[toc]

དབྱར་དུས་ཀྱི་ཚོར་སྣང༌།(ཨང་དང་པོ)

གཅན་སྣང་བ་ཚེ་རིང་བཀྲ་ཤིས། སུ་ཇ་བོད་ཁྱིམ་སློབ་གྲྭ།

མཛེ༷ས་མཛེ༷ས་སྤང་ལྗོངས་སྔོན་མོས་ཁྲ་ཆུང་མིག་ལ་དགའ་བ་བསྐྱེད། །སྙ༷ན་སྙ༷ན་ཁུ་བྱུག་གསུང་གིས་དྭངས་གཙང་སེམས་པར་སྤྲོ་བ་སྦྱིན། །
ཞིམ༷་ཞིམ༷་མེ་ཏོག་དྲི་བསུང་ཕྱོགས་བཞིའི་མཐའ་ལ་ལྷོད་ཀྱིས་འཁྱིལ། །མཚ༷ར་མཚ༷ར་དབྱར་གྱི་ཡུལ་ལྗོངས་ཀུན་གྱིས་མཐོང་བ་ཀུན་སྨོན་ཡིན། །
    ཞེས་པའི་སྙན་ཚིག་མེ་ཏོག་ཚོམ་བུ་ཞིག་གིས་སྔོན་བསུས་ནས་སྐབས་བབ་ཀྱི་བརྗོད་གཞིའི་སྒང་ལ་ཅུང་ཟད་ཙམ་ཞིག་བྲི་བར་བྱའོ། །
    ད་དུང་ཡང་ངའི་ཡིད་ཀྱི་མཚོ་ངོགས་སུ་ཆུ་སྐྱེས་བཞིན་བཀྲ་བ་ནི་ཀུན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད་པའི་ཆེས་མཛེས་སྡུག་གི་དབྱར་ཁའི་ཡུལ་ལྗོངས་ཡིན་ངེས་ལ། དུས་ནམ་ཡང་ངའི་ཚོར་ཤུགས་ཀྱི་ཀློང་ན་འཇའ་ཚོན་ལྟར་བཞད་པ་ནི་ཡིད་འོང་དབྱར་གྱི་སྒེག་མོས་བདག་གི་བྲང་གཞུང་ལ་བསྩལ་བའི་སྤྲོ་སྐྱིད་ཀྱི་ཚོར་སྣང་གསོན་པོ་དེ་ཁོ་ན་ཡིན།
    ལྟོས་དང༌། དབྱིག་འཛིན་སྒེག་མོས་སྔོ་ལྗང་གི་གྱོན་གོས་ལྷོད་ཀྱིས་མནབས་ཏེ་ང་ཚོ་ལ་མཚར་སྡུག་གི་ལང་ཚོ་ངོམ་དུ་སླེབས་སོང༌།
    གསོན་དང༌། ཚང་ཚིང་གི་གཡུ་ལོ་རྒྱས་པའི་ནགས་ཀློང་ནས་ཁུ་བྱུག་དང་འཇོལ་མོ་ཚོགས་ཀྱིས་སྙན་འཇེབས་ཀྱི་འགྱུར་ཁུག་ཁུར་ནས་ཀུན་གྱི་ཐོས་འཛིན་གྱི་བུ་ག་རུ་དགའ་སྐྱིད་ཀྱི་བདུད་རྩི་སྦྱིན་པར་སླེབས་སོང༌། རེད་ཡ། འདི་ནི་ཐུན་མིན་གྱི་དུས་ཚིགས་ཤིག་གིས་ང་ཚོར་བསྐུར་བའི་རིན་མེད་ཀྱི་ལེགས་སྐྱེས་རྐྱང་རྐྱང་ཡིན་འོས།
    འདི་ལྟར་ཚ་ཟེར་གྱི་ཉི་མ་གཞོན་ནུ་སྤང་ལྗོངས་སྔོན་མོའི་ཕྲག་གོང་ནས་སྔོ་བསངས་ཀྱི་མཁའ་དབྱིངས་སུ་རིམ་གྱིས་འཕགས་ཏེ་འཛུམ་ཟེར་གྱི་འོད་རླབས་རེ་རེ་མཐའ་ཡས་པའི་རྩྭ་ཐང་གི་སྤང་གཞོང་དང་ཁུགས་སོ་རེ་རེར་འཁྱུད་དུས། ལྷིང་འཇགས་ཀྱི་ནོར་འཛིན་བུ་མོའི་ཡིད་འོང་གི་ལང་ཚོ་ལ་མུ་ཏིག་གི་མཛེས་རྒྱན་གྱིས་ཀུན་ནས་གཡོགས་ཤིང༌། སྔར་མེད་ཀྱི་གཟི་མདངས་ཤིག་ལྷག་ཏུ་བསྐྲུན་ཟིན་པས། ཀུན་གྱི་ལྷད་མེད་མིག་ཟུང་ལ་སྤྲོ་སེམས་ཀྱི་བུང་བ་བར་མེད་དུ་འཕུར་ལྡིང་རྩེན་བྱུང༌། འདི་ལྟ་བུའི་མཚར་སྡུག་གི་དུས་ཚིགས་ཀྱིས་ཡོད་ཚད་ཚོར་ཤུགས་ཀྱི་ཀློང་ལ་ལི་ཁྲིའི་རང་མདངས་ཁུར་བའི་ས་སྲོད་ཀྱི་མཚམས་སྤྲིན་ལྟ་བུའི་མཛེས་སྡུག་ཅིག་དབང་མེད་དུ་བསྩལ་འོང༌། འདི་ནི་དབྱར་དུས་ཀྱི་ཞོགས་པའི་མཛེས་ལྗོངས་ཀྱིས་སེམས་པ་གྲངས་མེད་ཀྱི་ཀློང་དུ་བསྐྲུན་པའི་ཚོར་སྣང་དྲོན་མོ་དེ་ཡིན།
    ཆུ་ཚོད་རེ་རེའི་གོམ་སྒྲ་ཧ་ཅང་མྱུར་བས། ཉི་མའི་འོད་ཟེར་གྱི་ཕྱག་ཟུང་གྲངས་མེད་ཐད་ཀར་མུ་མེད་ཀྱི་རྩྭ་ཐང་ལ་བརྐྱངས་འདུག་ཅིང༌། ཆེས་ཐག་མི་རིང་བའི་རི་ཀླུང་གི་ཁུགས་སོ་དག་ན། འབྲི་གཡག་དང་གཡང་དཀར་ལུག་གི་ཁྱུ་ཚོགས་རེ་རེ་ཕྱོགས་རྒྱུ་ཡི་མགྲོན་པོ་བཞིན་རྩྭ་ཐང་གི་ཡུལ་གྲུ་ཀུན་ལ་བག་ཡངས་སུ་རྒྱུ་ཞིང༌། རང་དབང་གི་གར་སྟབས་གང་སར་བསྒྱུར་ཏེ་དགའ་སྣང་དང་སྤྲོ་སྐྱིད་ཀྱི་འཚོ་བ་ལ་ལོངས་སུ་སྤྱོད་བཞིན་གདའ་ལ། རྩྭ་ཐང་གི་མཛེས་རྒྱན་ཏེ། མེ་ཏོག་གི་ཚོམ་བུ་མང་པོས་དྭངས་གཙང་གི་འཛུམ་མདངས་ཁུར་ནས་བར་མེད་དུ་བསྟར་ཕྲེང་བསྒྲིགས་འདུག
