[toc]

ངའི་མདུན་གྱི་ལམ་བུ།(ཨང་དང་པོ)

རྡོ་རྗེ་དབང་འདུས། དྷ་སྟེང་བོད་ཁྱིམ་སློབ་གྲྭ།

གཤེགས་པའི་ལམ་བུ་ཀྱག་ཀྱོག་རི་ལམ་འདྲ། །ད་ལྟའི་ལམ་བུ་ཉག་ཕྲའི་འཕྲང་ལམ་བཞིན། །
མ་འོངས་ལམ་བུ་འོད་ཟེར་དཔལ་ལྡན་མིན། །ད་ལྟའི་ཉག་ཕྲའི་ལམ་བུར་གཟིགས་པས་ཆོག །   

    ངའི་མདུན་གྱི་ལམ་བུ་ནི་འདམ་རྫབ་ཀྱི་ཁེངས་པའི་སྲང་ལམ་ཆུང་ཆུང་ཞིག་དང༌། ཡང་ན་གུ་ཡངས་ཤིང་རྒྱ་ཆེ་བའི་སྣུམ་ནག་གི་གཞུང་ལམ་གང་གི་སྟེང་ཡིན་མིན་ད་ལྟ་ངས་ཀྱང་ཞུ་བར་དཀའ། འོན་ཀྱང༌། བདག་གི་བགྲང་བྱ་ཧྲིལ་པོ་བརྒྱད་ཙམ་ཞིག་ཨརྱ་ཞིང་ཁམས་སུ་ྋགོང་ས་ལྷ་མིའི་རྣམ་འདྲེན་ཐམས་ཅད་མཁྱེན་པ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་དགོངས་དང༌། དམ་པ་གང་གི་མཛུབ་ཁྲིད་འོག་གནའ་དེང་ཤེས་ཡོན་གྱི་དོ་ར་ཆེན་མོ་དཔལ་ལྡན་བོད་ཁྱིམ་ཆེན་པོའི་ནང་རིག་གནས་གང་འཚམ་ཞིག་ལ་རང་འདོད་ཀྱིས་སྦྱང་བརྩོན་དབྱར་གྱི་དལ་འགྲོ་མ་ཇི་བཞིན་ཞུས་པའི་འབྲས་བུར། ཕྲན་གྱི་རེ་བར་མདུན་གྱི་ངའི་མི་ཚེའི་ལམ་བུ་ནི་སྣུམ་ནག་གི་གཞུང་ལམ་ཆེན་མོ་ཞིག་ཡིན་པར་འདོད།
    འདས་པའི་ངའི་མི་ཚེའི་འཕྲང་ལམ་ལ་གུས་པས་ཕྱིར་བལྟས་ཤིག་སློག་ཚེ། ང་ནི་སྐབས་འགར་དབྱར་ཁའི་འདམ་རྫབ་ཀྱི་ལམ་ཀྱག་ཀྱོག་འདིའི་ཐོག་བསྒྱེལ་མྱོང་ཡང༌། ངས་དཔའ་ངར་ཞུམ་མེད་ཀྱིས་ཡར་ལངས་ནས་མུ་མཐུད་དུ་མདུན་བསྐྱོད་བྱས། རེ་འགར་ཁོ་བོ་ནི་ལམ་ཟུར་དུ་རང་བཞིན་ངང་སྐྱེས་པའི་ནེའུ་གསིང་གཡུ་རའི་ངོས་ཀྱི་རྒྱ་སེ་མེ་ཏོག་དང༌། ཐག་འཁྱུད་མེ་ཏོག འབྲུག་མེ་ཏོག་སོགས་ལ་སེམས་ཆགས་པ་ནས་ཁོ་བོའི་འགྲུལ་བཞུད་ཀྱི་ལམ་བུར་བར་ཆད་ཀྱང་ཤོར་ཡོད། ཡིན་ནའང༌། ཁོ་བོ་དུས་ནམ་ཡང་འོད་ཟེར་སྟོང་ལྡན་གྱི་རྟ་བདུན་དབང་པོས་ཤེས་རབ་ཀྱི་ལམ་ཁ་དེ་གསལ། ད་དུང་ལམ་ཁྲིད་པ་དག་ནས་ཁོ་བོར་ལེགས་ཉེས་བླང་དོར་གྱི་བཀའ་སློབ་རྒྱུན་ཆད་མེད་པ་གནང་མཐར་ཁོ་བོས་མདུན་དུ་བསུ་བ་བྱེད་བཞིན་པ་ནི་འོད་ཟེར་སྟོང་ལྡན་གྱི་དྲོད་སྐྱིད་ཀྱི་ལམ་བུ་ཞིག་ཡིན་པ་ལས་འདམ་རྫབ་ཀྱི་ཁེངས་པའི་སྲང་ལམ་ཆུང་ཆུང་ཞིག་མིན་པའི་རེ་བ་བྱེད་བཞིན་བསྐྱོད།
    ཁོ་བོས་འོད་སྟོང་འབར་བའི་མི་ཚེའི་མདུན་ལམ་འདི་འཚོལ་བྱེད་དྲོད་སྐྱིད་ལྡན་པའི་ཁོ་བོའི་ཁྱིམ་ཚང་ཆུང་ཆུང་དེ་ཡང་བསྐྱུར་ནས། རེ་ཞིག་རང་ཉིད་གཅིག་པུར་འཕགས་པའི་ཡུལ་ལ་སྐྱབས་བཅོལ་དུ་ཡོང་བའི་ཉིན་དེ་ནས་ཁོ་བོས་ཁོ་བོ་ཡི་མི་ཚེ་མདུན་ལམ་ལ་མནོ་བསམ་གཏོང་འགོ་ཚུགས། མགོན་བླ་མ་བཟང་པོའི་ཐུགས་རྒྱུད་ཀྱི་བྱིན་རླབས་རྣམ་པར་དག