[toc]

དབྱར་དུས་ཀྱི་སློབ་གྲྭ།(ཨང་དང་པོ)

 པདྨ་རྒྱ་མཚོ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ།


    ཚང་ཚིང་གཡུ་ལོ་རྣམ་པར་རྒོད་པའི་གྲིབ་བསིལ་ན། བརྒྱ་བྱིན་གྱི་ཕོ་བྲང་ལྟ་བུའི་ཤེས་རིག་གི་ལྡིང་ཁང་ཞིག་མངོན་པ་ནི་བདག་གི་མ་ཡུམ་སློབ་གྲྭ་སྟེ། བོད་ཁྱིམ་གོ་པལ་པུར་ལགས། ཉེ་འགྲམ་གྱི་ཞིང་ཁའི་ནང་དུ་ལོ་ཏོག་གི་སྙེ་མ་ལྡེམ་ལྡེམ་དུ་གཡོ་ཞིང། ལམ་འགྲམ་གྱི་ལྕང་མ་རྣམས་ལྡེམ་མྱུར་གྱིས་གར་ལ་རོལ་བའི་སྐབས་སུ། ཆེས་ཐོག་མའི་སློབ་གྲྭ་འདི་ལ་འཛུལ་ཞུགས་ཀྱི་སྐལ་བ་ཐོབ། སློབ་གྲྭའི་ལྷས་ར་གོང་མ་ན་བཞད་པའི་མེ་ཏོག་ཚོས་མགོ་དགྱེ་ནས་བསུ་བ་དང་གླུ་དབྱངས། བྲོ་གར་གྱི་འཛུམ་མདངས་སོགས་ནི་མཚར་སྡུག་ཡིད་དུ་འོང་བའི་དབྱར་དུས་ཀྱི་སློབ་གྲྭ་འདིའི་གཟི་བརྗིད་མ་ཡིན་ནམ།


    ཉིན་དེར། ཕལ་ཆེར་བདག་གི་འཁྲུལ་སྣང་མིན་ན། ཕྱོགས་བཞི་མཚམས་བརྒྱད་ན་བཞད་པའི་སྣ་མང་མེ་ཏོག་དང་སློབ་གྲྭའི་ཁོར་ཡུག་ན་མཆིས་པའི་རྩི་ཤིང་ཁ་ཤས་ཀྱིས་དབྱར་དུས་ཀྱི་སློབ་གྲྭ་འདིའི་དཔལ་ཡོན་སྤྲོས་བཞིན་པ་དང༌། ལྷག་པར་དུ་ཤུག་པ་དང་ལྕང་མའི་སྡོང་རྩེ་ན་རྩེན་པའི་གསུང་སྙན་བྱེའུ་ཆུང་མང་བོས་ཀྱང་དབྱར་ཁའི་དུས་ཀྱི་སློབ་གྲྭ་འདི་ལ་ཞེན་ཆགས་ཀྱི་དུང་བ་ཟབ་མོ་བཟུང་ཡོད་སྐད།


    སྲིད་པའི་སྒྲོན་མེ་ཕྱོགས་ཀུན་ཁྱབ་པ་དང་སྐར་ཚོགས་མང་པོ་འོད་ཀྱིས་བཏུམས་པའི་ཉིན་མོ་དེར། དབྱར་དུས་ཀྱི་སློབ་གྲྭ་འདི་ལ་བརྩེ་སེམས་ཀྱི་དུང་བ་ཟབ་མོ་རབ་ཏུ་འཕྱོས། མ་འོངས་འབྱུང་འགྱུར་གྱི་གླུ་གཞས་སྙན་པོ་སེམས་ཁོང་ནས་བླངས་ཏེ། དབྱར་དུས་ཀྱིས་བསྐྲུན་པའི་ཤེས་རིག་གི་དོ་ར་འདི་ལ་སྙིང་ཁོང་ནས་སེམས་འདུ་ཡོད་ཚད་བཅོལ་ཞིང༌། རེ་བའི་མིག་ཟུང་གཏད།