    འདི་ལྟར། ཆེས་ལྷོད་ཅིང་འཇམ་པའི་བསིལ་རླུང་གི་གཤོག་ཟུང་མཉེན་མོས། མཚར་སྡུག་འབར་བའི་མེ་ཏོག་གི་འདབ་མ་རེ་རེར་རེག་པས། འཕྱོར་རྒྱས་ལང་ཚོ་རབ་ཏུ་མྱོས་ཏེ་སྤྲོ་བའི་ལྡིང་སྐོར་ཡང་ཡང་རྩེན་ཞིང༌། ཐག་རིང་ཐག་རིང་གི་ས་ན་ལུས་པའི་སྐྱེ་འགྲོ་མང་པོ་དབྱར་ཁའི་ཉིན་གུང་གི་མཛེས་ལྗོངས་ལ་གཟིགས་སྐོར་ཕེབས་པར་ལག་པས་གཡབ་མོ་ཡང་ཡང་བྱེད་ལ། མཁའ་དབྱིངས་ན་བག་ལ་རྒྱུ་བའི་སྤྲིན་དཀར་གྱི་བང་རིམ་མང་པོས་ཕྱོགས་མཚམས་ཀུན་ཏུ་འདོད་སེམས་ཀྱི་སྤྲོ་བ་རབ་ཏུ་འཕེལ་ཏེ་རང་དབང་དང་མཛེས་སྡུག དྭངས་གཙང་དང་ལྷིང་འཇགས་ཀྱི་ཁོར་ཡུག་འདིའི་ལང་ཚོའི་ཆ་ཤས་རེ་རེ་ལ་ཁུ་སིམ་མེར་ལྐོག་ལྟ་བྱེད་བཞིན་མཆིས།
    ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་གྱི་བཞུར་སྒྲ་སྙན་མོས་སྙན་ངག་གི་འགྱུར་ཁུགས་ཁུར་ནས། ཐག་རིང་སྤང་གཞོང་ན་འཕྲེད་གླིང་གི་སྤྲོ་སྐྱིད་འཐུ་བའི་ལུག་རྫི་རྒད་པོ་ལ་ཅོ་འདྲི་བ་དང་ཀུན་ནས་མཚུངས་ཨང༌།
    འདི་འདྲའི་མཐོང་སྣང་མཛེས་པོ་ཞིག་དང༌། འདི་འདྲའི་མཐོང་སྣང་སྐྱིད་པོ་ཞིག་གི་ངོགས་ནས། ངའི་ལུས་སེམས་ཀྱི་ཁྲག་ཐིགས་རེ་རེའི་ཀློང་དུ་རྒྱུ་བཞིན་པའི་ཚོར་ཤུགས་རྣལ་མ་དེ། དབྱར་ཁའི་རྩྭ་ཐང་གི་མཛེས་སྡུག་ལ་རབ་ཏུ་ཆགས་ཤིང༌། རང་ཉིད་ཀྱི་སྒོ་གསུམ་གྱི་ཡོད་ཚད། རྩྭ་ཐང་དང༌། མེ་ཏོག ནོར་ལུག ཆུ་ཕྲན་རྣམས་ཀྱི་ཚེ་སྲོག་གི་གཞུང་རྟའི་རྒྱུད་ལ་དབྱེར་མེད་དུ་ཐིམ་ན་སྙམ། འདི་ནི་དབྱར་ཁའི་ཉིན་གུང་གི་མཐོང་སྣང་མཚར་བོ་དེས་བཞག་པའི་ཚོར་སྣང་དང་བག་ཆགས་ཟབ་མོ་དེ་ཡིན།
    རྟ་བདུན་དབང་པོས་ཐོལ་བརྒལ་གྱི་འགྱུར་འགྲོས་དེ་ཁུར་ནས་ནུབ་མཐའི་མཁའ་དབྱིངས་ཀྱི་ངོགས་ནས། འདོར་མི་ཐུབ་པའི་དབྱར་ཁའི་ས་སྲོད་ཀྱི་མཛེས་སྡུག་ལ་འཁྲེང་ཞེན་གྱི་ལག་བརྡ་དང༌། ཕྱི་མིག་གི་གསང་བརྡ་རེ་འཇོག་བཞིན་ནུབ་རིའི་རྒྱབ་ཏུ་ཡིབ་པར་སྟ་གོན་བྱེད་བཞིན་འདུག མཚམས་སྤྲིན་གྱི་ལང་ཚོའི་ངོགས་ན་ད་དུང་ཡང་ཉི་མས་དབྱར་ཁའི་ས་སྲོད་ཀྱི་ཡུལ་ལྗོངས་ལ་ཆགས་པའི་དམར་ཆུང་སྙིང་གི་རང་མདངས་གསོན་པོ་དེ་ཁུ་སིམ་མེར་ལུས་འདུག
    ལུག་རྫི་རྒན་པོ་དག་གིས་འཕྲེད་གླིང་གི་འགྱུར་ཁུགས་སྙན་མོ་རྩྭ་ཐང་གི་ཡུལ་གྲུ་ཀུན་ལ་བསྐྱིལ་བཞིན། རྩྭ་ཐང་གི་ཕྱོགས་བཞི་གང་སར་སྐར་ཚོམ་བཞིན་འཐོར་བའི་ནོར་ལུག་གི་ཁ་ཕྱོགས་རི་འདབས་ན་ཆགས་པའི་ལྷིང་འཇགས་ཀྱི་སྦྲ་ནག་འདབས་སུ་བསྐོར་བར་བྲེལ་ཞིང༌། རྟ་མཆོག་དཀར་པོའི་འཚེར་སྒྲ། འབྲི་གཡག་གི་ངུར་སྒྲ། གཡང་དཀར་ལུག་གིའབའ་སྒྲས་ལྷིང་འཇགས་ཀྱི་ཁོར་ཡུག་དྲོན་མོའི་གནས་མལ་ལྷོད་ཀྱིས་དཀྲོགས་སོང༌། ཡོད་ཚད་ཀྱིས་སྤྲོ་སེམས་ཀྱི་གླུ་སྒྲ་དབྱངས་སུ་གྱེར་ཏེ། ཕྱོགས་སོ་སོ་ནས་འབྲོག་རའི་ལམ་ཆུང་སྣེ་རུ་འཛོམས་ནས་རང་ཉིད་ཀྱི་ཕ་ཡུལ་དུ་ལོག་པའི་གྲ་སྒྲིག་ཨང་གསར་བྱེད་བཞིན་གདའ།
