[toc]

དབྱར་གྱི་ཆུ་འཛིན་ལ་བཅོལ་བའི་རེ་བ།(ཨང་དང་པོ)

ཆོས་འཕེལ། རྡ་སྟེང་བོད་ཁྱིམ་སློབ་གྲྭ།

    དཔྱིད་ཀྱི་རྒྱལ་མོའི་གྲེ་འགྱུར་གྱི་དབྱངས་སྙན་རེ་རེས་གྲང་ངར་གྱི་གཤེད་མ་མཐའ་རུ་བསྐྲད་དེ་འཇིག་རྟེན་ན་ཚེ་སྲོག་གི་ལང་ཚོ་གསར་པ་ཞིག་གནང༌། སྔོ་ལྗང་གི་རྩྭ་རྩིར་མྱུ་གུ་རྒྱས་ཤིང་བུང་བའི་གཤོག་འགྱུར་གྱི་གླུ་དབྱངས་དྭངས་མ་དེ་ཚོས་མཐོ་སྒང་གི་གནས་ས་འདི་ན་མཛེས་སྡུག་གི་ཤིས་པ་བསྐྲུན། ཡོད་ཚད་ལ་བཀྲག་མདངས་ཀྱི་སྣང་བ་རྒྱས་ཏེ་ཡོད་ཚད་ལ་གསོན་ཉམས་ཀྱི་འཛུམ་མདངས་འཁྱུད། ཅི་འདྲའི་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཞིག་རེད་ཨང༌། མི་རྣམས་ཀྱི་ཚེ་སྲོག་ལའང་སྲོག་རླུང་གསར་པ་ཞིག་གི་ནུས་སྟོབས་རྙེད། དགའ་སྐྱིད་ཀྱིས་འཁྱུད་པའི་བཞད་གད་དང་སྙན་འཇེབས་ཀྱི་གླུ་དབྱངས་ཁྲོད་ཆུ་འདྲེན་སོན་འདེབས་ཀྱི་ལས་འགོ་རྣམ་པར་ཕྱེས་ཏེ་གང་སར་འཁྲུག་ཆ་དོད་པའི་རྣམ་པ་དེ་དག་ནི་དེ་བས་མཚར་སྡུག་གིས་སྦུད་པ་ཞིག་མ་རེད་དམ། ངོ་མ། སྙིང་དབུས་ན་བདུད་རྩི་བཞིན་སེམས་ཀྱང་སྨྱུག་རྩེ་ལས་མཚོན་པར་དཀའ་བའི་རྨད་བྱུང་གི་མཛེས་སྡུག་དེ་ནི་དཀར་དམར་སེར་གསུམ་གྱི་ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་གི་ལྡེམ་འགྱུར་ཁྲོད་ཕྱེ་ལེབ་ཀྱི་གཤོག་འདབ་དང་འགྲོགས་ཏེ་མཆོངས་རྒྱུག་གིས་རྩེད་འཇོར་རོལ་བའི་གཡང་དཀར་གྱི་ལུ་གུ་དེ་དག་རེད། འདི་ནི་གོ་ལ་ཟླུམ་པོར་གསོན་ཤུགས་ཀྱི་ཚེ་སྲོག་རྙེད་པའི་གནང་སྦྱིན་གྱི་དུས་ཚིགས་ཤིག་ཡིན་པར་གོར་མ་ཆག
    དཔྱིད་ཀྱི་བསིལ་རླུང་དལ་གྱིས་འཇགས་ཏེ་ཉི་ཟེར་གྱི་ཚ་དུབ་དང་འགྲོགས་པའི་དབྱར་རླུང་ལྕི་མོ་རྒྱུ་ཤུགས་ཀྱི་སྐལ་བ་དེ་ལྟར་རྙེད་དུས་ཡོད་ཚད་ཀྱི་སེམས་པ་ཚ་དྲོད་དང་བསིལ་འཇམ་སྙོམས་པའི་མཛེས་སྡུག་གི་དུས་ཚིགས་ཤིག་ལ་ཞེ་འཁྲེང་སྟེ་ཚ་ཟེར་གྱི་དྲོད་རླངས་སྤྱོམས་པའི་དབྱར་གྱི་དུས་ཚིགས་འདི་ལ་འཁང་ར་མི་བྱེད་པ་ཅི་ལ་སྲིད། མི་རྣམས་ཀྱི་ཟུམ་ལ་ཁད་པའི་མིག་ཟུང་ལས་ཉོབ་གདུང་གི་རྣམ་པ་ལྷང་ལ་བུད་དེ་ཤབ་ཤུབ་ཀྱི་འཁང་ཚིག་མཁའ་ལ་འཕེན། རྩྭ་རྩི་ཡིས་མགོ་བོ་དུད་དེ་ལུས་ཀྱི་ཟུངས་ཉམས་ཤོར། མེ་ཏོག་གིས་འདབ་མ་བསྐུམས་ཏེ་རྙིད་གཅོང་ངང་ཉལ། བུང་བའི་གཤོག་སྒྲ་འཇགས་ཏེ་དུག་སྦྲང་གི་མཆུ་རྩེ་མྱུལ། གང་ལྟར་སྔོ་དྭངས་ཀྱི་ནམ་མཁའ་ན་ཀུན་གསལ་གྱིས་འགྱིང་ཉམས་ངོམ་དུས་ཡོད་ཚད་ཀྱི་རེ་སྒུག་ཁྱེད་ལ་ཕྱོགས། མགོ་བོ་དགྱེས་ཏེ་མིག་ཟུང་ཅེར། སྙིང་ཁ་འཕགས་ཏེ་རེ་སེམས་གཅིག་ཏུ་བཅངས། ཆུ་འཛིན་ལགས། དུས་ཚིགས་འདི་དང་འབྱུང་འགྱུར་གྱི་གོ་ལ་འདིའི་གསོན་ཤུགས་ཆེད་ཡོད་ཚད་ཀྱི་རེ་འདུན་ཁྱོད་ལ་བཅོལ་བ་སྨོས་ཅི་དགོས།
