀའ་བའི་གསེར་དངུལ་སོགས་རིན་པོ་ཆེ་འཛམ་གླིང་གཞན་གང་ལ་ཡང་མེད་པའི་གཏེར་ཁ་བརྒྱ་ཕྲག་དུ་མ་རང་བཞིན་གྱིས་ཡོད་པ་ནི་དབྱར་དུས་བོད་ལྗོངས་ཀྱི་དགེ་མཚན་དང་ནམ་དུས་སོ་སོའི་ཁྱད་ཆོས་ཕུན་སུམ་ཚོགས་པ་རེད། དེ་ནི་ངས་ཁ་བཤད་ཙམ་མིན་པར། དངོས་མཐོང་ལག་ཟིན་ཡིན་པས་ཁྱེད་ཀྱིས་ཀྱང་དབྱར་དུས་ཀྱི་བོད་ལྗོངས་ལ་གཟིགས་དང༌། རེད་ཡ། དབྱར་དུས་ཀྱི་བོད་ལྗོངས་ནི་དགོས་འདོད་འཇོ་བའི་ནོར་བུ་བཞིན་ཅི་བསམ་ཡིད་བཞིན་འགྲུབ་པ་ཞིག་ཡིན་ལ། ཚོན་རྩི་དང་བཀྲག་མདངས་སོགས་ཀྱིས་གང་ཡང་མ་བརྒྱན་པའི་རྩྭ་དང་རྩི་ཤིང་སོགས། སྙིང་རྗེ་ལ་ལྡེམ་ལྡེམ་དུ་གཡོ་བའི་རྒྱ་སེ་མེ་ཏོག་དང༌། མེ་ཏོག་པདྨ་སོགས་ཀྱི་ཐེའུ་སྟེང་གསེར་སྦྲང་དང་གཡུ་སྦྲང་སོགས་ངན་སེམས་དང་ཁེངས་དྲེགས་སོགས་ཀྱི་སྐྱོན་ཏིལ་འབྲུ་ཙམ་ཡང་མེད་པའི་སྦྲང་མ་སོགས་བྱ་བྱེའུ་འབུམ་ཕྲག་མང་པོས་སྙན་འཇེབས་དབྱངས་དང་བསྡེབས་ནས་བཅུད་ཆེ་ལ་བྲོ་བ་ལྡན་པའི་སྦྲང་རྩིའམ་ནད་བརྒྱ་སྨན་གཅིག་ལ་ལོངས་སུ་སྤྱོད་བཞིན་མཆིས།
    ད་དུང༌། ནག་ནོག་དང་ལྗན་ལྗིན་གྱིས་དྲི་མ་མེད་པའི་དྭངས་ཤིང་བསིལ་བའི་ཡན་ལག་བརྒྱད་ལྡན་ལས་གྲུབ་པའི་མཚོ་དང་མཚེའུ་ནང་རྐེད་སྐབས་ཕྲ་ལ་སྟངས་སྟབས་སོགས་ལ་བྱང་ཆ་དོད་པའི་གསེར་མིག་ཉ་མོ་སོགས་ཀྱི་འཁྱུག་རྩལ་ནི་ཅི་འདྲའི་ངོ་མཚར་ལ་ཡིད་དུ་འོང་བ་ཞིག་མ་ཡིན་ནམ། དངོས་གནས་འཁྱུག་རྩལ་དེ་དག་མཐོང་ཚེ་གང་ཟག་ཕོ་མོ་སུ་ཡིན་ཡང་རང་བཞིན་གྱིས་དགའ་བ་འབུམ་ཕྲུག་དུ་མ་ལྷན་ཅིག་ཏུ་སྐྱེས་ཡོང་བ་ནི་གཞན་གང་ཡང་མིན་ལ་དབྱར་དུས་བོད་ལྗོངས་ཀྱི་ཁྱད་ཆོས་ངོས་གཙང་ཞིག་མ་ཡིན་ནམ། རེད། ད་དུང་དེའི་ག་ལ་ཚད། འཛམ་གླིང་གཞན་ན་གང་ཡང་མེད་པའི་ཤ་ཤེད་རྒྱས་པའི་འབྲི་གཡག་སོགས་རྒྱ་ཆེ་ལ་ངོ་མཚར་ཕུན་སུམ་ཚོགས་པའི་རྩྭ་ཐང་སྟེང་དུ་ངུར་སྒྲ་དང་བཅས་བཅུད་ཆེ་བའི་རྩྭ་དང༌། དྭངས་ལ་བསིལ་བའི་ཆུ་མིག་རྣམས་རིམ་བཞིན་ལོངས་སུ་སྤྱོད་བཞིན་འདུག