    དེ་ཡང་ས་སྲོད་ཀྱི་ཡུལ་ལྗོངས་ཁྲོད་དུ། ནག་ཡོར་རེར་མཆིས་པའི་སྦྲ་ནག་གི་འདབས་ནས། འབྲོག་ཁྱི་ཆུང་ཆུང་གིས་ཀྱང་རང་ཉིད་ཀྱི་ཁྱིམ་བདག་དང་ཁྱིམ་བདག་དེར་དབང་བའི་གཅེས་ནོར་ཡོད་ཚད། ཕྱིར་རང་ཡུལ་དུ་ལོག་པ་ཚོར་ནས་སྤྲོ་སྐྱིད་ཀྱི་ཚོར་ཤེས་ཀློང་ནས། དགའ་བའི་རོལ་རྩེད་ཡང་ཡང་རྩེ། ཁྱིམ་བདག་མ་ཡང་སྦྲ་གུར་གྱི་སྒོ་ཁར་བུད་ནས། ས་སྲོད་ཀྱི་རི་ཀླུང་ངོགས་ནས་སྦྲ་གུར་ཕྱོགས་སུ་ཕེབས་བཞིན་པའི་ལུག་རྫི་རྒད་པོ་ལ་འཛུམ་དཀར་གྱི་མེ་ཏོག་སྟོན་བཞིན་བསུ་བ་ཡང་ཡང་བྱེད། རང་ཉིད་ཀྱི་ཕ་མ་ལ་བརྩེ་བ་ཟབ་པའི་བྱིས་པ་སྣབས་ལུག་ཚོའི་སྤྲོ་སྣང་གི་དགོད་སྒྲ་དྭངས་མོ། ས་སྲོད་ཀྱི་རི་ཀླུང་ཀུན་ལ་ཁྱབ་ཅིང༌། དེ་འདྲའི་ཆེས་དྭངས་གཙང་གི་དགོད་སྒྲ་དེས་ནང་ལ་ལོག་བཞིན་པའི་ཨ་ཕའི་སེམས་ཁོང་ལ་དྲོད་ཁོལ་གྱི་འདབ་མ་རྒྱས་སུ་བཅུག་སོང༌།
    ཡོད་ཚད་ལྷད་མེད་དང༌། ཡོད་ཚད་དྭངས་གཙང་གི་འཛུམ་མདངས་ཀྱི་ཁྲོད་ན་ལུས་པའི་དབྱར་ཁའི་ས་སྲོད་ཀྱི་ཡུལ་ལྗོངས་དང༌། ཁྱིམ་བདག་མའི་རེ་སྒུག་གི་མིག་ཟུང༌། བྱིས་པ་ཚོའི་སྤྲོ་སྣང་གི་དགོད་སྒྲ་འདི་དག་གིས་ཡོད་ཚད་འདི་ལྟར་བརྗེད་མི་ཐུབ་པའི་ཚོར་ཤུགས་རྣོན་པོ་རེ་སྤྲོད་ཅིང༌། རང་ཉིད་ཀྱི་ཡོད་ཚད་འཇིག་རྟེན་གཞན་ཞིག་གི་ལྷིང་འཇགས་ཀྱི་ཁོར་ཡུག་དང་གྲུ་ཟུར་གང་རུང་ན་འཚོ་བའི་སྣང་བ་ཞིག་འགོག་མེད་དུ་སྟེར་འོང༌།
    འདི་ནི་དབྱར་ཁའི་ས་སྲོད་ཀྱི་ཡུལ་ལྗོངས་རབ་རིབ་དེས་སྦྱིན་པའི་ཚོར་ཤུགས་དང་འཁྲུལ་སྣང་ཡིན་ཨང༌།
    ཁོར་ཡུག་ཡོད་ཚད་ལྷིང་འཇགས་ཀྱི་གནས་མལ་ཁྲོད་ནས་ལྷོད་ཀྱིས་གཉིད་ལ་ཡུར་སོང༌། མཐོང་སྣང་ཡོད་ཚད་རབ་རིབ་དང་མག་མོག་ཏུ་སྣང་བས། མཚན་ལྗོངས་ཀྱི་མུན་ནག་ཀློང་ན་ཡོད་ཚད་ནག་ཡོར་རེ་གནས། རྒྱང་རིང་ནས་ཁུར་འོང་བ་མེ་ཏོག་གི་དྲི་བསུང༌། བསིལ་འཇམ་གྱི་རླུང་བུའི་རམ་འདེགས་འོག དབྱར་ཁའི་མཚན་ལྗོངས་ཀྱི་སྣང་བརྙན་ལ་ལྟད་མོར་ཕེབས་བཞིན་གདའ་ལ། དགུ་ཚིགས་སྐྱ་མོའི་ཕྲག་གོང་ལ་ལྕེབས་པའི་སྐར་ཚོགས་སྟོང་ཕྲག་མང་པོས་རྒྱང་ཐག་རིང་བའི་མི་མངོན་སྟོང་བའི་ཁམས་ནས། ལྷིང་འཇགས་ཀྱིས་བཏུམས་པའི་མཚན་ལྗོངས་རིང་མོར་མིག་ཅེར་ནས་བལྟས་འདུག དཀར་གསལ་ཟླ་བའི་འོད་རླབས་འཇམ་པོས་ཀྱང་དུངས་སེམས་ཀྱི་ཕྱག་ཟུང་རིང་དུ་བརྐྱངས་ནས། མཚན་ལྗོངས་དེར་མ་བོས་ཀྱི་འགྲོན་པོ་བཞིན་ཕེབས་བྱུང༌།
    དབྱར་ཁའི་མཚན་ལྗོངས་ཀྱི་སྣང་བརྙན་ཟླུམ་པོའི་ངོགས་ནས། ངས་རང་ཉིད་ཀྱི་སྒོ་གསུམ་གྱི་དུངས་པ་ཡོད་ཚད། རྟོག་བཏགས་ཀྱིས་བཞེངས་པའི་ཁོར་ཡུག་དང་ལྷན་དུ་དུས་ནམ་ཡང་ལྷིང་འཇགས་ཀྱི་འཚོ་བའི་ཀློང་ནས་སྤྲོ་སྐྱིད་ཀྱི་མི་ཚེ་ཞིག་སྐྱེལ་ཐུབ་ན་སྙམ།
    འདི་ནི་དབྱར་ཁའི་མཚན་ལྗོངས་རིང་མོ་འདིས་བདག་ལ་བསྩལ་བའི་མི་ཚེའི་རེ་བ་དང་སྨོན་འདུན་གསོན་པོ་དེ་ཡིན།