    ཆུ་འཛིན་ལགས། ཚེ་སྲོག་གི་གྲུབ་བཅུད་བསྣམས་ཏེ་གཏན་དུ་མི་མངོན་པའི་གནས་ཤིག་ཏུ་འགྲོ་མི་ཉན་པ་ནི་ཁྱེད་གཅིག་པུས་རྒོལ་བ་རྩུབ་པའི་དབྱར་གྱི་དྲོད་རླངས་བཅོམ་སྟེ་ཚེ་སྲོག་གསར་པའི་ལང་ཚོ་སྤེལ་བས་ལོས་ཡིན། སྔར་ནས་ད་བར་ཁྱེད་ཉིད་གཅིག་པུ་གོ་ལ་ཟླུམ་པོའིཚེ་སྲོག་གི་མ་མ་རུ་གྱུར་ནས་ཞི་འཇམ་ངང་རང་ལུས་ཀྱི་གྲུབ་བཅུད་རེ་རེ་བཞིན་འཛམ་གླིང་འདིའི་ཚེ་སྲོག་གི་གྲུབ་བཅུད་དུ་བསྩལ། ཁྱེད་རང་འཁང་ར་དང་ཞེ་འཁོན་གྱི་ཚོར་གདུང་ཅི་ཡང་མེད་པར་དྲག་རླུང་དང་ཉི་ཟེར་གྱི་གདོང་ནས་མཁའ་དབྱིངས་སུ་འཕགས་ཏེ་རང་ལུས་ཐིགས་པ་རེ་རེ་བཞིན་ས་གཞིར་སྦྱིན། ཁྱེད་ཀྱི་བློས་བཏང་གི་བློ་སྟོབས་ལ་འགྲན་ཟླ་མ་མཆིས་ལ་དེ་བས་ཁྱེད་ཀྱིས་དཀའ་སྡུག་གི་རླུང་དམར་གཤགས་པའི་སྡུག་ཡུས་སུ་ལའང་བརྗོད་མ་མྱོང༌། ཁྱེད་ཉིད་ཁུ་སིམ་སིམ་ངང་ཕེབས་ཏེ་ཁུ་སིམ་སིམ་ངང་རང་ལུས་གཞན་ཕྱིར་ཕངས་མེད་བསྩལ། ངོ་མ། ཁྱེད་ཀྱི་གནང་སྐྱོང་ལ་བརྗོད་སྤོབས་བྲལ། ཁྱེད་ཀྱི་གཤིས་རྒྱུད་ལ་ཀུན་ནས་སྨོན། མཚམས་རེར་ཁྱེད་ཀྱི་དཀར་ལ་གཙང་བའི་དཀའ་སྡུག་གིས་བཟི་སྟེ་ནག་མུག་མུག་གི་རང་བཞིན་ཇི་ལྟར་མི་སྡུག་པར་འགྱུར་ཀྱང་ཁྱོད་ཉིད་ཀྱིས་གོ་ལ་འདིའི་ཚེ་སྲོག་གསོ་བའི་བར་མཚམས་གཏན་ནས་འཇོག་མ་མྱོང༌། སྐབས་རེར་དེ་ལྟར་ཁྱོད་ཉིད་ངལ་བས་མནར་ཏེ་ནག་པོར་གྱུར་ཀྱང་འཇིག་རྟེན་ན་བྱམས་བརྩེ་ཡིས་བསིལ་གྲིབ་སྦྱིན་ཏེ་སྐྱེ་འགྲོ་ཇི་སྙེད་ཅིག་ལ་ཚ་གདུང་གི་ངལ་བ་མིང་གི་མཐའ་རུ་བྱས་པ་གྲངས་ཀྱིས་ག་ལ་ལང༌། དེ་ལྟར་ན་ཀུན་གྱི་རེ་བའི་མེ་ལྕེ་ཁྱོད་ལ་མི་འཕྱོ་བ་ཅི་ལ་སྲིད།
    དབྱར་གྱི་ཆུ་འཛིན་ལགས། ཁྱེད་ཀྱི་འདི་ལྟར་དབུགས་དབྱུང་བའི་གནང་སྐྱོང་རེ་རེ་ནི་འདས་གསོན་གྱི་སྐྱེ་འགྲོ་ཚོའི་ཟུངས་ཁྲག་གི་འཁོར་བསྐྱོད་མི་ནུབ་པའི་སྟོབས་ཤིག་ཏུ་གྱུར་ཡོད་ལ། འཇིག་རྟེན་ན་གསོན་པའི་རེ་འདུན་གྱི་སྐོམ་དད་གསོ་བའི་བདུད་རྩི་ཞིག་ཀྱང་ཡིན། དེ་ལྟར་ན་ད་ལྟའི་ང་ཚོ་སྟེ་འཚོ་བཞིན་པའི་སྐྱེ་འགྲོ་ཚོའི་མཁོ་དགུ་སྐོང་བའི་ཟུངས་ཤུགས་ཤིག་ཡིན་ལ། སང་ཉིན་གྱི་འབྲས་བུ་བསྡུ་བའི་ཉེར་ལེན་གྱི་ཉིང་བཅུད་ཅིག་ཀྱང་ཡིན་ན་དུས་གསུམ་གྱི་འཁོར་བསྐྱོད་ཁྲོད་ཁྱེད་ཀྱིས་གནང་སྐྱོང་མེད་ན་མི་རུང་བ་ལོས་ཡིན། དེའི་ཕྱིར་དུས་ཚིགས་འདི་ལ་ཡོད་ཚད་ཀྱི་རེ་བ་ཁྱེད་ལ་བཅོལ་ཡོད།