་པའི་མཐུ་ནུས་ཀྱིས་ལོང་བར་མིག་དང༌། ལྐུགས་པར་ལྕེ་ལྟ་བུའི་ཤེས་རབ་མུན་སེལ་གྱི་སྒྲོན་མེ། དཀར་ནག་ལེགས་ཉེས་ཀྱི་བཀའ་སློབ་ཟབ་མོ་སྙིང་དབུས་སུ་རི་མོ་བཀོད་པ་ལྟར་བཅངས་ནས། “བྱ་དེ་གདང་ལ་འཛེགས་པའི་ཚུལ་”ལ་དཔེ་བལྟས་པ་ཇི་བཞིན་ཡ་རབས་བཟང་སྤྱོད་དང་འབྲེལ་བའི་གོམས་གཤིས་འཕེལ་རྒྱས་དང་འབད་འབུངས་ཞུས། རང་མི་རིགས་ཀྱི་རླབས་ཆེ་ཞིང་ལོ་རྒྱུས་ཕུན་སུམ་ཚོགས་པའི་རིག་གཞུང་དང༌། “བཞག་ན་ཞབས་ར་དང་བཏེགས་ན་ལུང་དང་བཅས་པའི་”བློན་པོས་ཐུགས་རྗེ་ཆེན་པོས་ལྗགས་རྩོམ་གནང་བའི་རང་མི་རིགས་ཀྱི་བརྡ་སྤྲོད་གཞུང་ལུགས། བླ་ཆེན་མཁས་པ་དུ་མ་དང་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དུ་མའི་དྲིན་ལས་བྱུང་བའི་བོད་དར་ནང་བསྟན་ལ་སོགས་པ་དེང་སྐབས་འཛམ་གླིང་འདིར་ངོམ་ཆོག་པའི་རང་མི་རིགས་ཀྱི་ཁྱད་ནོར་དག་ལ་དོ་སྣང་དང༌། མིང་ཙམ་གྱི་བོད་མི་མིན་པར་ཁ་ཡོད་ལག་ཡོད་ཀྱིས་འབད་འབུངས་དང༌། བློ་གྲོས་ཅན་དང་སྙིང་སྟོབས་དཔའ་ངར་ཞུམ་མེད་ཀྱིས་རང་རེའི་མེས་པོ་དམ་པ་ཚོའི་ཚ་བོ་ཞིག་ཡོང་རྒྱུར་འབད་པའི་ངང་མདུན་བསྐྱོད་བྱེད།
    ཕ་མ་བཟང་པོའི་བསླབ་བྱ་རིན་ཆེན་གསེར་ལས་ལྷག་པ་འདི་ལ་ཡང་ངས་རྒྱབ་འགལ་དུ་མི་གཏོང་བར་ངའི་མདུན་གྱི་མི་ཚེའི་ལམ་བུ་འདེད་འདོད། དྲིན་ཆེན་ཕ་མས་བདག་ལ་ངའི་མི་ཚེའི་ལམ་བུ་འདིའི་ཐོག་འགྲུལ་བཞུད་བྱེད་སྐབས་དཀའ་སྡུག་སྣ་ཚོགས་ཤིག་ཡོང་རྒྱུ་ཡིན་པ་ནི་སྨོས་མེད་རེད་ལ། དེ་ནི་འཇིག་རྟེན་ཁམས་ཆེན་པོའི་ཆོས་ཉིད་ཅིག་ཀྱང་ཡིན། འོན་ཀྱང་ཁྱོད་ཀྱིས་མནོ་བསམ་ལེགས་པར་བཏང་ཚེ་”སྤྲང་པོ་མེད་ན་སྦྱིན་པ་སུ་ལ་གཏོང༌། དགྲ་བོ་མེད་ན་བཟོད་པ་སུ་སྒོམ་”ལྟ་བུ་རེད། དེར་བརྟེན། དཀའ་སྡུག་དེ་དག་ནི་རང་ཉིད་ཀྱི་བློ་གྲོས་དང་སྙིང་སྟོབས་འཕེལ་བར་བྱེད་མི་དང༌། སྦྱོང་བརྡར་སྤྲོད་མཁན་གྱི་སློབ་དཔོན་མཆོག་གྱུར་ཞིག་ཡིན། དེ་བས་ན་མིའི་མི་ཚེའི་ལམ་བུའི་ཐོག་མངར་གསུམ་སྐྱུར་གསུམ་གྱི་རོ་སྣ་ཚོགས་ཤིག་མྱོང་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་མངོན། ཞེས་པའི་ས་གསུམ་ཀུན་ན་མཆོག་ཏུ་གྱུར་བའི་དྲིན་ཆེན་ཕ་མ་རྣམ་གཉིས་ཀྱི་བསླབ་བྱ་རིང་མོ་དེ་ཡང་སྙིང་དབུས་སུ་བཅངས་པའི་ཐོག འགྲུལ་བཞུད་བྱེད་བཞིན་ངའི་མདུན་གྱི་ལམ་བུ་འདི་སྔར་བས་འོད་ཟེར་ལྡན་པ་ཞིག་བསྐྲུན་རྒྱུའི་དམ་བཅའ་ཡང་སྙིང་ཁོང་ན་མཆིས།
