[toc]

མིག་ཆུ།   (ཨང་དང་པོ)

བློ་བཟང་གྲགས་པ།  སུ་ཇ་བོད་ཁྱིམ་སློབ་གྲྭ།

སྐུ་ཡི་བཀོད་པ་སྲིད་གསུམ་རྩེ་ན་བསྟན་པ་རྒྱས་ཕྱིར་དྭངས་ཤིང་བརྗིད།།
གསུང་གི་རོལ་དབྱངས་རྒྱུད་མངས་ལས་སྙན་འཛིན་མ་ཡོངས་སུ་སྙན་ཞིང་གྲགས།།
ཐུགས་ཀྱི་བྱམས་བརྩེ་འགྲོ་བ་ཀུན་ལ་རྒྱ་མཚོའི་བུ་ལྟར་བསིལ་ཞིང་འཇམ།།
འཛམ་གླིང་རྒྱན་གཅིག་ཞི་བདེའི་དེད་དཔོན་སྒོ་གསུམ་གུས་པས་ཞབས་སུ་འདུད།།

ཕ་མའི་ཁུ་ཁྲག་གཅིག་འདུས་ཚུལ་གྱིས་རྣམ་ཤེས་ཕྲ་མོའི་ལུས་རྟེན་རྙེད།།
རྙེད་པའི་ལུས་པོས་ཟླ་དགུའི་རིང་ལ་ཚ་གྲང་ལ་སོགས་དཀའ་སྡུག་མྱངས།།
མྱངས་པའི་ཚོར་བ་ཁ་ནས་མ་ཐོན་ཁོག་པའི་གཏིང་ལ་རུམ་པས་ན།།
ན་ཚ་གང་ཞིག་སྣེ་མོར་འཇུས་ཏེ་མིག་ཆུ་ཤོར་བཞིན་མལ་ནས་ཐོན།།

རྒྱ་རིགས་བྱིས་པས་རྩེད་ཆས་བཟུང་ནས་བྱིས་ཆུང་སློབ་གྲྭར་འགྲིམས་པ་དང༌།།
བོད་རིགས་བྱིས་པས་འུར་རྡོ་བཟུང་ནས་སྒོ་ཕྱུགས་རྗེས་སུ་འགྲིམས་པ་སོགས།།
རྒྱ་བོད་གཉིས་ལ་དབྱེ་འབྱེད་བྱས་ཏེ་བོད་མི་ཀུན་གྱི་སྡུག་བསྔལ་དག །
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས། །

