[toc]

མཛེས་སྡུག་ལྡན་པའི་བོད་ལྗོངས།   (ཨང་དང་པོ)

དོན་གྲུབ་བཀྲ་ཤིས། སུ་ཇ་བོད་ཁྱིམ་སློབ་གྲྭ།

ཕ་སྤྲུལ་བྱང་ཆུབ་སེམས་དཔའ་དང༌། །མ་སྤྲུལ་བྲག་རིའི་སྲིན་མོ་གཉིས། །
མཉམ་དུ་འདུས་པའི་བརྩེ་དུང་ལས། །མིའུ་གདུང་དྲུག་ཡུལ་འདིར་འཁྲུངས། །
རབ་མཛེས་གངས་རི་དཀར་པོ་ཡིས། །ཕྱོགས་དང་མཐའ་མཚམས་མ་ལུས་པ། །
ཡོངས་སུ་བསྐོར་བའི་ཞིང་འདི་ལ། །ཁ་བ་གངས་ཅན་ལྗོངས་ཞེས་གྲགས། །
ལྷ་ཆོས་དགེ་བ་བཅུ་དང་ནི། །མི་ཆོས་གཙང་མ་བཅུ་དྲུག་གིས། །
གསེར་གྱི་བཀའ་ཁྲིམས་ཕབ་པ་ནས། །ལྗོངས་འདི་ཆོས་ལྡན་ཞིང་ལ་གྲགས། །
སྔོན་བྱོན་མེས་པོའི་བློ་སྟོབས་ལས། །ལེགས་པར་བསྐྲུན་པའི་པོ་ཏཱ་ལ། །
ལྗོངས་འདིའི་གཙུག་གི་ནོར་བུ་ཞེས། །སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ། །
བརྗིད་ཉམས་ལྡན་པའི་ས་འཛིན་དང༌། །ཁོད་ཡངས་མཉམ་པའི་ཐང་གཞོངས་དང༌། །
སྣ་མང་འཛོམས་པའི་གཏེར་ཁ་སོགས། །ལྗོངས་འདིའི་ཡུལ་ན་ཧ་ཅང་མང༌། །
ཡངས་པའི་རྩྭ་ཐང་ཆེན་པོ་རུ། །རྟ་ནོར་ལུག་གསུམ་འཕེལ་ཁ་རྒྱས། །
དད་ལྡན་འབྲོག་པ་མང་ཚོགས་ཀྱིས། །ཤ་མར་ཐུད་གསུམ་ལོངས་སུ་སྤྱོད། །
འབྲས་ལྡན་སྟོན་ཁའི་དུས་ཚོད་ལ། །འབྲུ་རིགས་སྣ་ལྔས་ཁྱབ་པ་ཡི། །
མགོ་བོ་དུད་པའི་ལོ་ཏོག་རྣམས། །ཞིང་པ་རྣམས་ཀྱིས་སྡུད་པར་བརྩོན། །
དུས་བཞིའི་འགྱུར་ལྡོག་ཅི་བྱུང་ཡང༌། །ཞིང་འབྲོག་རྣམས་ཀྱི་འཚོ་བ་ནི། །
སྔར་བཞིན་བདེ་ཞིང་སྐྱིད་པ་དང༌། །རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས། །
ཆོས་ཀྱི་རྣམ་གཞག་མ་ལུས་པ། །ཉམས་སུ་ལེན་སའི་དགོན་སྡེ་དང༌། །
ལེགས་པོར་ཉར་སའི་གཙུག་ལག་སོགས། །རྒྱུ་སྐར་བཞིན་དུ་གང་སར་ཁྱབ། །
རབ་བྱུང་ངུར་སྨྲིག་འཛིན་པ་དག །གཞུང་ལུགས་རྒྱ་མཚོའི་མཇིངས་པ་རུ། །
ལེགས་པར་འཇུག་པའི་ཚུལ་རྣམས་ནི། །དྲན་པ་ཙམ་གྱིས་དད་པ་སྐྱེས། །
དགེ་བའི་ལས་ལ་བརྩོན་པ་ཡི། །དད་ལྡན་ཕོ་མོ་སྟོང་ཁྲི་འབུམ། །
ཕྱག་བསྐོར་མཆོད་མཇལ་བྱེད་པ་སོགས། །མཐོང་བ་ཙམ་གྱིས་སྤྲོ་བ་འཕེལ། །