    མེ་ཏོག་དང་རྩི་ཤིང་ཡོད་ཚད་སྡུག་གུར་བཞད་པའི་དབྱར་དུས་དེ་རྣ་ལམ་དུ་སྙན་འཇེབས་ལྡན་པའི་སྙན་ངག་གི་གདངས་དབྱངས་སྙན་མོ་ཞིག་དང༌། བརྩེ་སེམས་དང་ཞེ་འདང་སྤྲིན་ལ་བཅོལ་བའི་གླུ་ཆུང་ཞིག་གིས་ཀྱང་དབྱར་དུས་ཀྱི་སློབ་གྲྭ་འདི་ལ་མེད་དུ་མི་རུང་བའི་བརྩེ་སེམས་ཟབ་མོ་ཞིག་སྤྲད་ཡོད་སྐད་ལ། རང་ཉིད་ཀྱང་དབྱར་དུས་ཀྱི་སློབ་གྲྭ་འདིའི་ཡུལ་ལྗོངས་ལ་ལྟད་མོར་འཁྲིད་སོང༌།


    དགུང་གི་ཉི་མ་འཇིག་རྟེན་གཞན་ལ་བཞུད་པའི་སྟ་གོན་ལ་ཉེ། མེ་ཏོག་ཚོས་མགོ་བོ་དུད་དེ་ཉི་མ་ལ་སྐྱེལ་མའི་མྱ་ངན་གྱི་རོལ་དབྱངས་རྡུང་སྟེ་ཕལ་ཆེར་སེམས་ཁོང་གི་རེ་བ་ཡོད་ཚད་དང་རྨི་ལམ་ལ་བཅོལ་བའི་གསང་བ་གང་མང་སྦས་པ་འདྲ་ལ། དབྱར་དུས་ཀྱི་སློབ་གྲྭ་འདི་ལ་ཡང་ཚོར་སྣང་ཞིག་སྤྲད།


    བསིལ་རླུང་འཇམ་པོ་ཞིག་གིས་དབྱར་དུས་ཀྱི་མཛེས་སྡུག་ལ་གཞོགས་འདེགས་ཀྱི་བསམ་ཚུལ་བཏོན་པ་བཞིན་ས་གཞི་གང་སར་ཁྱབ་སྟེ་ང་རང་ཡང་རང་དབང་མེད་པར་གོམ་པའི་འདེགས་འཇོག་བསྒྱུར་དུ་བཅུག་ལ། སློབ་གྲྭའི་ཉེ་འཁོར་ན་ཡོད་པའི་དབྱར་དུས་ཀྱི་སློབ་གྲྭ་འདིའི་གཟི་བརྗིད་སྐྲུན་མཁན་རྣམས་ཀྱང་ཁུ་སིམ་མེར་གནས།


    ཅོང་སྒྲ་ཞིག་གྲགས་པ་དང༌། སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་གྲྭའི་ཁོར་ཡུག་ཀུན་ལ་ཆས་སོང༌། འགའ་ཞིག་ནི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་ཡོང་ནས་གནམ་གཤིས་ཚ་དྲོད་ཀྱི་དགོས་མཁོར་བསྟུན་ནས་ཁྱོད་ཤི་ང་གསོན་གྱི་སྒོ་ནས་རྐང་རྩེད་སྤོ་ལོ་འཕྲོག་རེས་དང་ཕྱོགས་རིས་ཀྱི་དབང་གིས་འཁྲུག་ཆ་དོད་དུ་ཕྱིན་པ་དང༌། གནམ་གཤིས་ཀྱི་དབང་གིས་དོད་ནས་དོད་དུ་ཕྱིན་སོང༌།