རྒྱ་རིགས་ན་གཞོན་སློབ་གྲྭར་ཐོན་རྗེས་ལས་རིགས་ཀུན་ལ་ཞུགས་པ་དང༌།།
བོད་རིགས་ན་གཞོན་སློབ་གྲྭ་ཐོན་མོད་ལས་མེད་འཁྱམ་པོར་འགྱུར་བ་སོགས།།
རྒྱ་མིའི་སྲིད་ཀྱི་ཇུས་ངན་འོག་ཏུ་བོད་མིས་དཀའ་སྡུག་མྱངས་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་རྒན་པོས་ལས་ཀ་གཡུགས་ཏེ་ལྷོད་ལྷོད་ངལ་གསོ་རྒྱག་པ་དང༌།།
བོད་རིགས་རྒན་པོས་ནང་མི་སྐྱོང་ཕྱིར་ཐལ་རྡོའི་དཀྱིལ་ཏུ་བརྩོན་པ་སོགས།།
རྒྱ་མིའི་སྲིད་ལུགས་རུལ་སུངས་གྱུར་ཏེ་རྒན་པོའི་ཐོབ་ཐང་བཟོས་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་ཚོང་པས་གཡོ་རྒྱུའི་འོག་ནས་བོད་མིར་མགོ་སྐོར་གཏོང་བ་དང༌།།
བོད་རིགས་ཚོང་པས་ཙག་ཙིག་འཚོང་ལ་རྒྱ་མིས་བཙན་འགོག་བྱས་པ་སོགས།།
བོད་ཀྱི་ཡར་རྒྱས་གཏིང་ནས་འགོག་པའི་རྒྱ་མིའི་སྲིད་ཇུས་ངན་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་དཔོན་རྣམས་མཐོ་སར་བསྡད་ནས་བོད་མི་ལས་ལ་བསྐུལ་བ་དང༌།།
བོད་རིགས་མི་རྣམས་འོག་ཏུ་བསྡད་ནས་གཡོག་པོ་ཇི་བཞིན་སྒྲུབ་པ་སོགས།།
ཧམ་ཆེན་རྒྱ་མིས་བོད་པ་རྣམས་ལ་བྲན་གཡོག་ཚུལ་དེ་འཛིན་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་འཁྱམ་པོས་བོད་རྫས་བརྐུས་ཀྱང་རྒྱ་མིའི་དམག་གིས་མ་མཐོང་མདོག།།
བོད་རིགས་དབུལ་པོས་སྲང་ལམ་བར་དུ་གད་སྙིགས་བསྒྲུགས་ན་རྡུང་རྡེག་སོགས།།
བརྩེ་མེད་རྒྱ་མིས་བོད་པ་སྟེང་ལ་ཡང་ཡང་གཉའ་གནོན་བྱེད་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་སྨད་འཚོང་གྲོག་མ་ཇི་བཞིན་གངས་ཅན་ཡུལ་དུ་འཛུལ་བ་དང༌།།
བོད་རིགས་གྲྭ་བ་བཙན་གྱིས་བཟུང་ནས་ཁྱིམ་པར་བསྒྱུར་བའི་ངང་ཚུལ་སོགས།།
རྒྱ་མིའི་ཇུས་གྱིས་ནང་ཆོས་དེ་ཉིད་རྩ་མེད་གཏོང་བའི་རྣམ་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་ཡུལ་མེད་གྲངས་ལས་འདས་པ་བོད་པའི་ཡུལ་ལ་གནས་སྤོས་ནས།།
བོད་རིགས་ཡུལ་དང་བོད་མིའི་རྫས་རྣམས་སྤྱང་ཀིའི་ཚུལ་གྱིས་འཕྲོག་པ་དང༌།།
མི་འབོར་སྤེལ་བའི་སྲིད་ཇུས་ངན་པ་དངོས་སུ་ལག་བསྟར་བྱེད་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་ནག་གཞུང་གིས་ཧམ་སེམས་བཅངས་ཏེ་བོད་ཀྱི་དོན་དུ་བཏིང་བའི་ཇུས།།
བོད་པ་ཀུན་གྱིས་སྔོན་ནས་མ་རྟོགས་དེ་ཡི་རྗེས་འབྲང་བྱས་པ་ནས།།
ང་དགུའི་ལོ་ལ་བོད་ས་ཡོངས་རྫོགས་རྒྱ་མིས་བཟས་པའི་སྣང་བརྙན་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་ཐམས་ཅད་རང་ཡུལ་ཕྱོགས་སུ་ནང་མི་མཉམ་འཛོམས་བསྡད་པ་དང༌།།
བོད་རིགས་ཐམས་ཅད་རང་ཡུལ་བསྐྱུར་ནས་ས་ཕྱོགས་ཀུན་ལ་ཁ་འཐོར་ནས།།
བོད་ཕྲུག་དུ་མ་ཕ་མ་ཡོད་ཀྱང་དྭ་ཕྲུག་འགྱུར་བའི་ངང་ཚུལ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་རིགས་དཔོན་རྣམས་ཡུལ་གྲུ་ཀུན་ལ་སྤྲོ་འཆམ་ཚུལ་དུ་བསྐོར་བ་དང༌།།
བོད་རིགས་དཔོན་རྣམས་ཐལ་མོ་སྦྱར་ཏེ་འཛམ་གླིང་ཀུན་ལ་ཕེབས་པ་ནས།།
གང་ཉིད་གཙོས་པའི་བོད་པ་ཐམས་ཅད་སྐྱབས་བཅོལ་གནས་སུ་ལྷུང་པ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