བཅུ་ཕྲག་རིག་པའི་གནས་རྣམས་ལ། །མཁྱེན་པ་མངའ་བའི་མཁས་དབང་དང༌། །
ཉམས་སུ་ལེན་མཁས་གྲུབ་ཐོབ་སོགས། །སྔ་ན་མེད་པ་ལྗོངས་འདིར་འཁྲུངས། །
གཞུང་ལུགས་རབ་འབྱམས་སྨྲ་བ་དང༌། །ལོག་སྨྲ་ཚར་འཇོམས་མཁན་པོ་དང༌། །
སྐད་གཉིས་སྨྲ་བ་གྲགས་ཅན་སོགས། །མཁས་དབང་བྱེ་བ་ཡུལ་འདིར་བྱོན། །
སྲིད་པའི་ཁྱོན་ན་གྲགས་པ་ཡི། །ཞི་བདེའི་དེད་དཔོན་ཆེན་པོ་ཞེས། །
ཀུན་གྱིས་བཀུར་བའི་སྤྱན་རས་གཟིགས། །ལྗོངས་འདིར་འཁྲུངས་པ་རྨད་དུ་བྱུང༌། །
ད་དུང་གནའ་དེང་རིག་གནས་ལ། །ལེགས་པར་འཇུག་མཁས་བློ་གྲོས་ཅན། །
མཁྱེན་པ་སྨྲ་བའི་སྤོབས་པ་ཅན། །ལ་སོགས་གྲངས་རྣམས་འདྲེན་པར་དཀའ། །
ནང་ཁུལ་མཐུན་སྒྲིལ་དམ་པ་དང༌། །ཕན་ཚུན་བརྩེ་དུང་ཟབ་པ་དང༌། །
ཆེ་བཀུར་ཆུང་ལ་བྱམས་པ་སོགས། །ཁ་བའི་ལྗོངས་ཀྱི་རྒྱན་ཆ་ཡིན། །
ཕ་མས་བྱིས་པར་བྱམས་སྐྱོང་དང༌། །བྱིས་པས་ཕ་མར་བཀུར་སྟི་སོགས། །
གཞན་ལ་མེད་པའི་ཡ་རབས་དེ། །ལྗོངས་འདིའི་ཡུལ་ལ་སྔོན་ནས་དར། །
ཉིན་མཚན་དུས་དྲུག་ཀུན་ཏུ་ནི། །དགེ་བའི་ལས་ལ་བརྩོན་པ་ཡི། །
དད་ལྡན་སེར་སྐྱ་ཕོ་མོ་རྣམས། །ཞི་བདེའི་འཚོ་བར་སྔར་བཞིན་འཇུག །
མདོ་སྟོད་མི་ཡི་ཆོལ་ཁ་དང༌། །མདོ་སྨད་རྟ་ཡི་ཆོལ་ཁ་དང༌། །
དབུས་གཙང་ཆོས་ཀྱི་ཆོལ་ཁ་གསུམ། །གཅིག་ཏུ་འདུས་པས་ལྗོངས་འདིའི་རྒྱན། །
མཛེས་ལྡན་ཁ་བ་གངས་ཅན་གྱི། །དགེ་མཚན་རྒྱ་མཚོའི་ཆུ་ཐིགས་ཙམ། །
བདག་གིས་ཡིག་ངོར་བཀོད་པ་འདིས། །ཀུན་ལ་སྤྲོ་བ་འཕེལ་བར་སྨོན། །
        མཐར་ཁ་དྲོ། བཀྲ་ཤིས།

ཞན་ཆ།
ཁོད་ཅིང་ཡངས་པའི་(ཁོད་ཡངས་མཉམ་པའི་) ཤ་མར་ཐུལ་(ཤ་མར་ཐུད་) ངུར་སྨིག་(ངུར་སྨྲིག་) མགོ་བོ་དུལ་བའི་(མགོ་བོ་དུད་པའི) སྲིད་པའི་ལྗོངས་(སྲིད་པའི་ཁྱོན་) རྨད་དུ་མཚར་(རྨད་དུ་བྱུང་) གཞན་ལ་མེད་པའི་ཡ་རབས་ལས་(གཞན་ལ་མེད་པའི་ཡ་རབས་དེ་) བཀུར་བསྟི་(བཀུར་སྟི་) 

མཛེས་སྡུག་ལྡན་པའི་བོད་ལྗོངས།   (ཨང་གཉིས་པ)

ཀརྨ་ཚེ་རིང༌། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ།