    དབྱར་གྱི་ཆུ་འཛིན་ལགས། ཚ་དུབ་ཀྱིས་རྒོལ་བ་རྩུབ་པའི་དབྱར་གྱི་དུས་ཚིགས་འདིའི་ནང་ཁྱེད་ཉིད་མཁའ་ན་རྒྱུ་སྟེ་རང་ལུས་ཆར་ཟིམ་དུ་ཐོགས་མེད་ངང་སྤྲུལ་བ་ནི་སང་ཉིན་གྱི་སྟོན་ཀ་དང༌། གནངས་ཉིན་དཔྱིད་དུས་དེ་སྔར་བས་ཕུན་སུམ་ཚོགས་པ་དང་སྔར་བས་མཛེས་སྡུག་ཅན་ཞིག་ཏུ་འགྱུར་བའི་དན་རྟགས་གསོན་པོ་དེ་ཡིན་ན་མཛེས་སྡུག་དང་ཕུན་ཚོགས་ལ་མི་དགའ་བ་སུ་ཡོད། དེ་ན་ཁྱེད་ཉིད་གཏན་དུ་མཁའ་ན་འགྱིང་བའི་རེ་འདུན་འདི་ཡང་མཚམས་ཆད་ཀྱི་བར་བརྒལ་ཅི་ལ་བྱུང་ངེས། མེ་ཏོག་དང་བུང་བ། རྩི་ཏོག་དང་ཕྱེ་ལེབ། གཡང་དཀར་གྱི་ལུ་གུ་དང་མགོ་ནག་གི་མི་ཚོའི་གསོན་ཤུགས་འབར་བའི་རེ་འདུན་འགྱུར་མེད་ངང་ཁྱེད་ལ་ཕྱོགས། ཁྱེད་ཉིད་གཏན་དུ་བྱམས་བརྩེའི་ཟིལ་ཤུགས་ཀྱི་བཀྲག་མདངས་རྒྱས་པར་སྨོན།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་དབྱར་གྱི་ཆུ་འཛིན་གྱི་ངང་ཚུལ་ལ་སྦྱར་ཏེ་རང་ཉིད་བློས་བཏང་སྟེ་གཞན་ཕན་འབའ་ཞིག་དོན་དུ་གཉེར་བའི་བློ་སྟོབས་ལ་བསྟོད་བསྔགས་བྱས་འདུག ཚིག་སྦྱོར་འབྲེལ་ཆགས་ཤིང་སྙན་ཆ་ལྡན། དུམ་ཚན་གྱི་དབྱེ་བ་གསལ་ཞིང་ཡིག་ནོར་ཉུང༌། འོན་ཀྱང༌། སྤྱིར་རྩོམ་ཡིག་འདིའི་སྐད་ཡིག་གི་བརྡ་སྦྱོར་གྱི་ནུས་རྩལ་ལེགས་མོད། ཐ་སྙད་ཁག་ཅིག་བསྡུ་སྐོང་བྱེད་སྟངས་ཐལ་དྲགས་པ་དང༌། གལ་ཆེ་ཤོས་ཤིག་ནི། རྩོམ་ཡིག་ཧྲིལ་པོའི་མཚོན་བྱ་དང་མཚོན་བྱེད་གཉིས་ཀ་ཆུ་འཛིན་རང་གྱུར་པ་ལྟ་བུར་སྣང་བ་སྟེ། རྩོམ་ཡིག་གི་བརྗོད་སྙིང་འབུར་དུ་འདོན་ཐུབ་མེད་པས། ཕྱིས་འབྱུང་དེའི་ཕྱོགས་སུ་སྣང་ཆུང་དུ་མི་གཏོང་བར་འབད་བརྩོན་གནང་བར་ཞུ།

དབྱར་གྱི་ཆུ་འཛིན་ལ་བཅོལ་བའི་རེ་བ།(ཨང་གཉིས་པ)

བནྡེ་སྐྱབས། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།

    ཞོགས་པ་དེར། ང་རང་འཁྲུལ་སྣང་གི་གཉིད་ལས་སད་དུས། སྙན་ལྷང་ལྷིང་གི་སྒྲ་དབྱངས་ཤིག་བདག་གི་ཐོས་འཛིན་གྱི་རྣ་བར་ལྷུང༌། དཔྱིད་ཀྱི་ཕོ་ཉ་སྟེ། ཁུ་བྱུག་སྔོན་མོའི་གྲེ་འགྱུར་ལ་རོལ་བའི་དུས་ཚིགས་ཤིག་མདུན་དུ་ལྷགས་ཡོད་པ་ངས་གཞི་ནས་ཚོར། ལྗང་མདོག་གི་གོས་ལྭ་གྱོན་པའི་དཔྱིད་དཔལ་བུ་མོའི་སྒེག་ཉམས་འདི་ལྟར་ཚོར་ལྡན་ཀུན་གྱི་མིག་དབང་དུ་གྱུར། ཡོད་ཚད་ལ་ཚེ་སྲོག་གི་དབུགས་རྒྱུན་རྒྱས་ལ་མཛེས་སྡུག་གི་བརྗིད་ཉམས་མངོན་པར་འཕགས།