རྒྱ་མིས་བོད་ལ་སྡུག་པོ་བཏང་ནས་བོད་མི་ཡོད་ཚད་སྡུག་སྦྱར་ནའང༌།།
བོད་མི་ཕལ་ཆེར་མགོ་བོ་འཐོམས་ཏེ་དགྲ་ཤ་ལེན་པ་གཏིང་བརྗེད་ནས།།
རང་ཉིད་ཁེ་ཕན་ཁོ་ན་བསམ་ནས་རྩ་དོན་དོར་བའི་ངང་ཚུལ་དག།།
ཁྲ་ཆུང་མིག་གིས་ལྟད་མོར་འགྱུར་བས་མ་བཟོད་མིག་ཆུ་ས་རུ་ཟགས།།

ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་མེད་པར་བོད་དོན་སྲོག་བཞིན་སྐྱོང་བ་དང༌།།
གང་གི་བཀའ་ལ་འགལ་བ་མེད་པར་ཇི་གསུངས་དོན་དེར་བརྩོན་པ་སོགས།།
བོད་མི་རྣམས་ཀྱིས་སེམས་སུ་བཟུང་ནས་མདུན་ཕྱོགས་གོམ་ཁ་བསྒྱུར་བས་ན།།
བདག་གི་མིག་ཆུ་དེ་ནས་བསྐམས་ཏེ་གངས་ཅན་ཡུལ་དེ་རྒྱས་གྱུར་ཅིག།
 

ཞན་ཆ།
འཛིན་མའི་ཡོངས་སུ་སྙན་ཞིང་(འཛིན་མ་ཡོངས་སུ་སྙན་ཞིང་) ཕ་མའི་ཁུར་ཁྲག་(ཕ་མའི་ཁུ་ཁྲག) ལུས་བརྟེན་(ལུས་རྟེན་) ལས་མིག་ཀུན་ལ་བཞུགས་(ལས་རིགས་ཀུན་ལ་ཞུགས་) ལས་ཀ་གཡུག་ཏེ།(ལས་ཀ་གཡུགས་ཏེ་) བོད་རིགས་ཚོང་པའི་ཙ་ཙི་ཚོང་ལ་(བོད་རིགས་ཚོང་པས་ཙག་ཙིག་འཚོང་ལ་) མིག་ཆུ་ས་རུ་ཟག(མིག་ཆུ་ས་རུ་ཟགས) རྡུང་བདེག་སོགས་(རྡུང་རྡེག་སོགས་) གནས་སྤོ་ནས་(གནས་སྤོས་ནས་) སང་ལམ(སྲང་ལམ)

མིག་ཆུ།   (ཨང་གཉིས་པ)