    དབྱར་ཁའི་དུས་ཚིགས་འདི་ལྟར་ཡལ་ངེས་ཀྱང༌། དབྱར་ཁའི་དུས་ཚིགས་ཀྱིས་ང་ལ་བཞག་པའི་ཚོར་སྣང་དྲོན་མོ་རེ་རེ། ངས་དུས་ནམ་ཡང་བརྗེད་ག་ལ་སྲིད།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་ནང་དབྱར་ཁའི་འབྲོག་ཁུལ་གྱི་རྩྭ་ཐང་སྟེང་ཉིན་ཞག་གཅིག་གི་ཡུལ་ལྗོངས་བཀོད་འབྲི་དང་སྦྲགས། ཕ་ཡུལ་གྱི་མཛེས་སྡུག་ཕུན་སུམ་ཚོགས་པའི་ལང་ཚོ་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་ཡོད། རྩོམ་ཡིག་གི་ཚིག་སྦྱོར་སྙན་ཞིང་འཇེབས་པ། དཔེ་རྒྱན་དང༌། གཟུགས་རྒྱན། རབ་རྟོག་དང་བསྡུས་བརྗོད་ཀྱི་རྒྱན་སོགས་ཚིག་རྒྱན་དུ་མ་བཀོལ་སྤྱོད་བྱེད་ཚུལ་ཤིན་ཏུ་ལེགས། དག་ཆ་ནོར་བ་ཉུང་ཡང་བྱ་ཚིག་སྦྱོར་སྟངས་ནོར་བ་ཁག་ཅིག་བཅོས་ཡོད་ལགས་ན། ཕྱིས་སུ་དེའི་ཕྱོགས་ལ་ཡིད་གཟབ་ཀྱིས་ཀློག་མཁན་ལ་མྱོང་ཚོར་ཟབ་མོ་བསྐྲུན་ཐུབ་པའི་རྩོམ་ཡིག་གང་མང་འབྲི་བའི་རེ་བ་ཡོད།

དབྱར་དུས་ཀྱི་ཚོར་སྣང༌།(ཨང་གཉིས་པ)

ཡེ་ཤེས་བསམ་གཏན། སེར་བྱེས་འབྲིང་རིམ་སློབ་གྲྭ།

རྗོད་ཀྱིས་མི་ལང་ཤེས་བྱ་མཛོད་འཛིན་པ། །འཛམ་གླིང་སྐྱེ་བོ་ཡོངས་ཀྱི་མགོན་དུ་བྱོན། །
ཉེ་རིང་མེད་པར་ཞི་བདེའི་འོད་སྣང་སྦར། །བསྟན་འཛིན་རྒྱ་མཚོར་གསོལ་བ་སྙིང་ནས་འདེབས། །
    ཞེས་མཆོད་པར་བརྗོད་པའི་རྩོམ་སྲོལ་སྔོན་དུ་ཕུལ་ནས་བརྗོད་གཞི་དངོས་སུ་འབྲི་བའི་ཐབས་ཤིག་འབད།
    དེ་ཡང་དབྱར་དུས་ཀྱི་ཚོར་སྣང་ནི་རང་ཉིད་ལ་མཚོན་ན་སྨྲ་མི་ཤེས་པའི་ཚོར་སྣང་ཞིག་ངང་གིས་སྐྱེ་འོས་པ་ནི་སྨོས་ཅི་དགོས། ཕལ་ཆེར་འཇིག་རྟེན་ཀུན་ལ་དེ་བཞིན་སྐྱེས་པ་ནི་ངས་སེམས་ཐག་ཆོད། སྤྱིར་ཚོར་སྣང་ཞེས་པ་ནི་གང་ཟག་རང་གི་སྣང་བ་ལ་འགྲོ་ན་ཚོར་སྣང་གཅིག་དང་སྣང་བ་ལ་མ་འགྲོ་ན་ཚོར་སྣང་ཞིག་གཉིས་ཡོད། སྐབས་དོན་རང་གི་ཚོར་སྣང་ལ་ཆ་བཞག་ན་དབྱར་དུས་ཀྱི་ཚོར་སྣང་དེ་སྐྱིད་ཤོས་ཤིག་ཡིན། ཅིའི་ཕྱིར་ཞེ་ན། འཛམ་གླིང་ཕྱོགས་ཀུན་ཏུ་ལྗོན་ཤིང་གིས་འུར་སྒྲོག མེ་ཏོག་གི་ཆར་བབས། འདབ་ཆགས་ཀྱི་དབྱངས་སྙན་སྒྲོག ཆུ་བོ་དང་ཆུ་ཕྲན་ལ་སོགས་པའི་གླུ་སྒྲས་ཁེངས། བྱིས་པ་དག་གིས་ས་ཕྱོགས་གང་སར་དགའ་སྤྲོའི་གཞས་དང་རྩེད་འཇོར་རོལ།
    ཡུལ་ལྗོངས་ཀྱི་བཀོད་པ་ནི་ཅི་འདྲའི་ཡིད་དབང་འཕྲོག་པ་ཞིག་རེད། ངའི་མཐའ་འཁོར་དུ་ཡོད་པའི་ཡུལ་ལྗོངས་ནི་སྔར་ལས་ཀྱང་མདོག་འགྱུར་ནས་ཡིད་ལ་སིམ་པ་དང༌། མིག་ལ་མཛེས་ཆས་ཡོངས་སུ་རྫོགས་པའི་མཐུན་རྐྱེན་དུ་གྱུར་བས་གུས་པ་རང་ཉིད་རྒྱུན་དུ་ཁོར་ཡུག་ལ་དུང་སེམས་ཤོར་ནས་ཕྱིས་འབྱུང་ས་ཕྱོགས་ཀུན་ཏུ་ལྗོན་ཤིང་འདེབས་འཛུགས་ཀྱི་བྱ་བ་ཞིག་སྤེལ་དགོས་སྙམ་པའི་ཚོར་སྣང་སྐྱེས།
    ཕྱོགས་གཞན་ཞིག་ནས་འཆད་ན་ཕྲན་ནི་དབྱར་དུས་ཀྱི་ཚོར་སྣང་ལ་བརྩེ་སེམས་འཕྱོ་བཞིན་དབྱར་དུས་ཀྱི་མཛེས་སྡུག་ཡོད་ཚད་ཁོར་ཡུག་ལ་ཐུག་པས་ཉིན་མཚན་མེད་པར་བདག་གིས་ཁོར་ཡུག་ལ་བྱམས་སྐྱོང་དང་བརྩེ་དུང་གིས་འདེབས་འཛུགས་ཀྱི་བྱ་བ་ཤ་སྟག་སྤེལ་མྱོང་ཡོད། འོན་ཀྱང༌། ཚོར་སྣང་དེས་འཛམ་གླིང་ཐོག་གི་ཁོར་ཡུག་ལ་བསམ་ཤེས་མེད་པའི་མི་ངན་རེ་ཟུང་དང་ཚན་རིག་པ་ལ་ཁོང་ཁྲོ་སྐྱེས། གང་ལ་ཞེ་ན། དེ་དག་གིས་འཇིག་རྟེན་གྱི་ཁོར་ཡུག་ལ་གཏོར་བཤིག་དང་འབྲེགས་གཏུབ་ཀྱི་ལས་གཞི་ཁོ་ན་སྤེལ་པས་ཐུན་མོང་གི་མཛེས་ལྗོངས་ལ་འབག་བཙོག་དང་རྙོག་སླད་འབེལ་དུ་བཏང་བས་རང་གི་ཁྱིམ་མཚེས་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་སྐྱེ་བོའི་ལུས་སེམས་ལ་འཚེ་བའི་ལས་གཞི་རྩོམ་གྱིན་འདུག