    ངའི་མདུན་གྱི་ལམ་བུ་འདི་བཞིན་གུ་ཡངས་པར་སྐྲུན་མཁན་ལམ་བཟོ་བ་གཙོ་བོ་ནི་དགེ་བའི་བཤེས་གཉེན་དག་ཡིན་ཞིང༌། དེ་དག་གི་དཀའ་སྡུག་དུ་མ་ཕྲག་ཏུ་ཁུར་བའི་མཛད་པ་ལ་བརྟེན་ནས་ངའི་མདུན་གྱི་ལམ་ཁ་བདེ་རུ་བསྐྲུན། དེ་དག་གི་གསུང་གི་བཀའ་སློབ་དག་ཀྱང་ལེགས་པར་མཐོང་ནས་སྒྲུབ་ནུས་པར་བྱ་རྒྱུ་དེའང་གལ་གནད་ཅན་ཞིག་ཏུ་མངོན།
    འོན་ཀྱང༌། ངའི་མདུན་གྱི་ལམ་བུ་འདི་བདེ་ལ་ཤར་བསྐྱོད་ཆོག་པའི་གུ་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་ཡིན་ཡང༌། རང་ཉིད་ཀྱི་ཕུགས་བསམ་འཚོལ་བྱེད་ཀྱི་ལམ་བུ་ཞིག་ཡིན་མིན་གང་ཟག་སྒེར་རང་ཉིད་ཀྱིས་ལྟ་རྟོག་དཔྱོད་གསུམ་དང་འབྲེལ་བའི་བྱེད་སྒོ་དག་ལ་བརྟེན་ཡོད། དེ་ཡང་”བདག་ཉིད་བདག་གི་མགོན་ཡིན་ལ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ཉེས་པ་བྱེད་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །”ཞེས་པ་ལྟར། མདུན་གྱི་ལམ་ཆུང་འདི་ཕྱོགས་བཅུར་འཕེལ་ནས་རང་ཉིད་གཅིག་པུ་ལམ་ཆུང་འདིའི་ཐོག་ལ་མནོ་བསམ་ཀྱི་དྲ་བར་ཚུད་ནས་ལྷུང་ཡང་སྲིད།
    ཆུང་དུས་ཁོ་བོ་ཧི་མ་ལ་ཡའི་རྒྱབ་ཏུ་གནས་པའི་རང་རེའི་བོད་ཡུལ་ཁ་བ་གངས་ཅན་པའི་གནས་མཆོག་ལྷ་ལྡན་ཞིང་ཁམས་ནས་ྋརྒྱལ་བ་ཡིད་བཞིན་ནོར་བུའི་ཞལ་མཇལ་དང་བཀའ་སློབ་བདུད་རྩིའི་སྙིང་པོ་ཐོབ་ཆེད་དང༌། རང་མི་རིགས་ཀྱི་དངོས་བྱུང་རྒྱལ་རབས་ལོ་རྒྱུས་དག་ལ་ཐོས་བསམ་དང་གནའ་དེང་ཤེས་ཡོན་གྱི་བགོ་སྐལ་བཟང་པོ་འཚོལ་ཆེད་གྲོགས་བཀྲ་ཤིས་དང་ལྷན་དུ་རི་བོ་ཧི་མ་ལ་ཡ་བརྒྱུད་བཀྲེས་ལྟོགས་སྐོམ་གསུམ་གྱི་གདུང་བ་དྲག་པོས་མནར་བཞིན་བྲོས་བྱོལ་དུ་ཡོང་བའི་ཚེ། ཉིན་ཞག་དུ་མའི་རིང་གཙང་ཆུ་མང་པོ་བརྒལ་དགོས་བྱུང་ཞིང༌། ལུས་པོའི་རྐང་ལག་ཐམས་ཅད་དགུན་ལྷགས་ཀྱི་གྲང་བས་ཕྱིད། གཙང་ཆུ་གྲང་མོའི་ནང་ལ་ངའི་རྐང་ལག་རེངས་པའི་ཚོར་བ་དེ་ད་དུང་ངའི་བློ་ཡིས་འཆར་སྣང་དུ་འཁོར་དུས་མིག་མཐར་མཆི་མས་ཁེངས། ཁོ་བོ་དང་ལྷན་དུ་ཆུང་དུས་ནས་འཚར་ལོངས་བྱུང་བའི་གྲོགས་བཀྲ་ཤིས་ཀྱང་གཙང་ཆུས་ཁྱེར་ནས་འཕགས་པའི་ཡུལ་དུ་འགྲུལ་བཞུད་ཀྱི་སྐལ་བ་རྫོགས།
    རྒྱུ་མཚན་དེ་ལ་བརྟེན་ངས་རང་ཉིད་ཀྱི་གྲོགས་དྲན་གསོ་ཙམ་མ་ཟད། གདོང་དམར་རྩམ་གཟན་དུ་མའི་འདྲེན་བྱེད་ཀྱི་མདུན་ན་མཆིས་པའི་ལམ་བུ་དེ་སྔར་བས་བདེ་རུ་བསྐྲུན་ཆེད་ཟམ་པ་བསྐྲུན་རྒྱུའི་ཕུགས་བསམ་དེས་རང་རིགས་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་ནས་གངས་ཅན་ལྗོངས་ཀྱི་གཙང་ཆུ་མཐའ་དག་ལ་ཟམ་པ་བསྐྲུན་ནས་ཁ་བ་ཅན་པ་རྣམས་ཀྱི་ཕུགས་བསམ་སྒྲུབ་རྒྱུར་ལེགས་སྐྱེས་ཏིལ་འབྲུ་ཙམ་ཞིག་འབུལ་བར་འདོད།