ད་དུང་དེའི་གཡས་གཡོན་ན་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟ་བུའི་ལུག་ཁྱུའི་ཚོགས་རྣམས་ལུག་རྫི་བུ་མོའི་གཞས་དབྱངས་ཀྱི་འགྱུར་ཁུགས་དང་བསྡེབས་ནས་མཆོངས་ལྡིང་གི་སྒྱུ་རྩལ་གྱིས་ལྟ་སྐོར་ལ་ཕེབས་པའི་ཕྱི་གླིང་བ་རྣམས་སྲང་ལམ་ན་ཉུལ་བའི་ར་བཟི་ལྟར་བརྒྱལ་བ་ལས་སངས་པ་དང༌། སངས་པ་ལས་བརྒྱལ་བ་སོགས་དྲན་པ་འཐོར་མཁན་གང་མང་མཆིས། རེད་ཡ། ད་དུང་དུས་དེར་ཞིང་པ་ཚོས་གྲོ་ནས་དང་སྲན་མ་སོགས་ཀྱི་དཀྱིལ་ནས་རྩྭ་ཉོག་རྣམས་མར་འདོན་པའི་དུས་ཚོད་རེད་ལ། སོ་ནམ་པ་ཚོས་སོ་སོའི་ཞིང་ཁ་ལ་ཡུར་མ་རྒྱག་པའི་དུས་ཚོད་ཅིག་ཀྱང་རེད། ད་དུང་ཞིང་པ་ཚོས་སོ་སོའི་རྟ་དང་གཡག་ལ་ཁལ་བཀལ་ནས་རི་སྒང་ལ་དབྱར་རྩྭ་དགུན་འབུ་སོགས་རང་གི་ཁྱིམ་འཁོས་ཀྱི་ཆེད་དུ་མ་རྩ་གསོག་པའི་དུས་ཚོད་ཅིག་ཀྱང་རེད་ལ། འབྲོག་པ་རྣམས་རྩྭ་ཆུ་གང་ལེགས་དང་ས་ཆ་གང་འོས་སུ་སོ་སོའི་རྟ་ནོར་ལུག་གསུམ་ལ་འོས་ཤིང་འཚམ་པའི་ས་ཆ་ཇག་པ་དང་རྐུན་མ་སོགས་ཀྱི་ཉེན་ཁ་མེད་པ་ཞིག་འདེམས་སྒྲུག་བྱ་རྒྱུའི་དུས་ཚོད་ཁྱད་པར་ཅན་ཞིག་ཀྱང་རེད་དོ། ། 
    ཨེ་རེད། དངོས་གནས་རེད། ད་དུང་དབྱར་དུས་ཀྱི་བོད་ལྗོངས་ན། གང་ཟག་སུ་ཡིན་ཡང་འཆམ་འཆམ་ལ་བསྐྱོད་སྐབས། རང་བཞིན་གྱིས་ཚོར་བ་ཞིག་སྐྱེས་ཡོང་བ་ནི། གཞན་གང་ཡང་མིན་པར་དབྱར་དུས་བོད་ལྗོངས་ཀྱི་བཀྲག་མདངས་ལས་བྱུང་བའི་གཟི་བརྗིད་སྟོང་དང་ལྡན་པའི་འོ་མའི་རྒྱ་མཚོ་ལས་བྱུང་བའི་བདུད་རྩི་དང་རིན་ཆེན་སྣ་ལྔ་ལས་གྲུབ་པའི་ས་གཞིའི་ལང་ཚོ་ལས་གཞན་ཅི། ད་དུང་སྤྲོ་འཆམ་དུ་བསྐྱོད་སྐབས་འགྲོ་སོང་བཏང་ནས་འགྲོ་དགོས་ས་གང་ཡང་མེད་ལ། དཔལ་འབྱོར་བསྡུ་རུབ་བྱེད་པའི་སྤོབས་པ་དང་འདོད་པ་གང་ཡང་མེད། ད་དུང་འཆམ་འཆམ་དུ་བསྐྱོད་སྐབས་ཤིང་ཏོག་དང༌། ཟས་སྣ་གང་ཡང་འཁྱེར་མི་དགོས། དེ་ནི་དབྱར་དུས་བོད་ལྗོངས་ན་བཞད་པའི་འབྲས་