གློ་བུར་དུ་མཁའ་རླུང་ཤུགས་ཆེར་ལྡང་པས་རང་དབང་མེད་པར་ཁོར་ཡུག་དང་ཡུལ་ལྗོངས་ལ་བཅངས་པའི་བརྩེ་དུང་གིས་ཚོར་སྣང་དྲག་པོ་ཞིག་ཕྱོགས་གཞན་གྱི་མནོ་བསམ་ལ་སྐྲག་ནས་ཧར་དུ་གཉིད་སད་པ་ལྟར་ལྟ་ན་སྡུག་པའི་སྤང་ལྗོངས་ཤིག་གི་སྟེང་བསྡད་འདུག
    དེ་ནས་གུས་པ་རང་ཤག་ཏུ་ཕྱིན་ཞིང༌། ཁང་ཐོག་ཏུ་སོང་ནས་སྒྲུང་དེབ་ཀློག་བཞིན་པའི་སྐབས་དབྱར་དུས་ཀྱི་ལང་ཚོ་དར་ལ་བབས་ནས་རྣའི་བུ་ག་རུ་ཐོས་ཚད་ནི་ལྗོན་ཤིང་གི་སྒྲ་དང་བྱ་རིགས་ཀྱི་གསུང་སྐད་སྙན་པོ་དེ་ཡིན། མིག་ལམ་དུ་མེ་ཏོག་སྣ་མང་གིས་ཕྲན་ལ་ལག་གཡུག་བྱེད་པ་དང༌། མགོ་ལྡེམ་ལྡེམ་དང་ཞལ་འཛུམ་འཛུམ་བྱས་པ་ལྟར་སྨྲ་མི་ཤེས་པའི་ཚོར་སྣང་སྐྱེས། ཡུན་རིང་མ་སོང་བར་རང་གི་ཤག་ཐད་དུ་ཁུ་བྱུག་གིས་གསུང་སྐད་སྙན་པོ་ཞིག་གྲགས་པས་རང་དབང་མེད་པར་ངའི་ཕ་ཡུལ་ཡིད་ལ་ལྷང་ལྷང་དུ་འཁོར་བྱུང༌། སྐབས་དེ་དུས་བདག་གི་ཚོར་ཤུགས་ནང་འདོད་དགུ་འཛོམས་པའི་ལྷ་ཡུལ་བཞིན་དུ་དབྱར་དུས་ཀྱི་ལང་ཚོ་ལ་དུང༌། དུས་དེ་ནས་བཟུང་དབྱར་དུས་ཀྱི་ཚོར་སྣང་དེས་དུས་ཀུན་ཏུ་རང་ཡུལ་དྲན་ནས་ཕ་ཡུལ་དུ་ལོག་འདོད་ཀྱི་འདུན་པ་དབང་མེད་སྐྱེས་སུ་བཅུག འོན་ཀྱང༌། རྒྱ་དམར་གུང་ཁྲན་གྱིས་ང་རང་གི་རྒྱལ་ཁབ་དང་མི་རིགས་ལ་ཁུངས་ལུང་དབེན་པའི་གཡོ་སྒྱུའི་རྫུན་པགས་གྱོན་ནས་གསོད་གཏུབ་ཁྲག་སྦྱོར་དང་གཏོར་བཤིག་འཕྲོག་བཅོམ་སོགས་ཀྱི་མནར་གཅོད་བཏང་དང་གཏོང་བཞིན་པས་རང་ཡུལ་དུ་བསྐྱོད་ན་གྱོང་གུད་ཕོག་རྒྱུ་ལས་ཅི་མཆིས། དབྱར་དུས་ཀྱི་ཚོར་སྣང་དེས་གུས་པ་ལ་སེམས་ཤུགས་ཆེན་པོ་ཞིག་འཕར་ཏེ་ག་དུས་ཡིན་ཡང་ཁོར་ཡུག་སྲུང་སྐྱོབ་དང་བོད་ཀྱི་བདེན་མཐའ་རྩོད་ལེན་ལ་བསམ་གཞིགས་གྲངས་མེད་གཏོང་རྒྱུ་དང་ལས་གཞི་གང་ནུས་སྤེལ་དགོས་སྙམ་པའི་ཚོར་སྣང་སྐྱེས།
    ཨ་ཁ་ཅི་འདྲའི་ཚོར་སྣང་ཞིག་རེད་ཨང༌། ཚོར་སྣང་དེ་འདྲ་བ་ནི་དབྱར་ཁའི་དུས་སུ་མ་གཏོགས་སྐྱེས་རྒྱུ་མེད་པ་ནི་ལས་ངན་ཞིག་ཡིན་ནམ་སྤྱི་མཐུན་བསོད་ནམས་དམན་པ་ཞིག་ཡིན་ནམ། གང་ལྟར་ཡང༌། ཚོར་སྣང་དེ་འདྲ་བ་ནི་ངའི་སེམས་ནང་ནམ་ཡང་བསུབ་ཐབས་བྲལ། མནོ་བསམ་དུ་མ་གཏོང་བཞིན་པའི་སྐབས་དེར་ངའི་ལག་གི་སྒྲུང་དེབ་དེ་ས་ཐོག་ཏུ་ལྷུང་འདུག སླར་ཡང་སྒྲུང་དེབ་དེ་ཀློག་འགོ་བརྩམས་དུས་རྟ་བདུན་དབང་པོས་འཛམ་གླིང་གི་མཛེས་ཆས་དང་དབྱར་གྱི་མཛེས་ལྗོངས་ལ་གཟིགས་པ་དང་འདྲ་བར་ངའི་ཐད་དུ་འཚེར་བྱུང༌། གློ་བུར་དུ་ཡར་ལངས་སྐབས་བསིལ་རླུང་དལ་བུ་ཡིས་མེ་ཏོག་གི་རྩེ་མོ་སྒུལ་ནས་འདབ་མ་འོད་ཆེམ་ཆེམ་ས་ཐོག་ཏུ་ལྷུང་ཞིང༌། འཕྲལ་དུ་མེ་ཏོག་གི་འདབ་མ་རྣམས་སྒྲུག་དུས་བྲོ་མ་མྱོང་བའི་དྲི་ཞིམ་ཞིག་འཐུལ།