ཉི་མ་ཆོས་འཕེལ།  གྷོ་པལ་པུར་བོད་ཁྱིམ་སློབ་གྲྭ།   

ཆུང་དུས་ངུས་པའི་མིག་ཆུ། །ཆུང་དུས་སྐྱིད་པའི་མིག་ཆུ།། ཆུང་དུས་དགའ་སྐྱོའི་མིག་ཆུ། །ཆུང་དུས་དྲན་གདུང་མིག་ཆུ།།
ཆེ་དུས་རྒས་པའི་མིག་ཆུ། །ཆེ་དུས་སྡུག་བསྔལ་མིག་ཆུ།།ཆེ་དུས་འགྱོད་པའི་མིག་ཆུ། །ཆེ་དུས་ཚོར་བའི་མིག་ཆུ།།
གངས་ལྗོངས་དྲན་པའི་མིག་ཆུ། །གངས་རི་དྲན་པའི་མིག་ཆུ།།གངས་ཆུ་དྲན་པའི་མིག་ཆུ། །གངས་ཆབ་འཐུང་འདོད་མིག་ཆུ།།
རང་ཡུལ་གྱར་དགོས་མིག་ཆུ། །རང་དབང་མེད་པའི་མིག་ཆུ།།རང་རིགས་དྲན་པའི་མིག་ཆུ། །རང་ལ་འཁོར་བའི་མིག་ཆུ།།
ཕ་མ་བྲལ་དགོས་མིག་ཆུ། །ཕ་མཐར་ཤོར་བའི་མིག་ཆུ།།ཕ་མར་དྲིན་མེད་མིག་ཆུ། །ཕ་མ་སེམས་སྡུག་མིག་ཆུ།།
ལས་མེད་འཁྱམས་དགོས་མིག་ཆུ། །ལས་དབང་བཙན་པའི་མིག་ཆུ།།ལས་ངན་བསགས་པའི་མིག་ཆུ། །ལས་འབྲས་འཁོར་བའི་མིག་ཆུ།།
བདག་མེད་ལུས་པའི་མིག་ཆུ། །བདག་པོ་མི་རག་མིག་ཆུ།།བདག་དོན་སློང་བའི་མིག་ཆུ། །བདག་གཞན་དབྱེ་བའི་མིག་ཆུ།།
ངོ་ཤེས་མེད་པའི་མིག་ཆུ། །ངོ་ལ་འཚེར་བའི་མིག་ཆུ།།ངོ་རྟགས་མེད་པའི་མིག་ཆུ། །ངོ་མ་སྐྱོ་བའི་མིག་ཆུ།།
གཞན་རྒྱལ་རང་ཕམ་མིག་ཆུ། །གཞན་དབང་འོག་གི་མིག་ཆུ།།གཞན་འཆད་ཉན་དགོས་མིག་ཆུ། །གཞན་འོག་ཚུད་པའི་མིག་ཆུ།།
རང་དབང་མེད་པའི་མིག་ཆུ། །རང་དབང་རྩོད་དགོས་མིག་ཆུ།།རང་དབང་ཐོབ་རེའི་མིག་ཆུ། །རང་དབང་མི་རྙེད་མིག་ཆུ།།
སྤྱི་ལ་ཕན་པའི་མིག་ཆུ། །སྤྱི་ཡོངས་སྨོན་པའི་མིག་ཆུ།།སྤྱི་སྒེར་དོན་གྲུབ་མིག་ཆུ། །སྤྱི་ནས་འདོན་དགོས་མིག་ཆུ།།
གང་བྱེད་མི་ཤེས་མིག་ཆུ། །གང་བྱུང་བྱེད་དགོས་མིག་ཆུ།།གང་ལྟར་དབང་མེད་མིག་ཆུ། །གང་སར་ཐོན་པའི་མིག་ཆུ།།
བོད་རིགས་ཉམས་དམས་མིག་ཆུ། །བོད་རྒྱ་མཐུན་དཀའི་མིག་ཆུ།།བོད་རིགས་རྩ་བརླག་མིག་ཆུ། །བོད་མིས་མྱོང་དགོས་མིག་ཆུ།།
རྒྱལ་ཁབ་མེད་པའི་མིག་ཆུ། །རྒྱལ་གཅེས་དཔའ་བོའི་མིག་ཆུ།།རྒྱལ་ཁབ་དྲན་པའི་མིག་ཆུ། རྒྱལ་སྤྱིའི་སྟེང་གི་མིག་ཆུ།།