དཀའ་སྤྱད་འཁུར་དུ་བླངས་པའི་མདུན་ལམ་འདི། །གངས་ཅན་སྐྱེས་བུ་དག་གི་དྲིན་ལས་བྱུང༌། །
གངས་ཅན་པ་ཡི་དྲིན་དེ་ཡིད་བསམས་ནས། །གངས་ཅན་ལྗོངས་སུ་ཕན་པ་འགྲུབ་པར་སྨོན། །

རྩོམ་ཡིག་དཔྱད་མཆན།
    བགྲོ་གླེང་དང་དུང་སེམས་མཚོན་པའི་ཐབས་རྩལ་སྤྱད་དེ་བྲིས་པའི་རྩོམ་ཡིག་འདིར་བརྗོད་གཞི་གཙོ་བོ་རང་ཉིད་ཀྱི་མི་ཚེའི་མདུན་ལམ་ལ་སྦྱར་ནས་བཀོད་འདུག་ཅིང༌། རྩོམ་རྒྱུ་བདམས་སྟངས་དང་བར་འཇུག་གི་ཐབས་རྩལ་སྤྱད་ནས་འབྲི་ཚུལ་ལེགས་པར་མངོན། རྩོམ་ཡིག་གི་ཚིག་སྦྱོར་སྤྱི་ནས་ལེགས་ཀྱང་སྐབས་འགར་མ་འབྱོར་དང་ཡིག་ནོར་ཉུང་ཙམ་ཐོན་ཞིང༌། གཏམ་དཔེ་དང་ལུང་ཚིག་དྲངས་པ་འགའང་སྒྲུབ་བྱེད་ཀྱི་ནུས་པ་དེ་ཙམ་ཐོན་མི་འདུག་ལ། ལྷག་པར་རྩོམ་ཡིག་གི་ནང་དོན་སྒྲིག་རིམ་ཐད་ད་དུང་ལེགས་བཅོས་གང་ཙམ་གཏོང་རྒྱུ་འདུག་པ་བཅས་རྗེས་སུ་འདིའི་ཕྱོགས་སུ་ནན་ཏན་གྱིས་འབད་ན་གསར་རྩོམ་གྱི་མདུན་ལམ་ཡངས་པར་སྙམ།

ངའི་མདུན་གྱི་ལམ་བུ།(ཨང་གཉིས་པ)

བྱམས་པ་བཀྲ་ཤིས། སྦེལ་ཀོབ་དབུས་ཉིན་སློབ།

སྒྲིབ་བྲལ་ཟག་པ་མེད་པའི་ཡེ་ཤེས་སྐུ། །གདོད་ནས་མངོན་དུ་གྱུར་ཡང་འགྲོ་བའི་ཕྱིར། །
ཡང་ཡང་སྲིད་པར་བྱོན་མཛད་གངས་ཅན་མགོན། །དེང་འདིར་སྤྱི་བོའི་གཙུག་གིས་ལན་བརྒྱར་མཆོད། །   

    ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས། དེ་རིང་གླེང་བར་བྱ་བ་ནི་རང་ཉིད་ཀྱི་མདུན་ལམ་སྐོར་ཡིན། སྤྱིར་བཏང་གང་ཟག་སོ་སོར་ལྟོས་པའི་རང་ཉིད་ཀྱི་མི་ཚེའི་ནང་མདུན་ལམ་རེ་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ལྟ་བུ་ཡིན། མ་ཟད་རང་རིགས་བོད་ཕྲུག་རྣམས་ལ་ཆ་མཚོན་ན་མ་འོངས་པའི་ལམ་བུ་སྟེ་མདུན་ལམ་ངེས་ཅན་ཞིག་དགོས་པ་ནི་སྨོས་མི་དགོས་པ་ཞིག་ཡིན། དེར་བརྟེན། ཁོ་བོ་རྩམ་པ་ལོངས་སུ་སྤྱོད་མཁན་ཞིག་ཡིན་པའི་ཆ་ནས་མ་འོངས་པར། བརྒྱ་ཐམ་པའི་གྲལ་འགོར་མི་སླེབས་ཀྱང༌། སྟོང་ཐམ་པའི་གྲལ་མཇུག་ཏུ་མི་སྡོད་པ་ཞིག་བྱ་རྒྱུའི་དམ་བཅའ་ལྷུན་པོ་ལྟ་བུ་ཞིག་དུས་ད་ལྟ་ནས་ཡོད། འོ་ན། ཁྱེད་རྣམས་ཀྱིས་གུས་པའི་མ་འོངས་པའི་མདུན་ལམ་སྐོར་མཁྱེན་ནམ། གུས་པའི་མ་འོངས་པའི་མདུན་ལམ་ནི་སློབ་གྲྭར་སྡོད་རིང་རྒན་ལགས་གཙོས་པའི་རྒན་གཞོན་ཕོ་མོ་ཡོངས་ལ་མཐུན་སྒྲིལ་བྱས་ཏེ། སློབ་སྦྱོང་ཡང་དག་པ་ཞིག་བྱས་ནས་མ་འོངས་པར་ྋགོང་ས་མཆོག་གི་བཀའ་དགོངས་དང་མཐུན་པའི་སྒོ་ནས་རང་ཡུལ་བསྐྱར་ལེན་བྱ་རྒྱུ་དེ་ཡིན། འོན་ཀྱང༌། དེ་ལྟར་ཡོང་བ་ལ་དགོས་ངེས་ཅན་ནི་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་རིགས་གཅིག་རྐང་འཛིན་ཁོ་ནའི་ཐོག་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་དེ་རེད། སྤྱིར་བཏང་ཁོ་བོའི་སྣང་ངོར་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཚེ་མི་འགྲུབ་པའི་བྱ་བ་ཕལ་ཆེར་མེད་སྙམ་པའི་བློ་ཞིག་ཆུང་དུས་ནས་ཡོད། དེ་ཡང་ཆུ་ཤིང་བསྟན་བཅོས་ལས།

དཀའ་སྤྱད་ཁུར་དུ་འཁྱེར་ནུས་ན། །བྱ་བ་གང་ཡང་དཀའ་བ་མེད། །
ཆུ་ཡི་ནང་དུ་ཞུགས་པ་དེར། །ཆར་གྱིས་ལྷག་པར་གནོད་མི་འགྱུར། །

    ཞེས་པ་ལྟར། ཁོ་བོ་དུས་དང་རྣམ་པ་ཀུན་ཏུ་གོང་གི་ལེགས་བཤད་དེ་ཡིད་ལ་བཅངས་ནས། ཁོ་བོའི་འདོད་དོན་སྟེ། མ་འོངས་པའི་མདུན་ལམ་ལེགས་པར་འགྲུབ་པའི་ཆེད་ད་ལྟ་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་གྱིན་ཡོད། གོ་ཐོས་སུ་ང་ཚོའི་བཙན་བྱོལ་གཞུང་ནང་ལས་ཀའི་ས་མིག་འགའ་ཞིག་སྟོང་པར་ལྷག་སྟེ། དེའི་ཐད་འཛུལ་ཞུགས་བྱ་འདོད་རུང་སློབ་སྦྱོང་གི་གནས་ཚད་མི་འདང་བ་སོགས་དཀའ་ངལ་དུ་མ་འཕྲད་བཞིན་ཡོད་འདུག
    སྤྱིར་བཏང་ད་ལྟའི་ཆར་འཛམ་གླིང་དེའི་ནང་ཕན་ཚུན་འགྲན་བསྡུར་ཁོ་ནའི་ཐོག་སློབ་སྦྱོང་གི་ལག་ཆ་གཙོ་བོར་བཟུང་ནས་ལས་ཀའི་ས་མིག་གཅིག་ལས་མེད་ནའང་དེར་འཛུལ་ཞུགས་བྱེད་མཁན་སྟོང་ལས་བརྒལ་བ་ཡོད།
    ཁོ་བོར་ཆ་མཚོན་ན་ད་ལྟ་འཛིན་རིམ་བཅུ་གཉིས་ནང་དཔལ་འབྱོར་སློབ་ཚན་གཙོ་བོར་བཟུང་སྟེ་སློབ་སྦྱོང་བྱེད་མུས་ཡིན་ལ། རྗེས་སུ་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་ཚད་དེ་ལེགས་པར་བཏང་ནས་མཐོ་སློབ་ཅིག་ཏུ་ཕྱིན་ཏེ་དཔལ་འབྱོར་སློབ་ཚན་ཁོ་ནའི་ཐོག་ལ་འབད་བརྩོན་ལྷོད་མེད་བྱ་རྒྱུ་དང༌། མ་འོངས་པར་དཔལ་འབྱོར་སློབ་ཚན་ལ་བརྟེན་ནས་དཔལ་འབྱོར་རིག་པའི་མཁས་དབང་གྲགས་ཅན་ཞིག་བྱས་ཏེ། བཙན་བྱོལ་སྤྱི་ཚོགས་ནང་ལས་ཀའི་ཉམས་མྱོང་དང་འཇོན་ཐང་ལ་དཔག་པའི་རྩལ་བཏོན་ནས་གངས་ཅན་མགོན་པོའི་བཀའ་བཞིན་བསྒྲུབ་ནས་ལྷག་བསམ་རྣམ་དག་གི་བྱ་བ་སྣེ་མང་བསྒྲུབ་རྩིས་ཡོད། མ་ཟད། བོད་པའི་སློབ་གྲྭ་ཁག་གི་ནང་སློབ་སྟོན་པ་ཞིག་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད། གང་ལགས་ཤེ་ན། རྒྱལ་ཁབ་ཡར་རྒྱས་འགྲོ་བ་དང༌། ཡང་ན་མར་ཉམས་རྒུད་འགྲོ་བ་དེ་རྒྱལ་ཁབ་ནང་གནས་སྡོད་ཀྱི་ལོ་ཆུང་བྱིས་པ་དག་དང་གཞོན་སྐྱེས་རྣམས་ལ་རག་ལས་ཡོད་དུས། གཞོན་སྐྱེས་རྣམས་ཡང་དག་པ་ཞིག་ཡོང་བ་ལ་དགེ་རྒན་གཙོ་བོར་བྱས་ནས་ལམ་སྟོན་པ་ངེས་ཅན་ཞིག་དགོས་གལ་ཆེ་བར་བརྟེན། ཁོ་བོ་མ་འོངས་པར་དགེ་རྒན་ཞིག་བྱ་རྒྱུའི་འདུན་པ་ཡང་ཡོད།
    ང་ཚོས་སློབ་སྦྱོང་འཚེ་མེད་ཞི་བའི་ལྟ་གྲུབ་གཙོ་བོར་བཟུང་ནས་རྒྱ་དམར་ལ་ཕར་རྒོལ་བྱེད་པ་ཙམ་ལས་དམག་དང༌། དེ་བཞིན་བྱ་བ་གཞན་གང་གིས་ཀྱང་རྒྱ་དམར་ལ་ཕར་རྒོལ་བྱེད་ཐུབ་ཐབས་མེད་པར་བརྟེན། གུས་པས་མ་འོངས་པར་དགེ་རྒན་ནམ་སློབ་སྟོན་མཁན་ཡང་དག་པ་ཞིག་བྱས་ནས་གཅེས་པར་འོས་པའི་བོད་ཕྲུག་རྣམས་མ་འོངས་པར་ལམ་ལེགས་པོ་ཞིག་གི་ཐོག་བསྐྱོད་ཆེད་ལམ་སྟོན་ཡང་དག་པ་ཞིག་བྱ་རྩིས་ཡོད། དེ་ལྟར་བྱུང་ཚེ་དཀའ་ཚེགས་གང་ཡང་མེད་པའི་ཐོག་རྒྱལ་ཁབ་ཡར་རྒྱས་འགྲོ་བ་དང༌། མཉམ་དུ་རང་ཡུལ་བསྐྱར་ལེན་ཡང་བྱ་ཐུབ་བོ། །