ཀ་བའི་བླ་མཐོར་བོད་ལྗོངས་ཤར། །ཁ་བས་ཡོངས་སུ་བཏུམས་པ་དང༌། །
ག་པར་ཡིན་ཡང་མཛེས་སྡུག་ལགས། །ང་ཅག་བོད་འདི་འཛམ་གླིང་ནོར། །
ཅ་ཅོ་མི་བྱེད་ཆོས་ཀྱིས་བཏུལ། །ཆ་ལུགས་བཟང་པོར་ཕྱི་ཡི་མིས། །
ཇ་བཟང་ཁ་ལ་ཞིམ་པ་དང༌། །ཉ་མོའི་རྩལ་ལ་བསྔགས་ལྟར་བསྟོད། །

    ཅེས་ཀ་ཕྲེང་གི་ཆ་ཙམ་སྔོན་ལ་གླེང་ནས་བོད་ལྗོངས་ཀྱི་བཀོད་པ་དང་དེའི་ཁྱད་ནོར། ཐུན་མོང་མ་ཡིན་པའི་མི་རིགས་བཅས་ཀྱི་ཐད་ནས་བརྗོད་ཀྱིས་མི་ལང་བ་ཡོད། དེ་ཡང་རང་གཟུགས་བྱམས་དང་སྙིང་རྗེས་བསྐྲུན་པའི་ཁ་བའི་མི་རིགས་ཀྱི་བགོ་སྐལ། ལྟ་བའི་མིག་དང་ཁོག་པའི་སྙིང༌། ྋསྤྱི་ནོར་ྋགོང་ས་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག་གི་རང་མདངས་གཟི་བརྗིད་འོད་ཟེར་ཕྱོགས་བཅུར་ཉི་འོད་འཕྲོས་པ་ལྟར་བོད་ཁ་བའི་ཡུལ་གྱི་བཀོད་པའི་རང་བཞིན་ཡུལ་ཁམས་གཞན་དུ་མེད་པར་མཛེས་སྡུག་ལྡན་པ་འཛམ་གླིང་གི་སྐྱེ་འགྲོ་ཐམས་ཅད་ཀྱིས་བསྔགས་སུ་འོས་པ་ཞིག་ཏུ་གྱུར་ཡོད་དེ། མཐའ་ལ་གངས་རིས་ཡོངས་སུ་བསྐོར་ཞིང་བ་སོའི་ཕྲེང་བ་བསྒྲིགས་པ་ལྟར་མིག་ལ་མཛེས་པའི་བོད་ལྗོངས་ཨེ་ཤ་ཡའི་སྙིང་ཁམས་སུ་ཆགས། ད་དུང་དེ་ཡིས་མི་ཚད་པར་པུར་རྒྱལ་བོད་ཀྱི་ཡུལ་དུ་རང་བཞིན་གྱི་ཡངས་པའི་སྤང་ལྗོངས་དང་མཚོ། བཞུར་རྒྱུན་རིང་ལ་དྭངས་ཤིང་གཙང་བའི་ཆུ་རྒྱུན། ཆེ་བའི་དགོན་པ། མཐོ་བའི་རི་བོ་སོགས་མདོར་ན་རིན་ཐང་བྲལ་བའི་གཏེར་དངོས་ཀྱི་ཐོན་ཁུངས་ལྟ་བུ་ཞིག་རེད། རང་ཅག་བོད་རིགས་རྣམས་ནི་ལོ་རྒྱུས་སུ་གྲགས་པ་ལྟར་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་གཉིས་ལས་མིའུ་གདུང་དྲུག་ནས་བརྒྱུད་པ་ཞིག་ཡིན། དེ་རྣམས་ཆོས་ལ་དད་པ། གཞན་ཕན་གྱི་ལྟ་བ་དང་ལྡན་པ་སོགས་ཡ་མཚན་ཁྱད་ཆོས་ལྡན་པའི་མི་རིགས་ཤིག་ཡིན། བོད་ནི་སྤྱིར་བཏང་ལས་དང་བསོད་ནམས་དབང་གིས་ཡུལ་ལྗོངས་མཛེས་པ་དང་བསིལ་བ། གང་སར་ཐོན་ཁུངས་ཀྱི་རི་རབ་དུ་མ། ཆོས་ལ་དད་པ། ཧ་ལམ་ཞི་བདེ་ཡི་ལྟེ་གནས་ཤིག་ཡིན་པ་གུས་པས་སྣང༌། གལ་ཏེ་བོད་ལྗོངས་ལ་རྐྱེན་དབང་གིས་རང་བྱུང་རྐྱེན་ངན་ཞིག་བྱུང་ན། འཛམ་གླིང་ཁྱོན་ཡོངས་ལ་གྱོང་གུད་ཅིག་ཐེབས་ངེས་ཡིན། དེ་ཡང་བོད་ནི་འཛམ་གླིང་ནང་མཐོ་ཤོས་དང་ངེས་པར་མཁོ་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་རྒྱུན་གཙང་པོ་སོགས་ཀྱི་འབྱུང་ཁུངས་ཡིན་པས་བོད་ལྗོངས་ནི་འཇིག་རྟེན་སའི་གོ་ལའི་ཁྱད་ནོར་ཡིན་ཞེས་དོགས་པ་མེད་པའི་ངང་ཞུ་ཐུབ་ངེས་རེད། མ་ཟད་བོད་ནི་ཡོངས་གྲགས་ལྟར་ཆོས་ལ་དད་པ་ཆེ་བའི་མི་རིགས་དང༌། རང་བཞིན་བཟང་བའི་བོད་མི་ལྟ་བུ་ནི་འཛམ་གླིང་ནང་ཆེས་དཀོན་པ་ཞིག་རེད། དེ་ལྟར་ན་བོད་ཡུལ་ནི་བོད་མི་རྣམས་ཀྱི་གནས་ཡུལ་ཡིན་པས་དེ་ནི་དངོས་གནས་ཤིན་ཏུ་རྩ་ཆེན་ཞིག་ཀྱང་ཡིན་སྙམ།
    དེང་དུས་ཀྱི་འཛམ་གླིང་ཆེན་པོ་འདི་ནི་ཕྱིའི་དངོས་པོའི་ཐད་ནས་ཡ་མཚན་སྐྱེ་འོས་པ་ཞིག་ཡིན་ཡང་སྔར་ལས་ལྷག་པའི་ནང་སེམས་ཀྱི་བདེ་སྡུག་གི་གནས་བབ་ཞན་དུ་ཕྱིན་ཡོད། དེ་མཚུངས་འཛམ་གླིང་མི་རྣམས་ད་ཆ་རང་དོན་དང་འདོད་རྔམས་ཆེ་རུ་སོང་བས་གཅན་གཟན། རི་དྭགས། འདབ་ཆགས་སོགས་ཀྱི་ཚེ་སྲོག་དང་རང་དབང་འཕྲོག་ནས་ད་ཆ་རིམ་པས་ཇེ་ཉུང་དུ་འགྲོ་བཞིན་ཡོད། འོན་ཀྱང་བོད་ལྗོངས་སུ་ཡུལ་གྲུ་གཞན་དུ་མེད་པའི་རི་དྭགས་དང་གཅན་གཟན་བྱི་ལ་དོམ། དབྱི་སོགས་དང༌། ལྷག་པར་ཁྲུང་ཁྲུང་སྐེ་ནག་ལ་སོགས་པའི་འདབ་ཆགས་རིགས་མང་པོ་ཡོད། བོད་མི་རྣམས་གཞན་ལ་གནོད་འཚེ་མི་བྱེད་པས་དེ་རྣམས་གང་སར་བག་ཕབ་ངང་གནས་ཀྱིན་ཡོད་ལ། ཐ་ན་རི་དྭགས་དང་གཅན་གཟན་ལྷན་དུ་འགྲོགས་ཀྱང་སེམས་ལ་འཇིགས་པ་མེད་པ་ཞི་བདེར་གནས་ཡོད།
    གང་ལྟར་བོད་ལྗོངས་ནི་ཡུལ་ལུང་གཞན་དང་མི་འདྲ་བའི་མཛེས་སྡུག་དང་ལྡན་ལ། ལྟ་ན་སྡུག་པ་ཞི་བའི་ལྟེ་གནས་ཤིག་ཡིན་ལ་འཛམ་གླིང་གི་ཁྱད་ནོར་ཞིག་ཀྱང་ཡིན། མི་རིགས་དང་དེ་བཞིན་རྩ་ཆེའི་ཆོས་དང་རིག་གཞུང་སོགས་གང་གི་ཐད་ནས་བརྗོད་ཀྱང་ཡ་མཚན་ལྡན་པ་ཞིག་དང་འགྲན་དུ་མི་ནུས་པའི་ཡུལ་ལྗོངས་ཤིག་ཡིན་པ་སུས་ཀྱང་ཤེས་ཀྱིན་ཡོད། དེས་ན་རང་ཅག་བོད་མི་རྣམས་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་འདི་ཉིད་སྲིན་པོ་རྒྱ་ཡི་ལག་ནས་མྱུར་དུ་ཐོབ་པའི་སྨོན་འདུན་དང་བཅས་སོ། །