    ས་སྲོད་དེར། དབྱར་དུས་ཀྱི་སློབ་གྲྭ་འདིའི་མཛེས་ལྗོངས་དང་རྣམ་པ་ཡོད་ཚད་ལ་ཕྱིར་བལྟས་ཀྱི་མིག་ཟུང་རྡེབ་བཞིན་ཕྱིར་རང་གི་ཁྱིམ་ཚང་དུ་མི་ལོག་ག་མེད་བྱུང༌། མགོ་བོ་མལ་ཁྲིའི་སྟེང་བཞག་པ་དང་སླར་ཡང་དབྱར་དུས་ཀྱི་སློབ་གྲྭ་འདིའི་ཡུལ་ལྗོངས་ལ་འཆམ་ཉུལ་དུ་སོང་བ་ཡིན།
རྩོམ་ཡིག་དཔྱད་མཆན།
    ལྷུག་རྩོམ་གྱི་རྣམ་པར་བྲིས་པའི་རྩོམ་ཡིག་འདིའི་ནང་དོན་འགོད་ཐབས་དང༌། ཚིག་སྦྱོར། སྒྲིག་གཞི་གང་ལ་བལྟས་ཀྱང་ཧ་ཅང་ལེགས་པས། སློབ་འབྲིང་སློབ་མའི་རྩོམ་ཡིག་རྩེ་ཕུད་གྲས་སུ་བགྲང་རིན་ཆོག་པ་ཞིག་འདུག ཡིག་ནོར་འགའ་ཤས་ཐོན་འདུག་པ་རྩོམ་སྒྲིག་པས་བཅོས་ཡོད་པས་རྗེས་ཕྱོགས་དག་ཆར་ཐུགས་གཟབ་ཀྱིས་བྱ་དངོས་ལ་བསམ་གཞིགས་གཏིང་ཇེ་ཟབ་ཏུ་གཏོང་བར་འབད་ན་སྨྱུག་ཐོགས་པ་མིང་དོན་མཚུངས་པ་ཞིག་ཡོང་རེ་འདུག་པས་ཧུར་བརྩོན་གནང་བར་གྱིས།

དབྱར་དུས་ཀྱི་སློབ་གྲྭ།(ཨང་གཉིས་པ)