བུ་རྣམས་འཛམ་གླིང་གཞན་གྱི་སྔོ་ཚལ་ལས་བཅུད་ཆེ་ལ་བྲོ་བ་ལྡན་པའི་ལྷན་སྐྱེས་ཀྱི་འབྲས་བུ་ཞིག་ཡིན་ལ། ད་དུང་རྒྱལ་ཁབ་གཞན་ཚོའི་སྐུ་ངལ་ལས་བསྐྲུན་པའི་ཀུན་དགའ་ར་བ་ལྟར་དབྱར་དུས་ཀྱི་བོད་ལྗོངས་ནི་རང་བཞིན་གྱིས་འཁྲུངས་པའི་དཔལ་འབྱོར་སོགས། གླ་ཆ་གང་ཡང་སྤྲོད་མི་དགོས་པའི་མེ་ཏོག་ལྡུམ་ར་འཇིག་རྟེན་དུ་གཞན་དྲིང་མི་འཇོག་པའི་ཁྱད་ནོར་ཞིག་ཡིན་ནོ། །
    ད་ངས་མཚམས་འདི་ནས་འཇོག འདི་ནི་དབྱར་དུས་བོད་ལྗོངས་ཀྱི་ཁྱད་ཆོས་རྒྱ་མཚོ་ལྟ་བུ་ལས་བྱུང་བའི་དགའ་སྤྲོ་ཡིས་བཀོད་པའི་ཆུ་ཐིགས་ཤིག་གོ། །
བཀྲ༷་བའི་བོད་ལྗོངས་ཆོས་ཀྱི་ཞིང་ཁམས་ལ། །ཤིས༷་བརྗོད་ལུས་ཁམས་བདེ་བའི་སྨོན་འདུན་དང༌། །
བདེ༷་དགའ་ཡིད་འོང་བཟའ་ཆོས་སློབ་གཉེར་སོགས། །ལེ༷གས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་ནང་གངས་ལྗོངས་ཀྱི་དབྱར་ཁའི་ཡུལ་ལྗོངས་བཀོད་འབྲི་བྱས་པ་དང་སྦྲགས་རང་ཉིད་ཀྱི་ཕ་ཡུལ་གངས་ལྗོངས་ལ་བཅངས་པའི་བརྩེ་དུང་མཚོན་འདུག ཚིག་སྦྱོར་སྙན་ཞིང་ཡིག་ནོར་ཉུང༌། འོན་ཀྱང༌། རྒྱུ་ཆ་བཀོད་སྒྲིག་བྱེད་སྟངས་དང་བརྗོད་སྙིང་མཚོན་ཐབས་ཀྱི་ནུས་རྩལ་ད་དུང་ཡར་རྒྱས་གཏོང་དགོས་འདུག་པས་འབད་བརྩོན་ཡོང་བར་ཞུ།

དབྱར་དུས་ཀྱི་བོད་ལྗོངས།(ཨང་གསུམ་པ)

འཇམ་དཔལ་རྡོ་རྗེ། བྷེལ་ཀོབ་བོད་ཁྱིམ་སློབ་གྲྭ།

    དབྱར་དུས་ཀྱི་བོད་ལྗོངས་ཤིན་ཏུ་མཛེས་ལ་ལྷ་ཡུལ་ཞིང་མཆོག་གི་དུམ་བུ་ས་ལ་ལྷུང་ལྟར་མཚར། དེ་ཡང་སྤྲིན་དཀར་པོས་ཨ་སྔོན་མཁའ་དབྱིངས་སུ་ལང་ལོང་འཁྲིགས་ཏེ། དགའ་སྤྲོའི་སེམས་དབྱིངས་སུ་འདྲེན་བཞིན་སྦྲང་ཆར་བསིལ་མས་ཤག་ཤག་ཏུ་ས་གཞི་ཐམས་ཅད་གཤེར། རབ་མཛེས་གསར་སྐྱེས་ཀྱི་མེ་ཏོག་མང་པོ་ཚར་དུ་དངར་བས་ཡིད་འཕྲོག་ཅིང་མགོ་བོས་འདར་ཤིག་ཤིག་དང་ས་འཛིན་རྒྱལ་མོ་ཡང་འདབ་མ་སྟོང་ཚོགས་གྱོན་ནས་འཛུམ་འཛུམ་དཔྲལ་བ་ལ་ངོམས་ཤིང་དབྱར་དུས་ཀྱི་ཆར་ཆུ་ལ་རོལ།
    རང་བྱུང་ཁམས་ཀྱི་ལྗང་སྨུག་གིས་ལྭ་བ་གྱོན་པ་དང་དྲི་བསུང་མེ་ཏོག་སྣ་མང་དེ་ཡང་མགུལ་རྒྱན་ལྟར་རི་བོའི་ངོས་སུ་གཡོགས། དཀར་དཀར་གྱི་ཁ་བའི་འདབ་མའི་ཕུང་བོ་ཡང་དབྱར་གྱི་ཉི་འོད་རྩེ་མདའི་ཡོངས་རྫོགས་ཆུ་བོར་འགྱུར་བཞིན་དལ་དལ་རི་ངོས་ནས་བབས། སྐབས་དེར། ས་འོག་གི་འབུ་སྲིན་ཕྲ་མོའང་བྲེལ་བྲེལ་འཚུབ་འཚུབ་དང་པད་རྫིང་ནས་བུང་བས་གསུང་སྙན་ཡང་སྒྲོག དེ་བཞིན་སྨྱུག་གསེང་ནས་གསར་དུ་སྐྱེས་པའི་བྱེའུ་དགའ་སྤྲོའི་གསུང་དང་སྤང་ངོགས་ནས་ཁུ་བྱུག་གིས་དབྱར་གྱི་བསྟོད་ཚིག་ཀྱང་སྒྲོག ད་དུང་ཨ་སྔོན་གྱི་འབྲུག་སྒྲའི་ང་རོ། མཚོ་མོ་ལས་ངང་པའི་སྙན་འཇེབས་བཅས་ནི་གསར་སྐྱེས་ཀྱི་དབྱར་ལ་དགའ་སྤྲོ་དང་སྲེད་པའི་རྟགས་རེད།
    དབྱར་དུས་ཀྱི་བོད་ལྗོངས་མཛེས་ལ་གངས་རིས་བསྐོར་བའི་འོད་ཟེགས་སྟོང་འཐོར་གྱི་རྣམ་པ་བཀྲ་བའི་ངོ་མཚར་ཆེ། ཡུལ་མི་རྣམས་ཀྱིས་དབྱར་དུས་ལྷིང་འཇགས་བག་ཕབ་ཀྱི་སྒྱུ་མའི་གླིང་ཞིག་བཙལ། དབྱར་དུས་བོད་གངས་ཅན་ལྗོངས་སུ་སླེབས་ཐེངས་གཅིག་ལ། ཁྱེད་ཀྱིས་བོད་མི་རྣམས་སྣང་བའི་མཛེས་འཇེབས་ནང་དུ་བཏང་བའི་སྔར་ངལ་བ་བརྒྱ་ཕྲག་གིས་བཅིངས་པའི་དཀའ་ཐུབ་ཡོངས་རྫོགས་ཞི་བདེའི་ལྡུམ་རའི་ནང་དུ་ག་ལེར་ག་ལེར་གསོ། དེ་ནི་དབྱར་དུས་ཀྱི་གཟི་མདངས་འོད་ཟེར་དེའི་ཡོན་ཏན་རེད། བོད་མི་རྣམས། དུས་དེ་སླེབས་མ་ཐག་གླིང་ཁ་ལ་འགྲོ་མཁན་ཟིང་ཟིང་ཡིན། སྐབས་དེར་བག་ཕབ་ཀྱིས་སྤང་ལྗོངས་ཡངས་པའི་ངོགས་སུ་གུར་བརྒྱ་ཕྲག་གིས་ཐང་ངོས་སུ་བཀྲམ་པར་མཛེས། དེའི་དུས་སུ་ཅི་འདྲའི་སྐྱིད་པ་ལ་ཨང༌། མཐའ་ངོས་སུ་བསང་གི་དུ་བ་རི་བོའི་སྐེད་ངོས་སུ་འཁྲིགས་པ་དང་ལང་ཚོ་དར་བའི་ཕོ་རྒོད་རྣམས་ཀྱིས་རྟ་རྒྱུག་སྒྱུ་རྩལ་ལ་བཟི་ནས། རང་རང་གིས་རྣམ་དཔྱོད་རྩལ་ལས་ཐོན་ཞིང་བུ་རམ་ལྟ་བུ་རོ་བཅུད་ཀྱིས་བཏུམ་པའི་རྩལ་ཡོངས་རྫོགས་མི་ཚོགས་དབུས་ན་འགྲེམས་སྟོན་ལ་དགའ། སྐབས་དེར་མགོ་ནག་རྣམས་ངར་ངར་ཤུགས་ཤུགས་ཀྱིས་རྩེད་མོས་བཟི་ལ། ཆེ་བའི་སྐད་ཤུགས་ཀྱིས་ནམ་མཁའ་འབིག་ལ་ཉེན། ད་དུང༌། དོ་རའི་དབུས་སུ་གར་མཁན་གྱི་གར་འཁྲབ་དེ་རྨ་བྱའི་སྒྲོ་མདོངས་གནམ་ལ་འཕྱར་བ་བཞིན་རབ་ཏུ་མཛེས་ལ་གཞས་པས་ནག་ནོག་གི་བྱད་ལ་འཛུམ་བག་དཔྲལ་བར་ལ་གཡོགས་ཏེ་མི་དམངས་ལ་ཕེབས་བསུ་བྱེད། སྐབས་རེར་ཡང་མི་ཚོགས་སྟོང་ཕྲག་མང་པོས་ཁྲ་ལམ་གྱི་ར་བར་འཚང་ནས་མིག་ཆུང་ཁྲ་རིལ་གཉིས་དེ་གར་མཁན་ལ་མདའ་མོ་འཕང་བཞིན་བལྟས་ཏེ་འུར་སྒྲས་མཁའ་དབྱིངས་སུ་ཁེངས།
    དབྱར་ལགས། ཁྱེད་བོད་ལྗོངས་ལ་ཕེབས་ཐེངས་རེར་བོད་མི་ལུས་ཅན་ཙམ་མ་ཡིན་པར། དུད་འགྲོ་དང་ས་གཞི་ཐམས་ཅད་ལྷ་ཡུལ་ལ་ལན་གཅིག་བསྐྱོད། དེ་དབྱར་གྱི་སྤོབས་པ་རེད་ལ། ཡུལ་མི་རྣམས་ཀྱི་ངལ་གསོ་འང་རེད།
    དབྱར་དུས་ཀྱི་བོད་ལྗོངས་ངའི་ངོ་མཚར་རྨི་ལམ་ཞིག་མིན་ནམ། ཆུ་བོའི་ཡན་ལག་བརྒྱད་ལྡན་རྒྱུན་ཆད་མེད་པར་ཡུལ་དང་ལ་ཁ་མང་པོ་བརྒལ། ད་དུང་རྦབ་ཆུ་གཡང་གི་ངོས་ནས་ཆིལ་ཆིལ་དུ་འབབ། སྐབས་དེར། ཁ་དོག་ལྔ་ལྡན་གྱི་འཇའ་གུར་རྦབ་ཆུའི་བྱད་ངོས་སུ་ཤར། ངང་པ་དང་ཁྲུང་ཁྲུང་རྩེད་དགའ་ལ་རོལ་བ་དང༌། འབུ་སྲིན་དང་འདབ་ཆགས་ཡང་རང་རང་གི་དབྱར་ལ་མགོ་འཁོར་ནས་ཕྱི་དྲོ་ཉི་མ་ནུབ་རིའི་རྒྱབ་ཏུ་ནུབ་པ་ཡང་མ་ཤེས། རྫི་བོ་རྣམས་ཀྱི་འུར་ཆ་སྐེད་ངོས་སུ་བཅིངས་སྟེ། གླུ་དབྱངས་བླངས་ནས་གཡང་དཀར་ལུག་ཁྱུ་མཉམ་དུ་འགྲོ། རི་ནི་ཧ་ཅང་མཐོ་བས་གནམ་ལ་ཟུག་པ་ལྟར་སྨུག་པ་ཡང་མགོ་འོག་ཏུ་དལ་གྱིས་རྒྱུ། རྫི་བོ་དཀའ་ངལ་འདུག་གམ། ཨ་ཕོ་ལུག་རྫི་ལ་དཀའ་བ་ཅི་ཡོད། སེམས་ལ་ངལ་བ་ནོན་དུས་རི་ངོས་ལ་གསར་དུ་བཞད་པའི་མེ་ཏོག་ལ་མིག་གཉིས་མངོན། མེ་ཏོག་གི་འཛུམ་མདངས་ཀྱིས་ངལ་བ་ལས་གྲོལ། མཚམས་རེར་སྐྱིད་པོ་སེམས་ཀྱི་འདབ་མའི་དབུས་སུ་ཐིམ་སྐབས། སྨན་རྩའི་དྲི་བསུང་ལྷགས་རླུང་ལ་བཅིབས་ནས་ཡུལ་ལུང་བསྐོར་འགྲོ་དུས། དེའི་དྲི་ངད་རྗེས་ཡང་ལོས་ཡོད་པར་དེ་སྐྱིད་པོ་ཕྱི་ལ་འབུད། ཕྱུགས་ཟོག་རྣམས་རང་རང་གི་གནས་ན་རྩྭ་ཆུར་མགོ་བོ་འཁོར་ནས་བསྡད་པ་ལས་ཡུལ་ལུང་བརྒལ་ནས་ག་ལ་འགྲོ། ད་དུང་ལུ་གུ་རྣམས་སྤང་ངོགས་སུ་རྩེད་དགའ་དང་དབྱར་གྱི་མཛེས་སྡུག་ལ་ལྟད་མོ་ལྟ་ཞིང་གནས། དེ་འདྲ་མཚར་བའི་ཡུལ་ལྗོངས་དེ་ངའི་མིག་འཁྲུལ་དང་རྨི་ལམ་ག་ལ་ཡིན། དེ་ནི་དབྱར་གྱི་རང་བྱུང་བཀོད་པ་མཛེས་པའི་བོད་ལྗོངས་ཡིན་ནོ། །
    དབྱར་དུས་ཀྱི་བོད་ལྗོངས། སོ་ནམ་པའི་སྔར་འབད་པའི་འབྲུ་རྣམས་ལང་ཚོ་དར་བཞིན་མགོ་བོ་ལྷགས་རླུང་གིས་ཕན་ཚུན་ལྡེམ་ལྡེམ་འདར་ཞིང༌། སོ་ནམ་པས་བློ་གཏད་ཆར་ཆུ་ལ་བཅོལ་ནས་ཁྱིམ་དུ་ངལ་གསོས། འབྲོག་པའི་ཁྱིམ་གྱི་ནོར་བུ་སྒོ་ཕྱུགས་རྣམས་སྤུ་གསར་སྐྱེས་པ་དང་ལུས་སྟོབས་ཟུངས་ཤུགས་ཀྱང་རྒྱས། ད་དུང་སྔར་ཤི་ཟིན་པའི་སྐྱེ་དངོས་ཀྱང་གསར་དུ་སྐྱེས་ཤིང་བཞད། བྱིས་པ་རྣམས་ཀྱིས་དབྱར་གྱི་མཛེས་ལྗོངས་དཔལ་ཡོན་ལ་རོལ་ནས་གླུ་འདི་ལྟར་ལེན། སྤྲིན་དཀར་ཟེགས་མའི་མེ་ཏོག་ས་གཞིར་འཐོར། མེ་ཏོག་འདབ་མ་ཁྲ་ལམ་ལམ། རྩྭ་ཉག་ཕྲ་མོ་འདར་ཤིག་ཤིག ལྗང་མྱུག་རྩྭ་ཕྲན་སྔོ་ཐིང་ཐིང༌། ཞེས་དབྱར་དུས་བོད་ལྗོངས་ཀྱི་མཛེས་པ་ལ་ཀུན་གྱིས་བསྟོད་བསྔགས་འབུལ།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་བོད་ཀྱི་དབྱར་དུས་ཀྱི་ཡུལ་ལྗོངས་ཀྱི་རྣམ་པ་བཀོད་འབྲི་བྱས་ཏེ། རྩོམ་པ་པོས་བོད་ལྗོངས་ཀྱི་མཛེས་སྡུག་བཅངས་པའི་དུང་སེམས་ཟབ་མོ་དེ་མཚོན་ཡོད། དཔེ་རྒྱན་དང་གཟུགས་རྒྱན་སོགས་ཚིག་རྒྱན་ཕན་སུམ་ཚོགས་པས་སྤྲས་ཏེ་ཚིག་སྦྱོར་སྙན་ཞིང་དུམ་ཚན་གྱི་དབྱེ་བ་གསལ། མཇུག་བསྡུ་སྟངས་ཀྱང་ལེགས་ཙམ་འདུག འོན་ཀྱང༌། ཚིག་སྦྱོར་ཁག་ཅིག་བདེ་པོ་དེ་ཙམ་མི་འདུག་པ་དང༌། ཡི་གེའི་དག་ཆ་དང་ཕྲད་སྦྱོར་སྟངས་ནོར་བ་ཅུང་ཟད་འདུག་སྟབས་དེའི་ཕྱོགས་སུ་ཐུགས་གཟབ་གནང་གལ་ཆེ།

མདུན་ཤོག

Menu