གློ་བུར་ཁོང་ནས་བརྡོལ་བ་ཡི། །གཏམ་ལ་སྙིང་པོ་འོང་དཀའ་བས། །
སུ་ལའང་ཕན་པའི་རེ་བས་མིན། །རང་བློ་འཕེལ་ཕྱིར་ཁོ་ནས་ཡིན། །

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདི་ནི་བགྲོ་གླེང་དང་དོན་བརྗོད་ཀྱི་ཐབས་རྩལ་སྤྱད་དེ་བྲིས་ཤིང༌། སྒྲིག་གཞི་བཀོད་སྒྲིག་བྱེད་སྟངས་དང་དུམ་མཚམས་དབྱེ་བ་གསལ་བ། བརྗོད་དོན་གཙོ་བོ་ཐད་ཀར་བརྗོད་པ་བཅས་ཀྱི་ཁྱད་ཆོས་ལྡན། འོན་ཀྱང་རྩོམ་ཡིག་ནང་མིང་དང་བྱ་ཚིག་སྦྱོར་སྟངས་མ་འཚམས་པ་དུ་མ་མངོན་ཞིང༌། ལྷག་པར་བརྗོད་དོན་ཁ་འཐོར་ཞིང་གཅིག་བསྡུས་དང་གཏིང་ཟབ་མེད་པའི་རྣམ་པ་མཐོང་བས། དེའི་ཐོག་ཐུགས་གཟབ་ཀྱིས་འབད་ན་རྩོམ་པ་ལ་བྱང་ཆ་འབྱོར་ངེས།

ངའི་མདུན་གྱི་ལམ་བུ།(ཨང་གསུམ་པ)