ཆོས་ཉིད་དོན་འགྲུབ། སུ་ཇ་བོད་ཁྱིམ་སློབ་ཆུང༌།

    ཨེ་མ། དབྱར་དུས་སླེབས་བྱུང༌། དགུང་ཨ་སྔོན་སྔོ་ཞིང་དྭངས་ལ་སྤྲིན་པ་དཀར་པོ་ནི་ཅི་འདྲའི་མཐོ་ཞིང་བརྗིད་ཉམས་ལྡན་པ་ཞིག་རེད། དགུན་དུས་གྲང་ངར་བསགས་པའི་ཁ་བའི་རྡུལ་བརྩེགས་ཀྱང་དབྱར་དུས་དྲོད་འཇམ་གྱིས་བཞུས་སོང་ལ། ངེད་ཅག་མ་ཡུམ་སློབ་གྲྭའི་སྐྱེད་མོས་ཚལ་ཡང་དཔྱིད་དུས་འབུས་པའི་མྱུ་གུ་དང་ཐེའུ་དེ་དབྱར་དུས་སྔོ་ལྗང་གི་རྩྭ་སྔོན་དང་མཛེས་ཤིང་དྲི་བསུང་ལྡན་པའི་མེ་ཏོག་ལ་འགྱུར་སོང༌། དེ་དག་ནི་ཤག་ཤག་ཏུ་འབབ་པའི་དབྱར་དུས་སྦྲང་ཆར་གྱི་བཀའ་དྲིན་ཁོ་ན་ཉིད་ཡིན་པ་སྨོས་ཅི་དགོས། མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་སྣ་ཚོགས་བཞད་པའི་སློབ་གྲྭའི་ར་བའི་ནང་གཡུ་སྦྲང་ཁྱུ་གཅིག་འོད་ཀྲིག་ཀྲིག་གི་གཤོག་ཟུང་རྡེབ་བཞིན་དགའ་བའི་གར་འཁྲབ་པ་དང༌། སྙན་པའི་གླུ་དབྱངས་ལེན་བཞིན་པ་ནི་ཅི་འདྲའི་མཛེས་སྡུག་ལྡན་ཞིང་ཡ་མཚན་པ་ཞིག་རེད་ཨང༌།
    རེད་ཡ། མཛེས་པའི་དབྱར་དུས་ཀྱི་མེ་ཏོག་ནི་ངའི་སློབ་གྲྭ་འདི་ཡི་མཁྱེན་རླབས་འགྲན་ཟླ་བྲལ་ཞིང་བཀའ་དྲིན་བླ་ན་མ་མཆིས་པའི་དགེ་རྒན་རྣམས་རེད་ལ། གཡུ་སྦྲང་ཁྱུ་ཚོགས་གཅིག་ནི་བཅུ་ཕྲག་རིག་པའི་གནས་ལ་འབད་པ་ཆུ་བོ་རྒྱུན་བཞིན་བརྩོན་པའི་འུ་ཅག་སློབ་མ་དག་རེད། མཛེས་ཤིང་ཡིད་ལ་ཝ་ལེར་འཆར་བའི་མེ་ཏོག་དུ་མ་བཞད་པའི་དབྱར་དུས་སློབ་གྲྭའི་ར་བ་ནང་གཡུ་སྦྲང་ཁྱུ་གཅིག་དགའ་བའི་གར་འཁྲབ་པ་དང༌། སྙན་པའི་གླུ་དབྱངས་ལེན་བཞིན་པ་ནི་དྲིན་ཅན་བཤེས་གཉེན་གྱི་ཤེས་ཡོན་བདུད་རྩི་བསྩལ་པའི་བཀའ་དྲིན་འོག་བློ་རིག་དྭངས་ཤིང་གསལ་བའི་སློབ་མ་དག་གི་རྣམ་དཔྱོད་ཀྱི་འོད་སྟོང་མཚོན།
    ཨེ་མ། དབྱར་དུས་ཀྱི་སློབ་གྲྭ་ཡ། སློབ་གྲྭ་ཡི་དབྱར་དུས་ལགས། འཇམ་མཉེན་གྱི་རྐང་འཐུང་རིགས་དབྱར་རླུང་ལྡང་སྐབས་ལང་ཚོ་གཞོན་ནུའི་མཛེས་ཉམས་ངོམ་པ་བཞིན་ཡང་ཡང་གཡུག་གཡུག་བྱེད་བཞིན་གནས་པའི་འོག ཤེས་བརྩོན་སློབ་མ་དག་གིས་ལག་ཏུ་དཔེ་དེབ་བཟུང་སྟེ་གྲང་སིབ་སིབ་ཀྱི་དབྱར་རླུང་དང་ལྗོན་པའི་འོག་བློ་སེམས་བག་ཡངས་ཐོག་ཀློག་བཞིན་འདུག མ་ཟད་དབྱར་དུས་ཀྱི་ཉིན་ཁྱོད་ཡོལ་རྗེས། གནམ་གཤིས་ཅུང་ཙམ་གྲང་ལ། ལུས་རྩལ་ར་བའི་ཁྲོད་སློབ་མ་རང་ཉིད་ཀྱིས་སྒྱུ་རྩལ་ངོམ་བཞིན་སྣ་མང་རྩེད་མོའི་རིགས་ལ་རོལ་བ་ནི་གཞོན་ནུ་དུས་ཀྱི་བདེ་སྐྱིད་ཐོབ་པའི་དུས་ཚིགས་བཟང་པོ་ཞིག་ཡིན།