    ཡར་བལྟས་ཚེ་བྱིས་པ་ཐམས་ཅད་རྩེད་མོ་ལ་རོལ་བའི་སྣང་ཚུལ་མཐོང་བས་རང་དབང་མེད་པར་ཆུང་དུས་ཨ་མས་གུས་པ་ལོ་དྲུག་བདུན་སྐབས་ཡུལ་མི་ཚང་མ་གླིང་ག་གཏོང་དུས་ཕྲུ་གུ་ཆུང་ཆུང་ནང་དུ་རྩེད་མོ་རྩེ་རུ་བཏང་པ་དྲན་བྱུང༌། ང་ཚོས་རྩེད་མོ་རྩེ་བ་དང་མེ་ཏོག་གི་འདབ་མ་སྒྲུག་པ། བྱེའུ་ཆུང་ཆུང་སོགས་ཟིན་ཏེ་འབྲུ་ཟ་རུ་བཅུག་པ་སོགས་རྩེད་མོ་ལ་རོལ་མྱོང༌། དེ་དག་དབྱར་དུས་ཀྱི་དཔལ་ཡོན་ཡིན། དབྱར་དུས་ཀྱི་ཚོར་སྣང་གིས་སྐྱེ་བོ་སུ་ཞིག་གི་ཡིད་ལ་བདེ་བ་དང་བརྗེད་ཐབས་མེད་པའི་ཚོར་ཤུགས་དྭངས་མ་ཞིག་ཡིན། དེའི་ཕྱིར་དབྱར་དུས་ཀྱི་ཚོར་སྣང་ལ་བསྟོད་པའི་གླུ་ཞིག་དབང་མེད་དུ་ཤོར།
མཛེས་ཆས་ཡོངས་སུ་རྫོགས་པའི་དབྱར་དུས་སུ། །ས་ཕྱོགས་གང་སར་མཛེས་པའི་མེ་ཏོག་བཞད། །
སྐྱེ་བོ་ཆེ་ཆུང་ཀུན་གྱིས་གླུ་དབྱངས་གྱེར། །བདེ་སྐྱིད་དཔལ་ཡོན་དར་བའི་དབྱར་དུས་སོ། །
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་ནི་བཀོད་འབྲིའི་ཐབས་རྩལ་གཙོ་བོ་བྱས་པའི་ཐོག། སྐབས་སྐབས་སུ་དོན་བརྗོད་དང་དུང་སེམས་མཚོན་པའི་བར་འཇུག་གི་འབྲི་ཐབས་ཀྱང་སྤྱད་དེ་འབྲི་སྟངས་ཀྱི་ཐབས་རྩལ་ལེགས། འོན་ཀྱང༌། རྩོམ་ཡིག་འདིའི་ཚིག་སྦྱོར་སྙན་ཞིང་བཀོད་འབྲིའི་ཐབས་རྩལ་ལེགས་པོ་ཡོད་ནའང་ཀློག་མཁན་ལ་ཚོར་ཤུགས་ཟབ་མོ་ཞིག་སྟེར་མ་ཐུབ་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། རྩོམ་ཡིག་གི་སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་འཚམས་པོ་མ་བྱུང་བའི་རྐྱེན་མིན་ནམ་སྙམ་ཞིང༌། དེ་བཞིན་ཡིག་ནོར་དང་ཚིག་སྦྱོར་སྐྱོན་ཅན་ཁག་ཅིག་འདུག་པས། ཕྱིས་སུ་གོང་བཀོད་གནད་དོན་ཐོག་ཐུགས་གཟབ་ཀྱིས་འབད་བརྩོན་གནང་བར་ཞུ།

དབྱར་དུས་ཀྱི་ཚོར་སྣང༌།(ཨང་གསུམ་པ)

ཕུན་ཚོགས་རྣམ་རྒྱལ། མ་སུ་རི་བོད་ཁྱིམ་སློབ་གྲྭ།

ལྷ་ལམ་ཡངས་པོར་ཆུ་འཛིན་འཁྲིགས་པའི་དུས། །རི་ལུང་ཡོངས་ལ་སྦྲང་ཆར་ཟིམ་ཟིམ་འབབ། །
ཁོར་ཡུག་ཡོངས་རྫོགས་མཛེས་ཉམས་དོད་པའི་ངང༌། །ཁུ་བྱུག་སྔོན་མོས་གསུང་སྙན་ལྷང་ལྷང་སྒྲོག །
    མུན་པ་ཡི་དགྲ་བོ་ཤར་རིའི་རྩེ་ནས་ཡར་འཕགས་པའི་དུས་དེར་ནམ་རྒྱུན་དང་མི་འདྲ་བའི་འཛུམ་མདངས་ཀྱི་རྣམ་པའི་ངང་འཇིག་རྟེན་ལ་དཔལ་ཡོན་སྦྱིན། ཉམ་ཆུང་ང་མལ་ལས་ལངས་ནས་ཁྲུས་ཆས་སོགས་གང་ཡང་མེད་པར་གཙང་པོའི་འགྲམ་དུ་འགྲོ་བཞིན་པའི་དུས་དེར་ངའི་མིག་ཤེས་ཀྱིས་འཛིན་ཐུབ་པའི་བརྗིད་ཉམས་ལྡན་པའི་རི་བོ་དག་གི་ལུས་ལ་གོས་ལྗང་གྱོན་ནས་སྔར་ལས་ལྷག་པའི་གཟི་བརྗིད་ངོམ་བཞིན་བདག་གི་མདུན་དུ་ལངས་པ་ལྟ་བུ་ཚོར་ལ། དེ་བཞིན་གཡས་ཕྱོགས་དང་གཡོན་ཕྱོགས་ཀྱི་སྤང་ལྗོངས་དག་ནི་མེ་ཏོག་གིས་ཁེངས་ནས་ཕྲན་ལ་འཛུམ་མདངས་ཀྱི་སོ་དཀར་སྟོན་པ་དང་མཚུངས། སྐབས་དེར་མཁའ་དབྱིངས་ནས་ཆུ་འཛིན་ལང་ལོང་དུ་འཁྲིགས་ཤིང༌། མདོག་ནག་ཏུ་གྲུབ་པ་ཞིག་གཡས་སྐོར་དང་གཡོན་སྐོར་བྱེད་བཞིན་རང་དབང་མེད་པར་གློག་དམར་འཁྱུག གནམ་ས་བླ་འོག་བརྗེ་བ་ལྟ་བུའི་སྒྲ་ཆེན་ཞིག་བསྒྲགས་པའི་མོད་ལ། ཡིད་འོང་གི་ཁོར་ཡུག་དེ་ནི་མུན་པས་སྒྲིབ་པ་དང༌། དེ་བཞིན་མུན་པ་ཡི་དགྲ་བོ་གར་སོང་མེད་པར་ཆུ་འཛིན་མདོག་ནག་དེ་དང་བྲལ་ཐུབ་པ་མ་བྱུང་བས་རང་དབང་མེད་པར་ངའི་སེམས་སུ་དངངས་སྐྲག་དང་བཅས་ཚོར་སྣང་སྣ་ཚོགས་སྐྱེས།