བུདྡྷ་སྐྱབས། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།

 ཐོག་མའི་གླེང་གཞི།

    མི་ཞིག་གི་མི་ཚེའི་ཕུགས་བསམ་དང་འབྲེལ་བའི་མདུན་གྱི་ལམ་བུ་ནི་མི་དེའི་མི་ཚེར་དམིགས་ཡུལ་འཛིན་སྟངས་དང་དམིགས་ཡུལ་དེ་མངོན་འགྱུར་ཡོང་ཆེད་འཆར་གཞི་འཐེན་སྟངས། དེ་བཞིན་འཆར་གཞི་དེ་ཚད་དང་རན་པོའི་སྒོ་ནས་ལག་བསྟར་བྱེད་སྟངས་སོགས་ལ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པར་ངེས།
    རྒྱུན་རིང་བའི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་རྙོག་འཛིང་རང་བཞིན་ཅན་གྱི་མིའི་རིགས་ཀྱི་སྤྱི་ཚོགས་འདིའི་ཁྲོད་ནས་འཚར་ལོངས་བྱུང་བའི་མི་མང་པོ་ཞིག་གིས་དཔྱད་ཞིབ་དང་ཉམས་མྱོང་ལ་གཟིགས་ཏེ་སོ་སོའི་མདུན་གྱི་ལམ་དེ་ལ་སྡོམ་ཚིག་ཀྱང་སྣ་ཚོགས་ཤིག་འཇོག་མྱོང་ཡོད་དེ། ཁག་ཅིག་གིས་བརྗོད་ན་རང་ཉིད་ཀྱིས་དམིགས་ཡུལ་རྒྱ་ཆེན་པོ་ཞིག་བཟུང་སྟེ་བརྩོན་པ་རྒྱུན་འཁྱོངས་བྱས་པ་ན་”མི་ཚེའི་མདུན་ལམ་ནི་ཁོད་ཡངས་ཤིང་འོད་སྟོང་ལྡན་པ་ཞིག་ཡིན་”ཞེས་དང༌། འགའ་ཞིག་གིས་ལས་དབང་ལ་འཁང་ར་བྱེད་ཀྱིན་”མི་ཚེའི་མདུན་ལམ་དུ་ཞུགས་པར་ཁ་ཆར་དང་རླུང་འཚུབ་ཀྱི་འཇིགས་པ་ཆེ་བ་མ་ཟད་མི་ཚེའི་མདུན་ལམ་ནི་ཀྱག་ཀྱོག་ཆེ་ཞིང་ཁོད་མི་སྙོམས་པ་ཞིག་རེད་”ཅེས་བརྗོད་མྱོང་ཡོད་ལ། ཡང་ཁག་ཅིག་གིས་གཏན་ཚིགས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་”རང་ཉིད་ཀྱི་མི་ཚེའི་མདུན་ལམ་སྐྲུན་མཁན་དེ་རང་ཉིད་ཡིན་པ་སོམས་དང༌། ནམ་ཞིག་ཁྱོད་ཀྱི་མི་ཚེའི་མདུན་ལམ་ལས་འོད་སྣང་འཕྲོ་ངེས་”ཞེས་བརྗོད་མྱོང་ཡོད་པ་རེད།
    དེ་བཞིན་བདག་གི་རང་ཉིད་ཀྱི་མིག་སྔར་ཡོད་པའི་མདུན་གྱི་ལམ་བུ་འདི་དང་འབྲེལ་བའི་སྐོར་མདོར་བསྡུས་ཀྱིས་ཅུང་ཙམ་འབྲི་བར་སྤྲོ།
རང་ཉིད་ཀྱི་ད་ལྟའི་གནས་བབས་དང་འབྲེལ་བའི་འབྱུང་འགྱུར་གྱི་མདུན་ལམ་སྐོར་གླེང་བ།   
    དེང་སྐབས་བདག་འཛིན་རིམ་བཅུ་གཉིས་ཀྱི་གནས་བབས་འདིར་ཡོད་པའི་སྐབས་སུ། དུས་རྒྱུན་སེམས་ཐག་ཉེ་ཞིང་བསམ་བློ་གཏོང་ཤེས་པའི་གྲོགས་པོ་ཚོ་དང༌། ལྷག་བསམ་དང་ཤེས་ཡོན་ལྡན་པའི་དགེ་བའི་བཤེས་གཉེན་རྣམ་པས་ཕན་སེམས་ཀྱི་ཀུན་ནས་བསླངས་ཏེ་ཤེས་ཡོན་ལ་ཧུར་བརྩོན་བྱེད་དགོས་པའི་གཞེན་སྐུལ་ལན་མང་བྱས་པར་བརྟེན། བདག་གིས་ཀྱང་ཉིན་རེའི་སློབ་གཉེར་གྱི་བྱ་བ་འཐུས་ཤོར་མི་ཡོང་བའི་ཐབས་ལམ་གང་ལེགས་ལ་འབད་པ་ཧུར་ཐག་བྱེད་པ་དང་སྦྲགས། རང་ཉིད་ཀྱི་འབྱུང་འགྱུར་རམ་མདུན་ལམ་ལ་མནོ་བསམ་ཡང་ཡང་བྱེད་ཀྱི་ཡོད།
    དེང་སྐབས་བདག་གིས་ཕྱོགས་ཡོངས་ལ་བསམ་བློ་ཞིབ་ཚགས་བཏང་སྟེ། དམིགས་ཡུལ་དང་ཆོད་སེམས་ལྡན་པའི་སྒོ་ནས་རང་ཉིད་ཀྱི་མི་ཚེར་རིན་ཐང་བསྐྲུན་པར་འབད་པ་བསྐྱེད་པ་ཡིན་ན། ཕུགས་བསམ་འདི་མངོན་དུ་འགྱུར་ཐུབ་པའི་གོ་སྐབས་རྩ་ཆེན་ཞིག་དང་མདུན་ལམ་ཡངས་པོ་ཞིག་བདག་གི་བགོ་སྐལ་དུ་ཤར་ཡོད་པ་ཤེས་ཀྱི་འདུག་ལ། གལ་ཏེ་དོན་གནད་ཆེ་བའི་ལས་གཞི་མང་པོ་ཞིག་འཐུས་ཤོར་བཏང་སྟེ། འཁྲུག་ཆ་ཆེ་བའི་དེང་སང་གི་སྤྱི་ཚོགས་ཀྱི་ཐལ་རྡུལ་ནང་དུ་རང་ཉིད་སིམ་བཅུག་པ་ཡིན་ན། བདག་གི་མི་ཚེ་ལ་སྙིང་པོ་ཅི་ཡང་མེད་པར་ཕྱིས་འགྱོད་དྲག་པོས་མནར་ངེས་པས་གཡང་གཟར་གྱི་ལམ་བུ་འཇིགས་སུ་རུང་བ་ཞིག་ཀྱང་བདག་གི་མདུན་དུ་ལྷགས་པ་ཚོར་གྱི་འདུག འདི་ལྟར་བསམ་བློ་ཞིབ་ཚགས་གཏོང་ཚེ་ངའི་མིག་མདུན་དུ་ཡོད་པ་ནི་ཤར་བསྐྱོད་ཆོག་པའི་ལམ་གཅིག་རང་གཅིག་མ་ཡིན་པར། འདེམས་ཀ་ཡོད་པའི་ལམ་བུ་གཉིས་རེད་འདུག
    དེར་བརྟེན། བདག་གིས་དམིགས་ཡུལ་དང་ཆོད་སེམས་ལྡན་པའི་སྒོ་ནས་རང་ཉིད་ཀྱི་མདུན་དུ་ལྷགས་པའི་ལམ་བུ་རུ་འདི་ལྟར་ཞུགས་རྩིས་ཡོད་དེ། དེང་སང་ང་རང་གིས་ཚོང་རིགས་སྡེ་ཚན་(commerce)ནང་སློབ་གཉེར་བྱེད་པའི་གོ་སྐབས་འདི་སྤྱད་དེ་རང་ཉིད་ཀྱིས་སྦྱང་བར་སྤྲོ་སྣང་ཆེ་ཤོས་ཀྱི་སློབ་ཚན་དཔལ་འབྱོར་རིག་པ་(Econnomics)ཆེད་སྦྱོང་གི་ལམ་དུ་ཞུགས་རྩིས་ཡོད་ལ། འདི་ལྟར་དཔལ་འབྱོར་རིག་པའི་ཐོག་རིགས་གཅིག་རྐང་འཛིན་གྱིས་འགྲོ་ཐུབ་པ་ཡིན་ན། དེང་སང་འཛམ་གླིང་ནང་ཚོང་ལས་དཔལ་འབྱོར་གྱི་ལས་གཉེར་ཐད་འཁྲུག་ཆ་ཧ་ཅང་ཆེན་པོ་ཞིག་ཆགས་ཡོང་གི་ཡོད་དུས། དུས་དང་མཐུན་པའི་གོམ་པ་ཞིག་མདུན་དུ་སྤོ་ཐུབ་པ་མ་ཟད། རང་རེའི་བོད་ཀྱི་སྤྱི་ཚོགས་སྒྲོམ་གཞི་དང༌། ཤེས་རིག་མ་ལག་ཀུན་འཐུས་ཚང་བཟོ་བའི་ཐད་སྒུལ་ཤུགས་གསར་བ་ཞིག་སློང་ཐུབ་པའི་དམིགས་ཡུལ་རྒྱ་ཆེན་པོ་ཞིག་མངོན་འགྱུར་བྱ་བའི་ལམ་བུ་ཞིག་རང་གི་མདུན་དུ་ཕུགས་ཐག་རིང་པོར་བརྐྱངས་ཡོད་པར་སྙམ་གྱིན་མདུན་ནས་མདུན་དུ་བསྐྱོད་པའི་རེ་བཞག་བྱེད་ཀྱི་ཡོད།