    དབྱར་དུས་ཀྱི་སློབ་གྲྭའི་དུས་ཚིགས་འདི་ནི་ཅི་འདྲའི་སྤྲོ་ཉམས་ལྡན་པ་ཞིག་རེད་ལགས། ས་ཕྱོགས་གང་དུ་བསྐྱོད་ཀྱང་སྣ་མང་སྲོག་ཆགས་ཀྱིས་སྙན་པའི་གསུང་དབྱངས་སྒྲོག་ཚེ། ངའི་ཡིད་ལ་དགའ་སྤྲོ་རླབས་ཆེན་ཞིག་སྦྱིན་པའི་ཐོག འབུ་སྲིན་གཙོས་སྲོག་ཆགས་དེ་དག་ནི་གྲགས་ཅན་གཞས་པ་ཞིག་དང་གཉིས་སུ་མ་མཆིས་ལ། དེ་དག་ལ་རོལ་ཆ་སོགས་མི་ལྡན་ཡང་ངའི་སེམས་ལ་སྦྱིན་པའི་བདེ་སྐྱིད་ནི་གཞས་པ་གྲགས་ཅན་ཞིག་ལས་ལྷག ད་དུང་ངས་ཡང་ནས་ཡང་དུ་ཉན་ཞིང་གཞས་ཚིག་ལ་བསམ་གཞིགས་བྱེད་ཐེངས་རེར་ཧ་ཅང་གོ་རྒྱུ་ཡང་ལྡན། དེར་བརྟེན། བསམ་མེད་སྲོག་ཆགས་དེ་དག་གི་ངེད་ཅག་ལ་བདེ་བ་འདི་འདྲ་ཞིག་སྦྱིན་ཞིང་སྒྱུ་རྩལ་ཡ་མཚན་ཞིག་སྟོན་དུས། ང་ཚོ་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ཕྱིར་གཞན་ཕན་བྱེད་ན་ནུས་པ་ཆ་ཚང་ཞིག་ཡོད་པ། ནམ་ཞིག་སྙིང་སྟོབས་དང་ཡིད་ཆེས་གསལ་པོ་འབྱུང་ཐུབ།
    དབྱར་དུས་ཀྱི་སློབ་གྲྭ་ལགས། ཁྱེད་ནི་ནམ་ཡང་སྔོ་ལྗང་ཁྲོད་ན་གནས་ཤིང༌། དགེ་མཚན་ནི་བརྗོད་ཀྱིས་མི་ལང་པ་ཞིག་འདུག་ལགས། དབྱར་ཆུ་ནི་མངར་ཞིང་དྲི་ཞིམ་ལ། དབྱར་སྐྱེས་མེ་ཏོག་ནི་མིག་ལམ་དུ་ཤིན་ཏུ་མཛེས། ད་དུང་དབྱར་དུས་ཀྱི་དཔལ་ཡོན་ནི་རབ་ཏུ་ཕྱུག་ཅིང་མི་ཕྱུགས་ཡོང་ལ་འབྲས་བཟང་ཞིག་སྦྱིན།
    དེར་བརྟེན། དབྱར་དུས་ཀྱི་སློབ་གྲྭ་ཡ། སློབ་གྲྭ་ཡི་དབྱར་དུས་ལགས། ང་ནི་ཁྱེད་ལ་དགའ་ཞིང་དུང་ལ། སྙན་ངག་གི་སྨྱུག་རྩེ་ཡང་ཁྱེད་ཀྱི་ཕྱོགས་སུ་གཏད།
རྩོམ་ཡིག་དཔྱད་མཆན།
    དུང་སེམས་མཚོན་པའི་ཐབས་རྩལ་གྱིས་བྲིས་པའི་རྩོམ་ཡིག་འདིའི་ཚིག་སྦྱོར་སྙན་ཞིང་དུམ་ཚན་དང་སྒྲིག་གཞི་བཀོད་སྟངས་ལེགས། རྒྱུ་ཆ་འདེམས་བཀོད་ཀྱི་ཚུལ་ཡང་འོས་འཚམ་འདུག ཡིན་ནའང༌། དག་ཆ་དང་ཚིག་སྦྱོར་འགའ་ཞིག་དོན་ལ་དེ་ཙམ་མི་འབྱོར་བའང་འདུག་སྟབས། དེའི་ཐོག་ཐུགས་སྣང་ཡོང་བར་ཞུ།