    ཀྱི་ཧུད། འཇིག་རྟེན་འདི་ལ་བདེ་བ་དང་སྡུག་བསྔལ་ནི་ཡོད་པ་ཡིན་པ་ཤ་སྟག་རེད་ལ། ང་ལའང་ཡིད་ཆེས་ཡོད།
    བརྗིད་ཉམས་ལྡན་པའི་རི་བོ་དང་མཛེས་སྡུག་ལྡན་པའི་སྤང་ལྗོངས། དེ་བཞིན་བདེ་བ་སྟེར་མཁན་གྱི་རྟ་བདུན་དབང་པོ་ནི། སྐད་ཅིག་ཙམ་གྱིས་ཆུ་འཛིན་མདོག་ནག་ཏུ་གྱུར་པའི་ད་ལྟའི་གནས་སྟངས་འདི་ལ་གཟིགས་དང༌།
    དཀོན་མཆོག་ལགས། ངས་གོ་ཐོས་སུ། ཁྱེད་ལ་ཕྱོགས་ཞེན་གྱི་དྲི་མ་དབེན་ལ། ཁྱེད་ནི་བདེ་བ་སྟེར་མཁན་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལགས། ཕྲན་ཁྱེད་ལ་ཡིད་ཆེས་ཡོད་ལ་འདུན་པའང་ཆེ། ཁྱེད་ཀྱིས་ད་ཐེངས་བདག་ལ་ཕྱག་རོགས་ཡོང་བ་ཞུ།
    མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་དེ་ལ་བརྩེ་ཞིང་དུང་བ་མ་ཟད་རང་དབང་མེད་པར་དེའི་ཕྱོགས་སུ་རྣམ་ཤེས་ནི་ཤོར་ཟིན་པས། ཁྱེད་ཀྱིས་བདག་ལ་མི་སྡུག་པའི་བཟུང་བའི་སྤྲིན་ནག་དེ་སྐད་ཅིག་ཙམ་གྱིས་འཇིག་རྟེན་འདི་དང་ཁ་བྲལ་ཐུབ་པ་གནང་རོགས།
    ངས་ཁྱེད་ལ་རེ་སྐུལ་ཞུ། དཀོན་མཆོག་ལགས། ཁྱེད་ལ་སྙིང་རྗེ་ཡོད་པ་ཡིན་ན། ད་ཐེངས་བདག་གི་རེ་བ་སྒྲུབ་ཐུབ་པ་ཞུ། ཁྱེད་ལ་ཡིད་ཆེས་ཡོད། ཁྲ་ཆུང་མིག་ནས་མིག་ཆུ་ཤོར་ལ་པུས་མོ་གཉིས་ས་རུ་བཙུགས་ཏེ་ལག་གཉིས་ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་བ་འདེབས།
    སྐབས་དེར་བར་སྣང་ནས་གློག་དམར་གྱི་ལག་གཡུག་བྱེད་ཐེངས་རེ་ལ་གཡུ་འབྲུག་སྔོན་མོས་ངར་སྐད་རེ་རེས་གནམ་ས་མགོ་རྟིང་ལོག་མི་ཡོང་ངམ་སྙམ་པའི་དོགས་པ་འཆར། དེ་བཞིན་ཆར་པ་ནི་འཛེམ་བག་སོགས་གང་ཡང་མེད་ལ་མཚམས་ཡང་མེད་པར་གཅིག་རྗེས་གཉིས་མཐུད་ཀྱི་ངང་བབས་ནས་ཕྲན་གྱི་མགོའི་སྐྲ་རྩེ་ནས་རྐང་པའི་མཐིལ་བར་བརླན་བྱུང༌། འོན་ཀྱང༌། ཡིད་འཐད་པ་ཞིག་ལ་དུས་ཡུན་ཐུང་ངུའི་རྗེས་སུ་ཆར་པ་ཟིམ་ཟིམ་བབས་པ་དང༌། ཤར་ལྷོ་གཉིས་ཀྱི་མཚམས་ནས་ནམ་མཁའ་སྔོ་མདོག་ཏུ་གྲུབ་པ་ཟུར་ཙམ་ནས་ཇེ་ཆེ་དང་ཇེ་ཆེར་ཁྱབ་ནས། སྔོན་གྱི་སྤྲིན་པ་ནག་པོ་དེ་ཡང་དལ་བུར་ནུབ་ཀྱི་ཕྱོགས་སུ་ཕེབས་ཟིན། བར་སྣང་དུ་ཡིད་དུ་འོང་བའི་ཆུ་འཛིན་དཀར་པོ་རེ་ཟུང་མཁའ་དབྱིངས་སུ་ལྡིང་དང་ལྷན་དུ། མུན་པའི་དགྲ་བོ་ཡང་སྔར་བཞིན་ལྷ་ལམ་དུ་ཤར་བྱུང་བས་མདུན་ཕྱོགས་ཀྱི་གཙང་པོ་དེ་དང་གཡོན་ཕྱོགས་ཀྱི་རི་བོ་དེ་གཉིས་ཀྱི་བར་དུ་ཚོན་མདོག་འདྲ་མིན་ལས་གྲུབ་པའི་འཇའ་ཚོན་ཤར་བ་དང་དེ་མཚུངས་བརྗིད་ཉམས་ལྡན་པའི་རི་བོ་དག་གིས་མིག་ཕྱེ་ཞིང༌། གཡས་གཡོན་གྱི་སྤང་ལྗོངས་སྔོན་མོས་མེ་ཏོག་གི་རྒྱན་བཏགས་པ་ནི་རྨ་བྱའི་སྒྲོ་གུར་ཕུབ་པ་འདྲ། དེ་འདྲའི་ཡིད་འོང་གི་ཁོར་ཡུག་དེ་སྔར་ལས་ཀྱང་མཛེས་པར་བཀྲ་བས་བདག་དབང་མེད་དུ་དགའ་ལྡན་གྱི་ཡུལ་དུ་སྐྱེ་བ་དང་གཅིག་མཚུངས་སུ་མཆིས།