    ང་དྲོད་འཇམ་གྱི་ཉལ་ཁྲི་ལས་བབས་ཏེ་གོམ་པའི་འདེགས་འཇོག་ཕྱི་རོལ་ཡུལ་དུ་ལྷོད་ཀྱིས་བསྒྱུར་བ་ན། ངས་མཐོང་བྱུང༌། འཇའ་ཚོན་མེ་ཏོག་གི་རྣམ་པར་བཀྲ་བའི་རྩྭ་ཐང༌། ལྷུང་ལྷུང་ཏུ་འབབ་པའི་དྭངས་གཙང་གི་ཆུ་ཕྲན། སྙན་འཇེབས་ཀྱི་གྲེ་འགྱུར་ཁྲོད་ན་འཕུར་ལྡིང་གི་རྩེད་འཇོ་ལ་བྲེལ་བའི་བྱ་དང་བྱེའུ། བསིལ་རླུང་འཇམ་པོ་དལ་གྱིས་རྒྱུ་ཡོང་བའི་ལྗོན་ཤིང་དང་མེ་ཏོག རྩྭ་འཇག་མ་ཡིས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་སྣང་བརྙན་མཐོང་ཡོང་དུས། ངའི་འདྲེན་བྱེད་ཀྱི་ཡུལ་དུ་དཔོག་པར་དཀའ་བའི་བདེ་ཚོར་ཅིག་ངང་ངམ་ཤུགས་ཀྱིས་སླེབས་ཡོང༌། ངའི་རྣམ་ཤེས་ཀྱི་གཡུ་སྦྲང་ཆུང་ཆུང་དེ་མཛེས་སྡུག་གི་ཡུལ་ལྗོངས་དེར་འཕུུར་བསྐྱོད་གྱིས་བསྐྱར་སྐོར་ཡང་སྐོར་བྱེད་མུར། ངེས་མེད་ཀྱི་ཕྱོགས་མཚམས་ཤིག་གི་མཁའ་མཐའ་ནས་འབྲུག་སྒྲ་ཞིག་འུར་གྱིས་བསྒྲགས་བྱུང་བས་ད་གཟོད་ངས་རེ་བཞག་གིས་ཁེངས་པའི་དབྱར་གྱི་ཕོ་ཉ་ཡིན་པ་རྟོགས།
    ངས་རང་སེམས་རྣལ་ལ་བཀུག་ནས་མགོ་བོ་བཏེགས་ཏེ་དབྱར་དུས་ཀྱི་ཞོགས་པའི་མཁའ་དབྱིངས་དེར་གཟུགས་འཛིན་གྱིས་ལྟད་མོར་གཡེང༌། དུས་དེར། དྲི་མེད་ལྷ་དར་དཀར་པོ་དང་ཡོངས་སུ་མཚུངས་པའི་དབྱར་གྱི་ཆུ་འཛིན་ཞིག་སྔོ་བསང་མའི་ཕང་བར་རྒྱུ་སྟེ་ལྷོ་ངོས་ཕྱོགས་སུ་གཡོ་བཞིན་འགྲོ་བ་མཐོང་སྐབས། ངའི་སེམས་ཁམས་ལ་བརྗོད་ལས་འདས་པའི་སྤྲོ་སྣང་ཞིག་དང་སྤོབས་པ་ཞིག རེ་བའི་ཆུ་ཐིགས་ཤིག་སེམས་ཀྱི་ཟབ་སར་ཟགས་བྱུང༌།
    ཀྱེ། ཕྱོགས་བཞུད་ཀྱི་ཆུ་འཛིན། འཇིག་རྟེན་ཕྱོགས་བཞིར་སྐོར་བའི་འགྲུལ་བཞུད་པ། ཤར་ནས་ནུབ་དང༌། བྱང་ནས་ལྷོ། གང་དེར་རྒྱུ་བའི་ས་ཕྱོགས་ཀུན་ཏུ་ཁྱེད་ཀྱིས་མཐོང་ཟིན་པ་ནི་ཡུལ་ལུང་སོ་སོའི་ཡུལ་སྲོལ། རྟོགས་ཡོད་པ་ནི་འཚོ་བའི་དཔལ་ཡོན་དང་རིག་གནས་ཀྱི་རྒྱབ་ལྗོངས། སྤྱི་ཚོགས་ཀྱི་འཕེལ་འགྲིབ། མདོར་ན་ཁྱེད་ཀྱིས་མ་མཐོང་པ་དང་མ་རྟོགས་པའི་ཡུལ་གྲུ་ཞིག་གང་དུའང་ལྷག་མེད་ན། བཏང་སྙོམས་ཀྱི་འཇིག་རྟེན་ཞིག་གི་སླད་དུ། འཕེལ་རྒྱས་ཀྱི་སྤྱི་ཚོགས་ཤིག་གི་ཆེད་དུ། ཞི་བདེ་དང་འཆམ་མཐུན་ཅན་གྱི་སའི་གོ་ལའི་ཁོར་ཡུག་གི་ཕྱིར་ཁྱེད་ཀྱིས་སྤང་བླང་ལེགས་འདོམས་ཀྱི་ཤར་གྱི་ལེགས་བྱང་ནུབ་དང༌། བྱང་གི་རིག་གནས་ལྷོ། འཇིག་རྟེན་ལ་རྟོགས་སད་ཀྱི་ལམ་ཞིག་སྟོན་དགོས། འདི་ནི་དབྱར་གྱི་ཆུ་འཛིན་ལ་བཅོལ་བའི་བདག་གི་རེ་བ་དང་པོ་ཡིན།
    ལྷོད་ཙམ་གནོང་དང༌། མཁའ་དབྱིངས་ན་རྒྱུ་བའི་ཆུ་འཛིན་དཀར་པོ། ཁྱེད་ཀྱི་བཞུད་ལམ་ན་གངས་རིས་ཡོངས་སུ་བསྐོར་བའི་འཇིག་རྟེན་ཞིག་ཡོད། དེ་ལ་གནས་པའི་མི་ལ་བོད་མིར་འབོད། དེ་ཚོར། བདེན་ཚིག་གི་དམ་བཅའི་འཕྲིན་པ་འདི་བརྗོད་པར་གྱིས། ང་ཚོ་སྟེ། ཡུལ་གྱར་གྱི་སྤུན་ཟླ་ཁྲི་ཕྲག་གིས། དྲན་བཞིན་པ་པོ་ཏཱ་ལའི་བརྗིད་ཉམས་ཡིན་ལ། རྩོད་བཞིན་པ་ལོ་རྒྱུས་ཀྱི་བདེན་དཔང་ཡིན། ཚོར་བཞིན་པ་མི་རིགས་ཀྱི་སྤུན་ཟླའི་འདུ་ཤེས་དེ་ཡིན། ང་ཚོ་མི་རིང་བར་ལོག་ཡོང་ངེས་ཡིན། ཁྱེད་ཚོ་དམ་ཚིག་གི་འཆིང་ཞགས་མ་ལྷོད་པར་སྒུགས་དང༌། ནམ་ཉི་མ་ཞིག་ལ། འུར་ཆིལ་ལེར། ང་ཚོ་ལོག་ཡོང༌། འདི་ནི་བདག་གི་དབྱར་གྱི་ཆུ་འཛིན་ལ་བཅོལ་བའི་རེ་བའི་ལེའུ་གཉིས་པ་ཡིན།
    ཆུ་འཛིན། ཁྱེད་ཀྱི་འགྲོ་ལམ་ན་སྐྲ་ལོ་དཀར་པའི་བདག་གི་ཕ་མ་ཟུང༌། རེ་སྒུག་གི་མིག་འབྲས་ལྷོ་མཐར་གཏོད་བཞིན་བདག་ལ་སྒུག་ཡོད། བུ་ངའི་བྱ་གཞག་གི་རྣམ་གྲངས་ཡོད་ཚད་ཆད་ལྷག་མེད་པར། ཁྱེད་ཀྱིས་གསུང་རོགས། ད་དུང༌། བདག་གི་ཕུགས་བསམ་དང་རྨི་ལམ། འདི་དག་ནི་བདག་གིས་ཁྱེད་ལ་བསྐུར་བའི་སེམས་འཕྲིན་དམར་པོ། བདག་གི་ཕ་ཡུལ་དང་ཕ་མ། ངའི་ལྷད་མེད་ཀྱི་བརྩེ་དུང་གིས་ནམ་ཡང་ཁྱེད་ཚོའི་དབུགས་རྒྱུན་གསོ་བའི་དམ་བཅའ་འདི། ངས་དབྱར་གྱི་ཆུ་འཛིན་ལ་བཅོལ་བའི་སེམས་ཁོང་གི་རེ་བ་མཐའ་མའོ། །
འཇིག་རྟེན་ཕུན་ཚོགས་བདེ་དགའི་གདམས་ངག་དང༌། །རང་རིགས་ཞེན་པ་དཀར་པོའི་དམ་བཅའི་དབྱངས། །
ཕ་མ་མགུ་པའི་སེམས་འཕྲིན་དམར་པོའི་གཏམ། །རེ་བས་བཅོལ་ཡོད་ཆུ་འཛིན་བསྒྲུབ་པར་མཛོད། །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་དབྱར་གྱི་ཆུ་འཛིན་དཀར་པོ་ལ་ངག་འཕྲིན་བསྐུར་བའམ་གཏམ་གླེང་གི་ཐབས་ལམ་སྤྱད་དེ་རྩོམ་པ་པོས་རང་ཉིད་འཚོ་གནས་བྱ་ཡུལ་བཙན་བྱོལ་བོད་མིའི་ཕུགས་བསམ་དང༌། རེ་བ། སྙིང་སྟོབས་བཅས་ལ་བསྔགས་བརྗོད་བྱེད་པ་དང༌། རང་ཡུལ་ཕ་མ་དང་བཅས་པར་བཅངས་པའི་བསླད་མེད་དྭངས་གཙང་གི་བརྩེ་དུང་མཚོན་ཡོད། རྩོམ་ཡིག་གི་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་དང་ཚིག་གི་སྡེབ་ལེགས་ཤིང་སྙན་ཆ་ལྡན། ཡིག་ནོར་དང་ཚིག་སྦྱོར་མི་བདེ་བ་རེ་ཟུང་འདུག་ཅིང༌། རྩོམ་ཡིག་འདིའི་སྒྲིག་གཞི་དང༌། མཚོན་ཐབས་ཐད་ད་དུང་ལེགས་བཅོས་གནང་རྒྱུ་འདུག་ལགས་ན་ཐུགས་སྣང་གིས་མུ་མཐུད་འབད་བརྩོན་གནང་བར་འཚལ།

དབྱར་གྱི་ཆུ་འཛིན་ལ་བཅོལ་བའི་རེ་བ།(ཨང་གསུམ་པ)

ཚེ་རིང་ཟླ་བ། མ་སུ་རི་བོད་ཁྱིམ་སློབ་གྲྭ།

ནམ་དུས་བཞི་ཡིས་ཁྱད་ཆོས་ཧ་ཅང་ལྡན། །དབྱར་ཁ་སྐྱིད་པའི་ཚོར་སྣང་སྣ་ཚོགས་དང༌། །
དགུན་ཁ་གྲང་བའི་ཚོར་སྣང་སྣ་ཚོགས་སོགས། །བཏང་སྙོམས་མེད་པའི་ནམ་དུས་བཞི་ལ་མགུ། །