ཞན་ཆ།
འོད་འཕྲོད།(འོད་འཕྲོས་) གངས་རིས་ཡོངས་སུ་མ་ལུས་པ་བསྐོར་(གངས་རིས་ཡོངས་སུ་བསྐོར) ཕྲེང་བའི་བ་སོ་བརྩེགས་པ་ལྟར(བ་སོ་ཕྲེང་བ་བསྒྲིགས་པ་ལྟར) རིང་བའི་དྭངས་གཙང་གི་ཆུ་རྒྱུན(བཞུར་རྒྱུན་རིང་ལ་དྭངས་ཤིང་གཙང་བའི་ཆུ་རྒྱུན) བྱང་ཆུབ་སེམས་པ།(བྱང་ཆུབ་སེམས་དཔའ་) འདབ་བྱ་སོགས།(འདབ་ཆགས་) དོམ་དང་དབྱིབས་སོགས་(དོམ་དང་དབྱི་སོགས་) རང་འབྱུང་(རང་བྱུང་) གྱོང་རྒུད་(གྱོང་གུད་) ཁྱོན་ཡོངས་ཀྱི་འཛམ་གླིང་ལ་(འཛམ་གླིང་ཁྱོན་ཡོངས་ལ་) འབྱུང་ཁུངས་ཡིན་པ་རེད། དེ་འདྲ་སོང་ཙང་(འབྱུང་ཁུངས་ཡིན་པས་བོད་ལྗོངས་) ཆོས་ལ་དད་པ་ཡི་མི་རིགས།(ཆོས་ལ་དད་པ་ཆེ་བའི་མི་རིགས་)  འཁྲུངས་འཁྲུངས་སྐེ་ནག(ཁྲུང་ཁྲུང་སྐེ་ནག་) གནོད་འཚེ་མི་བྱས་པས།(གནོད་འཚེ་མི་བྱེད་པས་) བག་འཕེབས།(བག་ཕབ་) ཞི་བདེ་ཡོད་པ་རེད།(ཞི་བདེར་གནས་ཡོད།) ས་གཞི་གོ་ལའི་ཁྱད་ནོར་(སའི་གོ་ལའི་ཁྱད་ནོར) རྩ་ཆེན་ཆོས།(རྩ་ཆེའི་ཆོས་) སྲིན་བུ། (སྲིན་པོ་) མྱུར་ཐོབ། (མྱུར་དུ་ཐོབ་)

མཛེས་སྡུག་ལྡན་པའི་བོད་ལྗོངས།   (ཨང་གསུམ་པ)

བྱམས་པ་ཀུན་མཁྱེན། སེར་བྱེས་འབྲིང་རིམ་སློབ་གྲྭ། 

༄༅། །སྤྱིར་འཇིག་རྟེན་གོ་ལ་ཟླུམ་པོ་འདིའི་སྒང་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ཡོད་པ་ལྟར་ཡུལ་ལྗོངས་ཀྱི་བཀོད་པ་ཆགས་ཚུལ་དང་མི་རིགས་ཀྱི་འཚོ་བའི་གནས་སྟངས། ལུགས་སྲོལ། གོམས་གཤིས་ཡན་ནས་འདྲ་ཡི་མེད། ང་ཚོའི་ཕ་ཡུལ། ལྷ་ཡི་གནས་མཆོག འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང༌། བོད་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་ཞེས་པ་འདིའི་ཡུལ་ལྗོངས་ཀྱི་བཀོད་པ་ཆགས་ཚུལ་ཅི་འདྲ་ཞིག་ཡོད་ཅེ་ན། ཡུལ་དེའི་མཐར་གངས་རི་བརྗིད་ཉམས་ལྡན་པ་དུ་མས་བསྐོར་ནས་གནས་པས། ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་གྱི་ས་མཚམས་ཀྱི་མཚོན་རྟགས་ཁྱད་པར་ཅན་ཞིག་ཀྱང་ཡིན། ཡུལ་དེའི་སྟོད་ལ་གངས་རི་དཀར་ཐིང་ངེར་ཡོད་པ་དེས་དེར་གནས་པའི་འགྲོ་བ་མི་དང་དུད་འགྲོ། ཐ་ན་སྲོག་ཆགས་འབུ་སྲིན་ཡན་ཆད་ཞི་བདེ་བག་ཕབ་ངང་གནས་ཡོད་ཅེས་བརྗོད་ན་འགྲིག་པ་ཞིག་རེད། བར་ལ་རྫ་རིས་བསྐོར་ནས་ཡོད་པ་དེས་བོད་མི་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་བྱ་ཡིན་ནའང་ཏོག་ཙམ་འདུལ་དཀའ་བ་དང༌། ཕར་ལྟ་དུས་ཞལ་རས་སྨུག་ཙམ་ཡོད་པ་མཚོན་ཡང་དོན་ལ་ག་ལ་ཡིན། གཤམ་ལ་སྤང་རི་དང་ནགས་ཚལ་གྱིས་ཁེངས་པའི་རི་ལུང་མཛེས་སྡུག་ཕུན་སུམ་ཚོགས་པའི་དཀྱིལ་ནས་འབབ་ཆུ་ལྷུང་ལྷུང་བབས་པའི་བཟོ་བཀོད་དེ་ཁ་བའི་ལྗོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་ལ་སེམས་དཀར་པོའི་མཇལ་དར་བསྒྲོན་པ་དང་གཉིས་སུ་མ་མཆིས། ཡུལ་དེར་གནས་པའི་གཅན་གཟན་དག་ཀྱང་གདུག་པ་ཅན་དེ་ཙམ་མེད་ཁར། རི་དྭགས།  གནའ་བ། ཤྭ་བ། གླ་བ། རྒོ་བ། རྐྱང་སོགས་ཀྱང་རོ་བཅུད་ཕུན་སུམ་ཚོགས་པའི་རྩྭ་ཆུ་ལ་མཛའ་བརྩེ་དང་ཞི་བདེ་ལྷིང་འཇགས་ཀྱི་དགའ་བདེའི་དཔལ་ལ་རོལ་བཞིན་གདའ། དེ་དག་གིས་འཛམ་གླིང་ཡུལ་གྲུ་ཁག་གི་ཡུལ་སྐོར་སྤྲོ་འཆམ་པའི་སེམས་པ་རང་དབང་མེད་པར་འཕྲོག་པས་ཡུལ་ལྗོངས་ཀྱི་བཀོད་པ་དང་འདོད་རྒུའི་ལོངས་སྤྱོད་ལ་བྲེལ་བའི་གཟིགས་སྐོར་བ་བརྒྱ་ཕྲག་མང་པོ་ལྟད་མོ་བལྟ་བར་ཡོང་གི་ཡོད་ཁར་བསྔགས་བརྗོད་ཀྱི་མེ་ཏོག་སྦྲང་ཆར་བཞིན་འབབ་པ་ནི་ངོ་མཚར་བའི་གནས་ཤིག་ཆགས་ཡོད།
    མ་ཟད་སྒོ་ཕྱུགས་སེམས་ཅན། གཡག འབྲི། མཛོ་མོ། མཛོ། བ་གླང༌། རྟ་དྲེལ་བཅས་མང་དག་ཅིག་ཡོད་ལ། དེ་དག་ཀྱང་ལུང་པའི་མཛེས་སྡུག་གི་རྒྱན་ཆ་ཁྱད་པར་ཅན་ཞིག་ཡིན་པ་སོགས་ནི་སྐྱེ་བོ་ཐ་མལ་བ་ང་འདྲ་བ་ཞིག་གིས་བརྗོད་པའི་ཡུལ་ལས་འདས་པ་ཞིག་ཆགས་འདུག་སྙམ། ཡུལ་དེར་ས་ཡོམ་དང་ནད་ཡམས། ཆུ་ལོག་རླུང་འཚུབ་སོགས་ཧ་ཅང་ཉུང་ཉུང་ཡོད་པ་ནི་རིན་པོ་ཆེའི་གཏེར་སྣ་ཚོགས་ཀྱིས་གཏམས་པས་རེད། གཏེར་ཁ་གང་དང་གང་ཡོད་ཅེ་ན། གསེར་དང༌། མུ་ཏིག ཟངས། རག དངུལ། ལྕགས་རིགས་འདྲ་མིན་དང༌། ཞ་ཉེ། ཚྭ་ལ་དཀར་པོ། གཡུ། བྱུ་རུ། གཟི་སོགས་ཚད་མེད་ཅིག་ཡོད་པས་རིན་ཆེན་གཏེར་རིགས་ཀྱི་གླིང་ཞེས་ཀྱང་བརྗོད་ཆོག