    ཨེ་མ། ཡུལ་ལྗོངས་ལགས། ཁྱེད་ཀྱི་གཟི་བརྗིད་དང་ཁྱེད་ཀྱི་མཛེས་སྡུག ཅི་འདྲའི་བློ་ཡུལ་ལས་འདས་པ་ཞིག་རེད་ཨང༌། ཁྱེད་ཀྱི་གཟི་བརྗིད་དང་མཛེས་སྡུག་དེས་སྐྱེ་བོའི་ཡིད་ལ་བདེ་བ་སྟེར། གཟིགས་དང༌། མཁའ་དབྱིངས་སུ་ཉི་འོད་ཁྱབ་པ་འདི་ནི། མུན་ནག་ལ་བདེ་བ་སྟེར་མཁན་གྱི་སྒྲོན་མེ་དང་མཚུངས་ལ། ཆུ་འཛིན་དག་དལ་བོས་ངང་བར་སྣང་ནས་གཡས་སྐོར་དང་གཡོན་སྐོར་བྱེད་པ་དེ་ནི་བྱ་རྒོད་ལྟོགས་པ་ཤ་ལ་རྔམ་ནས་བར་སྣང་དུ་འཕུར་བ་ལྟ་བུ་མཛེས།
    ཨེ་མ། དེ་ལས་ལྷག་པ་ནི་ཚོན་མདོག་འདྲ་མིན་ལས་གྲུབ་པའི་འཇའ་ཚོན༌། དེ་ནི་དབྱངས་ཅན་ལྷ་མོ་མི་ཡུལ་དུ་ཕེབས་པ་ལྟ་བུ་ཅི་འདྲའི་མཛེས་པ་ལ། གཡས་གཡོན་གྱི་རི་བོ་འདི་དག་ནི་རྒྱ་སྟག་ངར་མ་མཆོང་ནས་ཡོང་བ་ལྟ་བུ་ཕྱོགས་ཀུན་ལ་བརྗིད་ཉམས་ལྡན། རྒྱབ་མདུན་གྱི་སྤང་ལྗོངས་འདི་དག་གི་ངོས་སུ་མེ་ཏོག་ཤར་བཞིན་གནས་པ་འདི་ནི་རྨ་བྱའི་སྒྲོ་གུར་ཕུབ་ནས་སྒྲོ་མདོངས་ངོམ་པ་འདྲ།
    ཨེ་མ། ཅི་འདྲའི་མཛེས་པ་ལ། གྲགས་ཅན་དགའ་ལྡན་གྱི་ཡུལ་ཡིན་ཡང་འདི་ལས་ལྷག་པ་ཨེ་ཡོད།
    ཀློག་པ་པོ་ལགས། ཁྱེད་ཀྱིས་ཚོར་ཐུབ་པ་གྱིས་དང༌། དེ་འདྲའི་ཡུལ་ལྗོངས་ཤིག དེ་ནི་ནམ་དུས་བཞིའི་ནང་ནས་གང་ཡིན་པ་འདྲ། ངས་ཁྱེད་ལ་བཤད་ཆོག དེ་ནི་ཕྱི་ཟླ་༦ ༧ ༨ པའི་ནང་གི་ཕུན་སུམ་ཚོགས་པའི་དུས་ཚོད། ཁུ་བྱུག་མོན་ཡུལ་ནས་ཕྱིར་ཕེབས་ཏེ་སྐད་སྙན་སྒྲོག་པའི་དུས། ཡུལ་ལྗོངས་དག་གི་གཟབ་སྤྲས་བྱས་ནས་བག་ལ་ཕབ་པའི་དུས་ཚོད། དུས་དེ་ཕྲན་ངས་བརྗོད་མི་དགོས་པར་ཁྱེད་རྣམ་པས་ཀློག་པ་ཙམ་གྱིས་ཚོར་ཐུབ་པའི་རེ་བ་ཆེའོ། །

དལ་འབྱོར་མི་ལུས་ཐོབ་པའི་བསོད་ནམས་ཆེ། །དགེ་བའི་ལས་སུ་ཞུགས་པའི་འདུན་མ་ཆེ། །
རྒྱུད་ལ་བདེ་བ་ཐོབ་པའི་རེ་བ་ཆེ། །དུས་བཞི་དབྱེ་བ་མེད་པའི་སྨོན་ལམ་ཆེ། །
མི་ལུས་བེད་མེད་ཕྱིན་ན་བསོད་ནམས་ཟད། །དགེ་བ་མ་འགྲུབ་ཕྱི་ན་འགྱོད་པ་ཆེ། །
རྒྱུད་ལ་སྡུག་བསྔལ་ཐོབ་ན་ཤེས་མེད་རེད། །དུས་བཞི་དབྱེ་བ་ཡོད་པས་བསོད་ཟད་རེད། །
ཐོབ་དཀའ་མེད་ན་དལ་འབྱོར་རིན་ཐང་མེད། །གནོད་པ་ཚོར་ནས་དགེ་བའི་ལས་སུ་འབད། །
སྡུག་བསྔལ་མི་འདོད་བདེ་བ་ཐོབ་ཐབས་བྱེད། །དུས་བཞི་ཡོད་པས་དབྱར་ཁ་རིན་ཐང་ཆེ། །

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་ཡུལ་ལྗོངས་དང་སེམས་ཁམས་བཀོད་འབྲི་བྱས་པ་ཧ་ཅང་ལེགས། ཚིག་སྦྱོར་སྙན་ཞིང་ཡིད་འཕྲོག་པ། ཁྱད་པར་དོན་བརྗོད་ཀྱི་སྐབས་སུ་འབྲེལ་ཆགས་ཤིང་བྱུང་རིམ་གསལ་བའི་ཐོག དབྱར་དུས་ཀྱི་ཡུལ་ལྗོངས་བཀོད་འབྲི་བྱས་པ་བརྒྱུད་རྩོམ་པ་པོའི་རང་བྱུང་མཛེས་སྡུག་ལ་བློ་ཁ་འཁྱེར་ཕྱོགས་མཚོན་འདུག འོན་ཀྱང༌། བརྗོད་སྙིང་གཏིང་ཟབ་ཅིང་ཡིད་སེམས་འགུགས་པའི་ནུས་པ་དེ་ཙམ་ཐོན་མི་འདུག་ལ། དག་ཆ་དང་བརྗོད་པ་མི་བདེ་བ་ཁག་ཅིག་ཀྱང་འདུག་པས་རྗེས་ཕྱོགས་དེའི་སྟེང་རིག་པ་བསྒྲིམས་ཏེ་འབད་བརྩོན་མུ་མཐུད་གནང་ན་གྲུབ་འབྲས་འབྱུང་བར་ངེས།

མདུན་ཤོག

Menu