གླག་རྒོད་རྩལ་གྱིས་བསྙེགས་ཀྱང་གཞལ་དཀའ་བའི། །མཁའ་ལམ་ཡངས་པོ་ལྟ་བུའི་ལམ་བུ་ཞིག །
ལས་དང་བསོད་ནམས་དབང་གིས་རང་ཉིད་ཀྱི། །མདུན་དུ་ལྷགས་ལ་ཞུགས་པར་ཅིས་མི་སྤྲོ། །

མགོན་མེད་དྭ་ཕྲུག་རྣམས་ལ་བྱམས་ལྡན་མ། །“གངས་ཅན་བོད་ཀྱི་ཡུམ་ཆེན་”གཙོ་བྱས་པའི། །
བདག་བློ་ཤེས་རིག་སྒོ་མོར་འཇུག་པའི་ལམ། །བསྐྲུན་མཛད་ཡོངས་ཀྱི་བཀའ་དྲིན་སྙིང་ནས་དྲན། །དགེ་གྱུར་ཅིག

རྩོམ་ཡིག་དཔྱད་མཆན།
    རྩོམ་ཡིག་འདིའི་ཚིག་སྦྱོར་སྙན་ཞིང་དོན་བརྗོད་ཀྱི་ནུས་པ་གསལ། ལྷག་པར་རྩོམ་ཡིག་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི། བརྗོད་བྱ་འགོད་སྟངས་ཐད་རྩོམ་པ་པོས་རང་བཞིན་གང་བྱུང་དུ་བཀོད་པ་མ་ཡིན་པར། བསམ་གཞིགས་སྔོན་དུ་སོང་བའི་སྒོ་ནས་དབྱེ་བ་དང་རིམ་པ་ལྡན་པར་བཀོད་ཡོད་དེ་ཡིན། འོན་ཀྱང༌། མཇུག་བསྡུ་སྟངས་དང་བརྗོད་དོན་མཚོན་སྟངས་ལ་ཟབ་ཚད་དེ་ཙམ་མེད་པའི་ཚོར་སྣང་བྱུང་བས། ཕྱིས་འབྱུང་བརྗོད་གཞིའི་ཐོག་བསམ་གཞིགས་དང་དབྱེ་ཞིབ་གཏིང་ཟབ་གནང་རྒྱུར་ཐུགས་སྣང་གིས་རྩོམ་གྱི་ལས་ལ་ཞུགས་ན་གཡུར་དུ་ཟ་བའི་འབྲས་བུ་སྨིན་པར་གདོན་མི་ཟའོ། །

མདུན་ཤོག

Menu