    ནོར་འཛིན་སྒེག་མོ་འདི་ཡི་སྟེང་དུ་འཚོ་སྡོད་གནང་བའི་སྲོག་ལྡན་འགྲོ་བ་སུ་འདྲ་ཞིག་ཡིན་ཡང༌། སྐྱེས་པ་ནས་མ་འཆི་བར་འཁོར་བའི་ཉོན་མོངས་ཀྱི་ཀློང་དུ་ལྷུང་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་དཀྱིལ་འཁོར་དུ་བཅིངས་ནས་ལས་ལ་གང་བསྐོས་མ་གཏོགས། སྣང་བ་གང་དྲན་གྱི་རང་དབང་ཕྲན་བུ་ཙམ་ཡང་མེད། འོན་ཏེ། རང་རང་སྲོག་ལྡན་གང་ཟག་སུ་འདྲ་ཞིག་ཡིན་ཡང་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་པ་གང་ཟག་སྐྱེ་བོ་ཀུན་གྱི་བློ་ཡུལ་དུ་འཆར་བ་གཅིག་མཚུངས་ཡིན།
    ཕྲན་ང་ལ་མཚོན་ན་ནམ་དུས་བཞི་ཡི་ནང་ནས་དབྱར་དུས་ནི་དགའ་སྐྱོ་གཉིས་ལྡན་གྱི་ནམ་དུས་ཁྱད་པར་ཅན་ཞིག་དང་མངར་སྐྱུར་གྱི་འཚོ་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དབྱར་དུས་ས་ཕྱོགས་ཁོར་ཡུག་ཀུན་ཏུ་སྔོ་ལྗང་ལྗོན་ཤིང་གི་ལོ་འདབ་རྒྱས་བཞིན་མཐོང་བ་ཙམ་གྱིས་བག་ཆགས་ཟབ་མོ་བསྐྲུན་ཐུབ་པའི་དགེ་མཚན་ཧ་ཅང་ལྡན་ཡོད། འདས་ཟིན་པའི་འཚོ་བའི་བགྲང་བྱ་འགའ་ཡིས་མྱོང་ཚོར་ཞིག་བརྗོད་ན། ང་དང་སློབ་གྲོགས། གཞན་ཡང་དགེ་བའི་བཤེས་གཉེན་རྒན་ནོར་བུ་ལགས་བཅས་ང་ཚོ་ཚང་མ་རེས་གཟའ་ཉི་མར་སྤྲོ་སྐྱིད་གཏོང་བར་ང་ཚོའི་སློབ་གྲྭའི་ཉེ་འགྲམ་དུ་ཡོད་པའི་ཤིན་ཏུ་ཡངས་པའི་སྤང་ཐང་ཞིག་གི་སྟེང་དུ་བསྐྱོད་པ་ཡིན། སྐབས་དེར་གནམ་གཤིས་ནི་ཧ་ཅང་སྔོ་ཞིང་དྭངས་པ་དང༌། གཙང་ཞིང་ཤེལ་ལྟ་བུ་ཞིག་ཉཻ་དགའ་ཕྱོགས་ཞེན་མེད་པར་ས་ཕྱོགས་ཀུན་ལ་འཕྲོ་བཞིན་རྩི་ཤིང་རྣམས་མྱུ་གུ་རྒྱས་འགོ་ཚུགས་བཞིན་མཆིས། འོན་ཏེ། ང་ཚོ་སློབ་གྲོགས་རྣམས་རང་རང་གི་དགའ་བའི་རྩེད་མོར་རོལ་བཞིན་སྤང་ཐང་སྟེང་དུ་ནོར་ལུག་ལྟར་ས་ཕྱོགས་གང་སར་བསྐྱོད། ལ་ལས་གཞས་གཏོང་བ་དང༌། ཁ་ཤས་ཀྱིས་སྒྲུང་དེབ་ཀློག་པ་སོགས་མདོར་ན་ཁོར་ཡུག་ཀུན་ལ་འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་མི་ཚོགས་དཀྱིལ་དུ་ཡོད་པའི་ཚོར་སྣང་ཞིག་ཡིད་ལ་ཝ་ལེར་ཤར། གློ་བུར་དུ་དབྱར་གྱི་ཆུ་འཛིན་འོག་ནས་རྟ་བདུན་དབང་པོ་འཚར་ལོངས་བྱུང་འགོ་ཚུགས་ནས་ཚ་ཟེར་ཅན་གྱི་ཉི་ཟེར་འདི་ས་ཕྱོགས་ཀུན་ལ་འཕྲོས་ཏེ་སྲོག་ལྡན་འགྲོ་བ་རྣམས་ཀྱིས་བཟོད་སྒོམ་མི་བྱེད་ཀ་མེད་བཟོས། དེར་བརྟེན་རྒན་ལགས་དང་ང་ཚོ་སློབ་གྲོགས་རྣམས་ཉི་འོད་ཀྱི་ཚ་ཟེར་ལ་བཟོད་ཐབས་བྲལ་ནས་ཤིང་སྡོང་གི་གྲིབ་བསིལ་ཞིག་གི་འོག་ཏུ་བྲེལ་འཚུབ་ལྡན་པའི་ངང་སོང་བ་ཡིན། སློབ་གྲོགས་ཁ་ཤས་ཀྱི་ངོ་གདོང་ཡོངས་རྫོགས་སྐྱོ་གདུང་གི་རྣམ་པ་མངོན། ཡང་ཁ་ཤས་ཉོབ་སྣང་དབང་མེད་དུ་སྐྱེས། འོན་ཏེ། ཕྲན་ངའི་བློ་ཡུལ་དུ་ཚ་ཟེར་ཅན་གྱི་རྟ་བདུན་དབང་པོ་འོད་མདངས་རྣམས་རིམ་བཞིན་ཆུ་འཛིན་གྱི་སྤྲིན་པ་འདི་ཡིས་གྲིབ་ནག་བསིལ་ལྡན་སྤྲོ་སྐྱིད་ཀྱི་འཚོ་བ་ཞིག་བྱུང་ན་སྙམ་པའི་རེ་བ་ཞིག་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་ཡོད། ང་ཚོ་སློབ་གྲོགས་རྣམས་ཚ་ཟེར་ཅན་གྱི་འོད་མདངས་ལ་བཟོད་ཐབས་བྲལ་ནས་རང་རང་གི་དགའ་བའི་རྩེད་མོ་དང༌། གཞས་ལ་སོགས་པ་རྣམས་དོར་ནས་གྲིབ་བསིལ་འོག་ཏུ་ཞིམ་མི་ཡིས་ཙི་ཙི་སྲུང་བ་ལྟར་མི་སྡོད་ཀ་མེད་བྱུང༌། རིམ་བཞིན་མི་རྣམས་མི་འགྱུར་དུས་རྣམས་འགྱུར་ཅེས་གཏམ་དཔེར་གསལ་བ་ལྟར་དུས་ཚོད་ཀྱི་ཚག་སྒྲའི་འོག་ཏུ་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཟིན་འགོ་ཚུགས་པའི་ང་ཚོ་སློབ་ཕྲུག་རྣམས་རང་རང་གི་ཚེ་སྔོན་ལས་ལ་བཀོད་པའི་ཁྱིམ་ཚང་ཆེན་པོ་འདིར་དུས་ཐོག་ཏུ་ཕྱིར་ལོག་ཐུབ་པ་དགོས་པ་ལས་རྗེས་ལུས་ཐེབས་ཚེ་ཕ་ཚབ་མ་ཚབ་དང་རྒན་བདག་རྣམ་པས་བཀའ་བཀྱོན་གནང་བ་སོགས་བྱེད་པར་བརྟེན་ང་རང་དུས་ཐོག་ཏུ་ཁྱིམ་ཚང་དུ་བཅར་བ་ཡིན། རྒན་ལགས་དང༌། ང་ཚོ་སློབ་གྲོགས་རྣམ་པ་དགའ་དགའ་སྤྲོ་སྤྲོའི་ངང་རང་རང་གི་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་ནང་ཞི་བདེ་བག་ཕབ་ཐོག་ཏུ་གླུ་དབྱངས་དང་དགོད་སྒྲའི་རྣམ་པ་སྣ་ཚོགས་དང་བཅས་གཅིག་རྗེས་གཉིས་མཐུད་ཀྱི་རང་གནས་སུ་སྒོ་ཕྱུགས་ཚང་དུ་ལོག་པ་ལྟར་རང་ཁྱིམ་དུ་འབྱོར་སྐབས། ལུས་པོ་ཡོངས་རྫོགས་དཀའ་ལས་དང་རྔུལ་ཆུའི་དྲི་མ་བྱུང་ནས་རང་ཉིད་ཀྱི་ལུས་པོ་འདི་མི་སྡུག་པའི་རྫས་བཙོག་གཅིན་ལ་སོགས་པ་ལས་གྲུབ་པས་གསེར་སྣོད་ནང་མི་གཙང་བ་ཡོད་པ་དང་གཉིས་སུ་མ་མཆིས།
    དབྱར་དུས་སུ་མཚོན་ན་རྒྱ་གར་བྱང་ཕྱོགས་མ་སུ་རི་ལ་ཆུ་ཤིན་ཏུ་དཀོན་པས། མཚམས་རེར་ང་ཚོ་དབྱར་གྱི་ཆུ་འཛིན་གྱི་བཀའ་དྲིན་འོག་ཆར་ཆུ་ལ་བརྟེན་ནས་ལུས་པོ་དང་གྱོན་ཆས་བཀྲུ་བ་སོགས་དབྱར་དུས་ཀྱི་ཆུ་འཛིན་འདི་ང་ཚོའི་སྲོག་འཚོ་བའི་བླ་སྲོག་ཡིན་ལ། སེམས་ཅན་སྒོ་ཕྱུགས་འཚོ་བའི་བླ་སྲོག་ཅིག་དེ་བས་ཡིན། མདོར་ན་ལས་དོན་མང་པོ་ཞིག་དབྱར་གྱི་ཆུ་འཛིན་ལ་བརྟེན་ནས་དབྱར་དུས་ཀྱི་འཚོ་བ་འདི་འབྱུང་བཞིན་མཆིས། འོན་ཏེ། དེ་རིང་གི་ཉིན་མོ་འདི་ཧ་ཅང་གི་ཚ་དྲོད་ཆེ་བ་ལགས། དེར་བརྟེན་ཆུ་འཛིན་གྱི་ལམ་སྟོན་འོག་ཏུ་ཆར་ཆུ་དུས་ཐོག་ལ་མི་འབབ་པ་དང༌། རྟ་བདུན་དབང་པོའི་ཚ་ཟེར་འོད་མདངས་རྒྱས་ནས་རང་དབང་མེད་པར་ང་ཚོའི་བདེ་བ་ཆེན་པོ་འདི་རིམ་བཞིན་འཇའ་ཡལ་བ་ལྟར་བཅོམ་སོང༌། ཕྲན་ངའི་ལུས་པོ་དང་གྱོན་ཆས་སོགས་དུས་ཐོག་ཏུ་བཀྲུ་བའི་གོ་སྐབས་བཟང་པོ་འདི་འཇའ་ལྟར་ཡལ་སོང་བས་བློ་ལ་གཅིག་ཚང་མེད་པའི་ཚོར་སྣང་ཞིག་དབང་མེད་དུ་བྱུང༌། དཀོན་མཆོག་མཁྱེན། ཕྲན་ང་ལ་འཕྲད་པའི་དཀའ་སྡུག་ཕྲན་བུ་འདི་ང་དང་ང་འདྲ་བའི་སྲོག་ལྡན་འགྲོ་བ་ཀུན་ལ་མི་འཕྲད་པར་ཤོག་ཅེས་ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་སྙིང་དབུས་ནས་འདེབས།         དབྱར་དུས་ཀྱི་ཆུ་འཛིན་ལགས། ཁྱེད་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ང་ཚོ་འགྲོ་བ་རྣམས་འཚོ། ཁྱེད་ཀྱིས་བྱམས་སྐྱོང་ལ་བརྟེན་ནས་ང་ཚོ་འགྲོ་བ་རྣམས་གནས། མདོར་ན་ཁྱེད་ནི་ང་ཚོ་འགྲོ་བ་ཡོངས་ལ་མཁོ་བའི་བཀའ་དྲིན་གཞལ་དུ་མེད་པའི་ཕ་མ་ཡིན་སྲིད་ལ། ཁྱེད་ནི་མ་རིག་མུན་པ་སེལ་བའི་དགེ་བའི་བཤེས་གཉེན་ཞིག་དེ་བས་ཡིན་སྲིད། ཡང་ཁྱེད་ནི་ང་ཚོའི་མེས་པོ་དམ་པ་རྣམས་ཀྱང་ཡིན་སྲིད། ཁྱེད་ནི་ང་ཚོའི་མགོན་སྐྱབས་དང་ང་ཚོ་ནི་ཁྱེད་རང་གི་གདུལ་བྱ་ཞིག་ཡིན་སྲིད།
    དབྱར་དུས་ཀྱི་ཆུ་འཛིན་ལགས། ཁྱེད་ནི་ངའི་སེམས་ནང་གི་ཡོད་ཚད་ཀྱི་ཡོད་ཚད་དང་ངའི་བླ་སྲོག་གི་བླ་སྲོག ངའི་ཕ་མའི་ཕ་མ། ཇི་སྲིད་མ་རིག་མུན་པའི་ཀློང་དུ་ལྷུང་བའི་ཕྲན་ང་འཇིག་རྟེན་ས་གཞི་འདི་ཡི་སྟེང་དུ་འཚོ་བའི་བར་དུ་ཁྱེད་ལ་རེ་བ་བཅོལ་ཡོད་ལ། དེ་སྲིད་ཁྱེད་རང་གིས་ང་ལ་བྱམས་སྐྱོང་དང་ཐུགས་ཁུར། བྱམས་སྙིང་རྗེ་མང་ཙམ་གནང་རོགས་གནང་ཞེས་སྐོམ་པ་ཆུ་འདོད་ལྟར་དབྱར་གྱི་ཆུ་འཛིན་ཁྱེད་ལ་རེ་བ་བཅོལ་ཡོད།
    དབྱར་དུས་ཀྱི་ཆུ་འཛིན་ལགས། དེ་རིང་ང་རང་གཉིས་ཁ་བྲལ་དགོས་པའི་དགོངས་པ་མ་ཚོམ། འོན་ཏེ་རྗེས་སུ་མྱུར་དུ་མཇལ་བར་སྨོན་ལམ་གྲངས་མེད་ཞུ།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ཚིག་སྦྱོར་བདེ་ཙམ་འདུག ཡིག་ནོར་ཉུང་བས་ལེགས། འོན་ཀྱང་རྩོམ་ཡིག་གི་འགོར་དབྱར་གྱི་དུས་ཚིགས་དང་སྦྲེལ་ཏེ་ཐོག་མར་དོན་བརྗོད་ཀྱི་སྒོ་ནས་རྩོམ་འབྲི་བྱས་ཡོད་ཀྱང་མཇུག་མ་སྐྱོང་བའམ་གང་ལྟར་དམིགས་འབེན་དུ་འཁེལ་མེད་ཅིང༌། དེ་རྗེས་ཐད་ཀར་བགྲོ་གླེང་དང་དུང་སེམས་མཚོན་པའི་འབྲི་ཐབས་སྤྱད་དེ་བརྗོད་བྱ་མཚོན་ཐབས་བྱས་ཡོད་པས་ཀྱང་བརྗོད་སྙིང་དེ་ཙམ་ཟིན་མི་འདུག་པས། ཞན་ཆ་འདི་རིགས་གཙིགས་སུ་བཟུང་སྟེ་དུས་རྒྱུན་རྩོམ་ཐུང་ཕུལ་བྱུང་ཅན་མང་ཙམ་བཀླགས་ཏེ་བསམ་གཞིགས་གནང་ན་ཡར་རྒྱས་ཡོང་ངེས་སྙམ།

མདུན་ཤོག

Menu