དབྱར་དུས་ཀྱི་སློབ་གྲྭ།(ཨང་གསུམ་པ)

བསོད་ནམས་ཆོས་སྒྲོན། བྷེལ་ཀོབ་བོད་ཁྱིམ་སློབ་ཆུང༌།

    སྤྱིར་འཛམ་གླིང་འདིར་ཡུལ་ལུང་ཕལ་མོ་ཆེར་ནམ་དུས་མི་འདྲ་བ་ཡོད་པ་དང༌། རང་རེའི་ཕ་ཡུལ་ཁ་བའི་གངས་ལྗོངས་ལ་ཡང་ནམ་དུས་བཞི་ཡོད། ནམ་དུས་རེ་རེར་རང་རང་གི་ཁྱད་ཆོས་རེ་ཡོད་མོད། འོན་ཀྱང་བསོད་སྐལ་ཆུང་བའི་བུ་མོ་ངའི་རང་ཡུལ་རྒྱ་དམར་གྱིས་བཙན་འཕྲོག་བྱས་སྟབས་ད་བར་མི་ཡུལ་དུ་གྱར་དགོས་བྱུང་བར་བརྟེན། རང་ཡུལ་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཉུང༌། ཡིན་ཡང་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེའིཐུགས་རྗེའི་བྱིན་རླབས་ལ་བརྟེན་ནས་ཕྱི་ལོ་༢༠༠༤ ལོའི་ཟླ་༨ པའི་ཚེས་༢༤ ཉིན་གུས་མོ་མཛེས་སྡུག་ལྡན་པའི་བྷེལ་ཀོབ་བོད་ཁྱིམ་སློབ་གྲྭར་འོས་འབྱོར་གནང་བྱུང༌།
    དེ་ཡང་དགའ་འོས་པ་ཞིག་ལ་གུས་མོ་སློབ་གྲྭའི་ནང་འཛུལ་མ་ཐག་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཡུལ་ལྗོངས་འདི་མཐོང་སྐབས་རང་ཉིད་ལྡུམ་ར་ཞིག་གི་ནང་དུ་སླེབས་ཡོད་པའི་ཚོར་སྣང་བྱུང༌། ངེད་ཚོའི་སློབ་གྲྭའི་དབྱར་གྱི་མཛེས་སྡུག་དེ་ཧ་ཅང་ཡིད་དུ་འོང་བ་ཞིག་ཡོད་ལ། ཞོགས་པ་རྟ་བདུན་དབང་པོའི་འོད་ཟེར་ཤར་ཕྱོགས་ནས་འཕྲོ་དུས་བྱ་བྱེའུ་རྣམས་ཀྱིས་གསུང་སྙན་སྒྲོག་ཅིང༌། ཡིད་དུ་འོང་བའི་ཤིང་སྣ་དང་མེ་ཏོག་རྣམས་ཀྱིས་འཛུམ་མདངས་སྟོན། གང་སར་བལྟས་ཀྱང་ལྗང་ཐིང་ངེར་གནས། ནམ་མཁའ་སྔོ་ཞིང་དྭངས་ལ་བྱ་བྱེའུ་རྣམས་ཀྱིས་ཕན་ཚུན་འགྲན་པ་ལྟར་རང་རང་གི་གསུང་སྙན་སྒྲོག་སྟེ་ཤིང་སྡོང་འདྲ་མིན་གྱི་སྟེང་དུ་འཕུར་བཞིན་རང་དབང་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ལྟར་མངོན།