    ཞེས་མིག་ཆུས་ཡོངས་སུ་བརླན་ཏེ་བསམ་གཞིགས་བྱེད་སྐབས། བདག་ལྟ་བུ་མགོ་ནག་ཕྲུ་གུ་དུ་མར་རྟག་ཏུ་སྡུག་བསྔལ་ཇི་སྙེད་ཅིག་ཡོད་པ་ནི་སྨོས་ཅི་དགོས། གུས་པ་ས་ཐོག་འདིར་སྐྱེས་པ་ནས་བཟུང་དགའ་སྐྱོ་ཟུང་འབྲེལ་གྱི་མིག་ཆུ་བགྲང་གིས་མི་ལང་བ་བཏང་མྱོང་ཡང༌། མིག་ཆུ་ལས་མིག་ཆུ་སྟེ། སེམས་གཏིང་ནས་བཟོད་པར་དཀའ་བའི་མིག་ཆུ་ནི་རང་ཡུལ་དགྲ་ལག་ཏུ་ཤོར་བའི་མི་བཟོད་པའི་སྡུག་བསྔལ་གྱི་མིག་ཆུ་འདི་རང་རེད། ང་ཙམ་མ་ཟད། བློ་གཟུ་བོར་གནས་པའི་སྐྱེ་བོ་དང༌། ལྷག་པར་རང་ཡུལ་ལ་ཤ་ཞེན་དམ་པོར་བཅངས་པའི་བོད་མི་མགོ་ནག་ཀུན་གྱིས་སྤྱན་ལས་ཐོན་པའི་མིག་ཆུ་ཞིག་རེད་ལ། དེ་ནི་གནས་སྐབས་ཙམ་གྱི་མིག་ཆུ་མིན་པར་མི་རབས་གཅིག་གིས་མི་བཟོད་པའི་སྡུག་བསྔལ་འོག་རང་དབང་མེད་པར་དོན་མེད་སྡུག་སྦྱོར་བྱས་པའི་མིག་ཆུ་ཞིག་གི་འབོད་སྒྲ་ཞིག་ཀྱང་ཡིན། སྤྱིར་བདག་ལྟ་བུ་ལོ་ན་ཕྲ་བའི་སྐྱེ་བོ་ཕལ་པ་ཞིག་ལ་དེ་ལྟར་གྱི་འགྱོད་གདུང་ཞིག་ཡོད་ན། བདག་ལས་བགྲེས་པ་རྣམས་ནི་དེ་བས་ཀྱང་འགྱོད་པ་དང་མིག་ཆུ་རྒྱུན་མི་ཆད་པར་རང་ལ་དབང་བའྀ་ཡུལ་འདི་རང་གིས་ལེན་ཐབས་བྱེད་པར་ཧ་ཅང་བློ་གདེང་ཆེན་པོས་བཤད་ཆོག གང་ལྟར་དུས་ནམ་ཡང་བརྗེད་ཐབས་མེད་པའི་མིག་ཆུ་འདི་རྩ་མེད་དུ་བཟོ་རྒྱུ་ནི་ང་རང་གི་ལས་འགན་ཕྲག་ཐོག་ཏུ་འཁྲིས་པ་དང༌། དེ་ལ་འཚམ་པའི་ཐབས་ཇུས་ཤིག་ལོས་བྱེད།
    མིག་ཆུ་ཡ། མིག་ཆུ། རང་ཡུལ་ཤོར་བའི་མིག་ཆུ། ཅི་ནས་ཀྱང་བྲལ་དཀའ་བ་ལགས།
    མིག་ཆུ་ཡ། མིག་ཆུ། རང་ཡུལ་ལེན་དགོས་པའི་མིག་ཆུ། རྒྱུན་ཆད་པའི་དུས་དེ་ནམ་ཡིན་ནམ།
ཞན་ཆ།
ངུ་ཅོའི་མིག་ཆུ། (ངུས་པའི་མིག་ཆུ།) དགྱོད་པའི་མིག་ཆུ།(འགྱོད་པའི་མིག་ཆུ་) ཆེ་དུས་འཚོར་བའི་མིག་ཆུ། (ཆེ་དུས་ཚོར་བའི་མིག་ཆུ་) གྲངས་ཀྱིས་མི་ལངས་པ་བཏང༌། (བགྲང་གིས་མི་ལང་པ་བཏང༌།)བློ་ཟུར་བུར་གནས་(བློ་གཟུར་བོར་གནས་) སྤྱན་ལས་དོན་པའི་མིག་ཆུ། (སྤྱན་ལས་ཐོན་པའི་མིག་ཆུ་) མི་རབས་གཅིག་གཞན་གྱི་མི་བཟོད་པའི་སྡུག་བསྔལ།(མི་རབས་གཅིག་གིས་མི་བཟོད་པའི་སྡུག་བསྔལ་) འབོད་སྒྲ་ཅི་ནས་ཀྱང་ཡིན།(འབོད་སྒྲ་ཞིག་ཀྱང་ཡིན་) བདག་ལས་ཆེར་འགྲེལ་བ་རྣམས།(བདག་ལས་བགྲེས་པ་རྣམས་ )རང་གི་ལེན་ཐབས་བྱེད་(རང་གིས་ལེན་ཐབས་བྱེད་) སྨྲོས་མེད་ཡིན།(སྨོས་ཅི་དགོས) སྙིང་གཏིང་ནས་(སེམས་གཏིང་ནས་)

མིག་ཆུ།   (ཨང་གསུམ་པ)

ལྷུན་འགྲུབ་རྡོ་རྗེ།  སེར་བྱེས་འབྲིང་རིམ་སློབ་གྲྭ།

    སྤྱིར་མིག་ཆུ་ཞེས་པ་ནི་མིག་ནས་ཐོན་པའི་གཤེར་གཟུགས་ཤིག་ཡིན། དེ་ཡང༌། སྨྲ་ཤེས་དོན་གོ་ནུས་པའི་མི་ལ་མཚོན་ན། མིག་ཆུ་ནི་དགའ་སྡུག་གི་ཚོར་བ་དྲག་པོ་མྱོང་དུས་ཐོན། དེ་ནི་མི་བྱེ་བྲག་པ་རང་ཉིད་ལ་བཀག་འགོག་བྱེད་པའི་ནུས་མཐུ་མེད། ཅིའི་ཕྱིར་ཞེ་ན། དེ་ནི་སེམས་ནང་གི་ཚོར་བར་རག་ལས་ཡོད། དཔེར་ན། འཛམ་བུ་གླིང་གི་རྒྱལ་ཁབ་མང་པོ་ཕན་ཚུན་རྩེད་མོ་འགྲན་སྡུར་བྱེད་སྐབས། རྩེད་མོའི་བྱ་དགའ་ཐོབ་མཁན་གྱི་རུ་ཁག་ནང་གི་རྩེད་མོར་རོལ་མཁན་འགའ་ཤས་མིག་ནས་མཆི་མ་བཏང་བ་སོགས་བྱུང་དང་འབྱུང་བཞིན་གདའ། དེ་ནི་སེམས་དགའ་བའི་དུས་སུ་ཐོན་པའི་མིག་ཆུ་རེད། ཕྱོགས་གཞན་ཞིག་ནས་བརྗོད་ན། རང་རེའི་བོད་མི་རྒན་རབས་རྣམས་ཀྱིས་ལྔ་བཅུ་ང་དགུ་ལོའི་ནང་རང་ཉིད་གཅེས་པར་འཛིན་མཁན་གྱི་རྒྱ་དམར་ཀླ་ཀློ་དག་གིས་ང་ཚོའི་རྒྱལ་ཁབ་ཞི་བདེ་དང་རང་དབང་སོགས་ལྡན་པའི་བོད་དེར་བཙན་འཛུལ་བྱེད་ཚུལ་བརྗོད་དུས། མིག་ནས་བཟོད་གླགས་མེད་པར་མིག་ཆུ་མཚམས་མེད་ཤོར་དང་འཆོར་བཞིན་པ་རེད། དེ་ནི་སེམས་ནང་དུ་སྐྱོ་བའི་ཚོར་བ་དྲག་པོ་ཞིག་བྱུང་བའི་རྐྱེན་གྱིས་ཐོན་པའི་མིག་ཆུ་རེད།
    ཡིད་སྐྱོ་ནས་ཐོན་པའི་མིག་ཆུ་ནི་མིའི་རིགས་ཁོ་ནར་མ་ཡིན་པར་སེམས་ཅན་གཞན་ལའང་འབྱུང༌། དཔེར་ན། དེང་སང་གཟུགས་མཐོང་རླུང་འཕྲིན་འགའ་ཤས་ནང༌། སེམས་ཅན་ཤྭ་བ་འགའ་ཤས་ལྷན་དུ་བསྐྱོད་སྐབས། བྱམས་སེམས་དང་སྙིང་རྗེ་བྲལ་བའི་རྔོན་པས། ཤྭ་ཕྲུག་ཚོའི་ཨ་མར་མེ་མདའ་བརྒྱབ་ནས་གསོད་པའི་ཚེ། ཤ་ཕྲུག་ཚོས་མིག་ནས་མཆི་མ་བཏོན་པ་སོགས་མངོན་སུམ་དུ་མཐོང་རྒྱུ་ཡོད།