    ངེད་ཚོའི་སློབ་གྲྭ་འདི་རྒྱ་གར་ལྷོ་ཕྱོགས་སུ་གནས་ཡོད་སྟབས་དབྱར་དུས་ཚ་བ་ཅུང་ཆེ་ཙམ་ཡོད་ཀྱང་ང་སློབ་གྲྭའི་ཁོར་ཡུག་འདི་དང་གོམས་འདྲིས་བྱ་རྒྱུ་དགའ་སྣང་ཆེ། དབྱར་དུས་སུ་ཞོགས་པའི་ཉི་གཞོན་ཤར་ནས་འཕྲོ་སྐབས་བུང་བ་རྣམས་ཀྱང་རང་རང་གི་ལས་ལ་བརྩོན་ཞིང་གླུ་དབྱངས་ལེན་པ་ལྟར་སྣང༌། མཚམས་རེར་རྟ་བདུན་དབང་པོའི་ཚ་ཟེར་ལས་སློབ་ཕྲུག་རྣམས་བཟོད་མི་ཐུབ་པར་ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་ཚ་ཟེར་ལ་ཡོལ་ཐབས་བྱེད་བཞིན་འདུག སློབ་གྲྭའི་ནང་དགེ་རྒན་དང་སློབ་ཕྲུག་ཡོངས་རྫོགས་རང་རང་གི་ལས་ལ་བརྩོན་ཞིང༌། སློབ་ཁང་ནང་གུས་ཤིང་བརྩེ་བའི་དགེ་བའི་བཤེས་གཉེན་རྣམ་པས་སློབ་མ་རྣམས་ལ་ཤེས་བྱ་རིག་པའི་གནས་མཐའ་དག་ལ་འགྲེལ་བ་བསྐྱོན་བཞིན་འཕོ་འགྱུར་ཆེ་བའི་དེང་རབས་འཕྲུལ་ཆས་ཀྱི་འཛམ་གླིང་འདིའི་སྐོར་བརྗོད་པ་སོགས་དོ་སྣང་ཆེ་བའི་སློབ་མ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་བཤེས་གཉེན་གྱིས་གང་གསུངས་པ་རྣམས་ཡིད་སེམས་སུ་བཅངས། འོན་ཀྱང་ལ་ལ་ནི་ཉི་འོད་ཀྱི་ཚ་ཟེར་ལ་མ་བཟོད་པར་འཛིན་ཁང་ནང་དུ་གཏི་མུག་གིས་དབང་དུ་སོང་མཚམས་རེར། ནམ་མཁར་སྤྲིན་ནག་འཁྲིགས་ཤིང་འབྲུག་སྒྲ་སྒྲོག་ལ་དྲག་ཆར་ཆེན་པོ་འབབ་ཀྱི་ཡོད་པ་ནི་དབྱར་ཁའི་གནམ་གཤིས་ཀྱི་འགྱུར་ལྡོག་ཅིག་ཏུ་ངོས་འཛིན་བྱེད།
    སྐབས་འགར་ཆར་པ་སིམ་སིམ་གཏོང་སྐབས་ཕྲུ་གུ་རྣམས་ཕྱི་རུ་འགྲོ་རྒྱུར་དགའ་ཞིང་རྩེད་འཇོར་རོལ་བ་ནི་ཕྲུ་གུའི་གཤིས་རྒྱུད་ཡིན་པར་མངོན། དགུང་ཨ་སྔོན་ནམ་མཁར་སྤྲིན་དཀར་སྤུ་ཙམ་མེད་པའི་དབྱར་གཞུང་འདིར་མི་རྣམས་ཚ་བས་མ་བཟོད་པར་སྐད་ངན་ཤོར་བཞིན་རླུང་གཡབ་ལ་མི་བརྟེན་ཀ་མེད་ཐུག་གི་ཡོད། ལ་ལས་ཆར་པ་བབས་ན་བསམ་པའི་རེ་བའང་འགྲུབ་བཞིན་མཆིས། ནམ་རྒྱུན་རྩེད་ཐང་དུ་རྩེད་མོ་རྩེ་བར་འགྲོ་རྒྱུར་དགའ་བའི་ཕྲུ་གུ་རྣམས་ཀྱང་རང་ཁྱིམ་དུ་སྡོད་པ་སོགས་དབྱར་གྱི་ཚ་སྡུག་ལ་བཟོད་བསྲན་མ་ཐུབ་པ་འདྲ།