    མིག་ཆུ། ཁྱེད་ནི། ཤེས་བྱའི་རོ་ལ་མྱོང་བཞིན་པའི་སློབ་མ་ང་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཀྱང་ཡིན། མ་ཟད། ཁྱེད་ཀྱིས་ང་ལ་བསམ་ཡུལ་ལས་འདས་པའི་ཚོར་བ་དྲག་པོ་ཞིག་ཀྱང་སྤྲོད་ཀྱིན་གདའ། དངོས་གནས་གུས་པས་ཁྱེད་ཀྱིས་སྦྱིན་པའི་ཚོར་བ་དེར་གཟབ་ནན་ཞིག་མ་བྱས་ན། ངའི་འབྱུང་འགྱུར་གྱི་དམིགས་ཡུལ་ལམ་འགན་ལྕི་བོ་དེ་ག་ལ་སྒྲུབ་ཐུབ། ང་ནི་གཞན་ཡུལ་དུ་འཁྱམས་པའི་སློབ་མ་ཞིག་ཡིན་ཡང༌། ཁོ་བོའི་གཉའ་ཐོག་ཏུ་ཤིན་ཏུ་ལྕི་བའི་ལས་འགན་འདི་ལ་དྲན་བསྐུལ་བྱེད་མཁན་ཁྱེད་ཁོ་ན་ཉིད། ངའི་གཉའ་ཐོག་ཏུ་ལྕི་བའི་རྡོག་ཁྲེས་འདི་ནི། རང་རེའི་རྒྱལ་ཁབ་ཞི་བདེ་དང་དམངས་གཙོའི་ལམ་ལུགས་ལྡན་པའི་བོད་ཅེས་པ་འདི་རྒྱ་དམར་གྱི་ལག་ནས་འཚེ་བ་མེད་པའི་ངང་བླངས་རྗེས། སླར་ཡང་རང་རྒྱལ་འདི་སྔར་བཞིན་ཞི་བདེའི་བསྟི་གནས་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་འདི་ཡིན། མ་ཟད། མིག་ཆུ། ཁྱེད་ཀྱིས་ང་དང་ང་འདྲ་བའི་གངས་ཕྲུག་རྣམས་ལ་ཚོར་བ་དྲག་པོ་ཞིག་སྤྲད་དང་སྤྲོད་མུས་ཡིན་པར་ངས་སྤོབས་པ་དང་ལྷན་དུ་བརྗོད་ཐུབ། དངོས་གནས། མིག་ཆུ་ཁྱེད་ཀྱིས་རོགས་སྐྱོར་གྱི་འོག་ནས་འཛམ་གླིང་འདིའི་སྒང་དུ་སོ་སོའི་ཕྲག་ཏུ་ཡོད་པའི་ལས་འགན་རྣམས་བསྒྲུབས་ཚར་བ་ཅི་ཙམ་ཡོད་དམ། དེ་ནང་བཞིན། ད་ཆ་ང་ཚོ་གདོང་དམར་རྩམ་གཟན་བོད་མི་རྣམས་ལ་མྱོང་བཞིན་པའི་སྡུག་བསྔལ་འདི་ལས་སྒྲོལ་ཐབས་ཁྱེད་ཀྱིས་བྱེད་ཐུབ་བམ། དཀོན་མཆོག་མཁྱེན། གལ་ཏེ། མིག་ཆུ་ཁྱེད་ལ་འདི་སྒྲུབ་ཐུབ་པའི་ནུས་མཐུ་ཡོད་ཚེ། ང་ཚོས་དྲན་སྐུལ་བྱ་མི་དགོས་པར་ཁྱེད་ཀྱིས་ཐུགས་བསམ་ལྷོད་མེད་བཞེས་རོགས་གནང༌།
    ང་ཚོ་ནི་ཉོན་མོངས་དུག་གསུམ་གྱིས་བཅིངས་ཡོད་སྟབས་རང་འཁྲིའི་ལས་འགན་དག་ལ་འབད་བརྩོན་ཆུ་བོའི་རྒྱུན་བཞིན་བྱེད་རྒྱུ་ནི་ནམ་མཁའི་མེ་ཏོག་དང་གཉིས་སུ་མ་མཆིས། དངོས་གནས་ཁྱེད་ཀྱིས་ང་ཚོ་སྟེ་བཞད་བཞིན་པའི་གངས་ལྗོངས་ཀྱི་སོན་རྩ་རྣམས་ལ་དྲན་སྐུལ་ཆུ་རྒྱུན་ལྟར་བྱས་ན། ང་ཚོའི་གཉའ་ཐོག་ཏུ་མངའ་བའི་འགན་ལྕི་འདི་སྒྲུབ་ཐུབ་མིན་གྱི་སོམ་ཉིའི་དྲ་རྒྱ་ནམ་ཡང་མ་མཆིས།