    ངེད་ཚོའི་སློབ་གྲྭ་འདིར་དབྱར་དུས་སུ་ཧ་ཅང་སྐྱིད་སྣང་དོད་པོ་ཡོད་ལ་གང་སར་བལྟས་ཀྱང་དྲི་ངད་ལྡན་པའི་མེ་ཏོག་དང་ཤིང་སྡོང་འདྲ་མིན་གྱིས་ཁེངས་ཤིང༌། བསིལ་དྲོད་ལྡན་པས་ཡུལ་ལུང་གཞན་དང་འདྲ་བར་ཆར་ཆུ་མང་དྲགས་ཏེ་ཆུ་ལོག་བྱུང་བ་སོགས་ཀྱིས་རང་བྱུང་གནོད་འཚེ་གང་ཡང་མེད་ལ་དབྱར་དུས་སུ་ཚ་བ་ཆེ་ཙམ་ཡོད་སྟབས་ཕྲུ་གུ་རྣམས་ཆུ་རྩེད་རྩེ་རྒྱུར་ཤིན་ཏུ་དགའ་པོ་ཡོད་པ་བཞིན་ཆུ་རྩེད་རྩེ་སྐབས་ཕྲུ་གུ་ཚང་མའི་བཞིན་རས་སུ་འཛུམ་མདངས་ཀྱིས་ཁེངས་པ་བཅས་ཡོད་ལ། གུས་མོ་ཡང་ནམ་དུས་འདིར་དགའ་པོ་ཡོད། འོན་ཀྱང༌། ཕྲུ་གུ་མང་ཆེ་བའི་བསམ་པའི་ནང་ནམ་དུས་དེ་སྐྱིད་སྣང་དོད་པོ་ཞིག་མི་མངོན། རྒྱུ་མཚན་ནི། ཚ་བ་ཅུང་ཆེ་བ་དང་རང་ཉིད་ཉོབ་ཏོ་ཆགས་སྟབས་ཡིན། དབྱར་དུས་ཀྱི་ང་ཚོའི་སློབ་གྲྭ་ནི་ཧ་ཅང་ལྷིང་འཇགས་དང་བབ་ལྷིང་ཞིག་ཡིན་པ་སྨྲ་མི་དགོས།
རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ནང་ཁོར་ཡུག་བཀོད་འབྲིའི་ཐབས་ལམ་སྤྱད་དེ་དབྱར་དུས་ཀྱི་སློབ་གྲྭའི་གནས་སྟངས་དང་དེ་ལས་བྱུང་བའི་རྩོམ་པ་པོའི་མྱོར་ཚོར་བྲིས་ཡོད་ལ། ཚིག་སྦྱོར་འབྲེལ་ཆགས་ཤིང་གོ་བདེ་བ། ཚིག་རྒྱན་མང་དུ་སྤྱད་འདུག འོན་ཀྱང་རྩོམ་ཡིག་གི་བརྗོད་དོན་གཙོ་བོ་གསོན་ཉམས་ལྡན་ཞིང་དོན་སྙིང་ལྡན་པའི་ནུས་པ་དེ་ཙམ་ཐོན་མི་འདུག་ཐོག ཡི་གེའི་དག་ཆ་སྤྱི་དང་ཁྱད་པར་བྱ་ཚིག་རྒྱག་སྟངས་ཐད་ཞན་ཆ་མངོན་གསལ་འདུག་པས། རྗེས་སོར་དེའི་ཕྱོགས་ལ་སྣང་འཇོག་གིས་སེམས་ཀྱི་ཚོར་བ་དངོས་གཅིག་བསྡུས་ཀྱིས་མཚོན་པའི་ཐབས་ལམ་སྤྱད་དེ་རྩོམ་འབྲིའི་སྦྱོང་བརྡར་མང་ཙམ་གནང་ན་ཡར་རྒྱས་མངོན་གསལ་ཡོང་བར་སྙམ།

མདུན་ཤོག

Menu