    མིག་ཆུ། ཁྱེད་ཀྱིས་ང་ཚོ་རང་ཡུལ་མེད་པའི་སྐྱབས་བཅོལ་བ་དག་གི་དཀའ་སྡུག་དག་ལ་ནན་པོ་ཞིག་དཔྱད་ནས། ང་ཚོར་དཀའ་ངལ་འཛེམས་མེད་ཀྱི་ཐོག་ནས་དྲན་སྐུལ་ཡང་ཡང་གནང་ན། ང་ཚོས་ཀྱང་ཤུགས་སྣོན་མ་བརྒྱབ་ན་ག་ལ་འགྲིག
    མིག་ཆུ། གོ་ལ་ཧྲིལ་པོ་འདིའི་སྟེང་དུ། སྐྱེ་བོ་འགའ་ཤས་ཁྱེད་དང་འབྲེལ་བ་བྱེད་མི་འདོད་མཁན་ཡང་ཡོད་སྲིད། ཡིན་ཡང༌། ཁོང་ཚོ་ནི། རང་ཡུལ་ལྡན་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལ་ལོངས་སྤྱོད་པའི་རང་དབང་ཡོད་མཁན་ཤ་སྟག་ཡིན་སྙམ། དེ་བཞིན། ང་ཚོ་ནི་ཁོང་ཚོ་ལས་ལྡོག་སྟེ་གཞན་ཡུལ་དུ་སྐྱབས་བཅོལ་བ་ཡིན་སྟབས་དེ་འདྲ་ག་ལ་བྱེད་སྲིད་དམ། ནམ་ཡང་མི་བྱེད།
    མིག་ཆུ། གོང་དུ་བྲིས་ཟིན་པ་རྣམས་ཁོ་བོའམ་བོད་མི་མང་བྱིངས་ལ་འཕྲད་བཞིན་པའི་མྱོང་ཚོར་ལ་སྒྲོ་འདོགས་མེད་པར་བྲིས་ཁུལ་བྱས་པ་ཡིན་སྟབས། ཁྱེད་ཀྱིས་ང་ཚོར་དྲན་སྐུལ་ཡང་ཡང་གནང་རོགས་ཞེས་ཞུ་རྒྱུ་ལས་གཞན་མ་མཆིས་སོ།།
ཞན་ཆ།
གོ་ནུས་པའི་མི་གཞིགས་ན།(གོ་ནུས་པའི་མི་ལ་མཚོན་ན།) མཚམས་མེད་ཤོར་བ་སོགས་བྱེད་བཞིན་མཆིས།(མཚམས་མེད་ཤོར་དང་འཆོར་བཞིན་པ་རེད།) མ་ཚད།(མ་ཟད།) སྤྱོད་ཀྱི་གདའ།(སྤྱོད་ཀྱིན་གདའ།) གཟབ་ནན་ཞིག་མ་བྱེད་ན།(གཟབ་ནན་ཞིག་མ་བྱས་ན།) རྡོག་ཁྲེགས།(རྡོག་ཁྲེས།) རང་འཁྲིས་ལས་འགན།(རང་འཁྲིའི་ལས་འགན།) གོར་ལ་ཧྲིལ་པོ། (གོ་ལ་ཧྲིལ་པོ།) འཚོར་བ་(ཚོར་བ་) མིག་ནས་ཆུ་བཏང་(མིག་ནས་མཆི་མ་བཏང་) ལྔ་བཅུ་ལྔ་དགུ་(ལྔ་བཅུ་ང་དགུ་) ཞི་བདེའི་ལྟི་གནས་ལྡན་པའི་རྒྱལ་ཁབ་(ཞི་བདེའི་བསྟི་གནས་ཀྱི་རྒྱལ་ཁབ་) རང་ལུང་མེད་པ་(རང་ཡུལ་མེད་པ)

མདུན་ཤོག

Menu