    ཡུལ་དེའི་དབུས་ན་བོད་ཀྱི་རྒྱལ་ས་ལྷ་ས་ཡོད། དེའི་དབུས་ན་གནའ་རབས་ཀྱི་ལོ་རྒྱུས་དང་ཁྱད་ཆོས་ལྡན་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཡོད། མ་ཟད་ཕོ་བྲང་ཆེན་པོ་པོ་ཏཱ་ལ་ནི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་བཞེངས་པ་དང༌། སླར་ཡང་ྋརྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་རྒྱ་བསྐྱེད་གནང་བའི་ད་ལྟའི་མིག་ལམ་དུ་གླང་ཆེན་འཕྲེད་དུ་ཉལ་བ་ལྟ་བུའི་རི་བོ་གྲུ་འཛིན་སྟེང་དུ་ཕོ་བྲང་ཆེན་པོ་བརྗིད་ཉམས་ཀྱིས་གནས་པ་དེ་མིག་གིས་མཐོང་བ་ཙམ་གྱིས་སེམས་ལ་ཞི་བདེ་དང་དགའ་བའི་ཚོར་བ་རང་ཤུགས་ཀྱིས་སྦྱིན། ནང་པ་སངས་རྒྱས་པའི་ཆོས་ཀྱི་སློབ་སྦྱོང་བྱེད་སའི་བསྟི་གནས་སེ་ར། འབྲས་སྤུངས། དགའ་ལྡན། རྒྱུད་གྲྭ་སྟོད་སྨད་སོགས་སུ་གྲྭ་མང་ཁྲི་ཕྲག་མང་པོས་ནང་པ་སངས་རྒྱས་པའི་ཆོས་ཀྱི་བདུད་རྩི་ལ་འཚང་ཁ་ཤིག་ཤིག་གིས་རོལ་བ་ནི་མེ་ཏོག་གི་རྩི་བཅུད་ལ་བུང་བ་འཁོར་བ་དང་གཉིས་སུ་མེད། མ་ཟད། དགེ་འདུན་པ་རྣམས་སེམས་ཞི་ཞིང་དུལ་བ། སྤྱོད་པ་རྩུབ་རེག་དང་བྲལ་ཞིང༌། ལུགས་གཉིས་དང་མཐུན་པའི་སྤྱོད་པ་ལོངས་སུ་སྤྱོད་ཀྱི་ཡོད་པས་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་གྱི་མི་རིགས་མང་པོ་ཞིག་དཀར་ཕྱོགས་ཀྱི་ལས་ལ་སེམས་ཤོར་ཡུལ་དུ་གྱུར་ཡོད།
    ཡིན་ནའང༌། ཡིད་སྐྱོ་བའི་གནས་ཚུལ་ཞིག་བརྗོད་ན། ཕྱི་ལོ་༡༩༤༩ ལོར་ནས་རྒྱ་དམར་གུང་ཁྲན་ཏང་གིས་ང་ཚོའི་ཕ་ཡུལ་མཛེས་སྡུག་ཕུན་སུམ་ཚོགས་པའི་ཡུལ་དུ་ཐེ་བྱུས་བྱ་འགོ་བརྩམས་སྟེ། ཕྱི་ལོ་༡༩༥༩ ལོར་དྲག་ཆས་སྤྲས་ཏེ་བཙན་འཛུལ་ཧམ་སེམས་བྱས་ནས་བཟུང་དགའ་བདེ་ལོངས་སྤྱོད་ཀྱི་འཚོ་བ་རོལ་རྒྱུ་མ་བྱུང་བ་མ་ཟད། དགོན་སྡེ་ཁག་ནས་རྟེན་གཙོ་སྐུ་འདྲ་དང་ཕྱག་དཔེ་སོགས་གཏོར་བཅོམ་བཏང་བ་གྲངས་ལས་འདས་པ་ཡིན་ནའང༌། ད་ཆ་རྒྱ་དམར་གྱིས་འཛམ་གླིང་མི་དམངས་ལ་ངོམ་ཕྱིར། གྲོང་ཁྱེར་དང༌། རྒྱལ་ས་ཁག་ལ་ལམ་ཡག་པོ་བཟོ་རྒྱུ་དང་ཁང་པ་ཁྲ་ཁྲ་ཟིང་ཟིང་བཟོ་རྒྱུ་ནི་ཁོང་ཚོའི་བྱུས་ངན་ཞིག་ཡིན་པ་ལས། དོན་དངོས་ཐོག་གྲོང་གསེབ་ཁག་དང་ལུང་ཀྱོག་སོགས་སྔར་ལས་གནས་སྟངས་སྐྱོ་པོ་ཆགས་ཡོད། ཁོང་ཚོའི་ཁ་ལ་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ཞེས་འཁྱེར་བ་མ་གཏོགས། མིས་མ་ཚད། དུད་འགྲོ་སྲོག་ཆགས་འབུ་སྲིན་ཚུན་ཆད་ཞི་བདེ་བག་ཕབ་ངང་རྩ་ཆུར་རོལ་མ་བཅུག་པར་སོ་སོའི་ཕ་ཡུལ་ནས་མི་ཡུལ་ལ་ཚོང་འབྲེལ་བྱེད་བཞིན་ཡོད་པ་ནི་སྨྲ་མི་དགོས། གཏེར་ཁ་དབོར་འདྲེན་བྱེད་པ་ལ་ཆ་མཚོན་ན། གསེར་གཅིག་པོ་ལ་རྒྱ་སྒོར་ས་ཡ་མང་པོའི་རིན་འབབ་ཁྱེར་དང་འཁྱེར་བཞིན་པ་དང༌། མཁའ་རླུང་དྭངས་ཤིང་གཙང་བ་དང༌། གཙང་ཆུ་རོ་བཅུད་ལྡན་པ་དག་བཙོག་པ་བཟོ་ཕྱིར་འབར་རྫས་ཀྱི་བཟོ་གྲྭ་འདྲ་མིན་བསྐྲུན་དང་སྐྲུན་བཞིན་ཡོད། ཡུལ་ལྗོངས་ཀྱི་རྒྱན་གཙོ་བོ་ཤིང་ནགས་དབོར་འདྲེན་བྱས་དྲགས་པས་དབྱར་ཁ་ཆར་དུས་སྐབས་སུ་ཆུ་འཛིན་མཁན་ཉུང་བའི་རྐྱེན་གྱིས་བོད་ས་ཕྱོགས་གང་སར་ཆུ་ལོག་བརྒྱབ་པ་སོགས་ཀྱི་གནས་ཚུལ་ཡིད་སྐྱོ་དགོས་པ་མང་པོ་ཐོན་གྱི་འདུག
    དེར་བརྟེན་ང་ཚོའི་ཕ་ཡུལ་གངས་ལྗོངས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་གྲུ་འདི་མི་བསད་ཁྲག་སྦྱོར་གྱི་ཁྲག་དྲི་བྲོ་ཡུལ་དང་མྱ་ངམ་ཐང་ལྟ་བུ་ཆགས་པ་འདི། རྒྱ་དམག་གིས་བསྐྲུན་པ་ཞིག་ཡིན་པས། ད་ཆ་ས་གཞིའི་སྟེང་མཛེས་སྡུག་ལྡན་ནའང་ནང་བཅུད་ཕལ་ཆེར་དབོར་འདྲེན་བྱས་ཚར་བ་རེད། དེར་བརྟེན་གངས་ཕྲུག་ན་གཞོན་རྣམས་དེང་རབས་ཀྱི་ཁྲ་ཁྲ་ཟིང་ཟིང་ལ་མ་གཡེང་བར་སྲོལ་རྒྱུན་གྱི་ཤེས་ཡོན་གཙོ་འཛིན་ཐོག་དེང་རབས་འཛམ་གླིང་ཡུལ་གྲུ་ཁག་གི་སྐད་ཡིག་སྦྱང་བརྩོན་མཐའ་འཁྱོལ་བགྱིས་ཏེ་ཕ་ཡུལ་མཛེས་རྒྱན་ཕུན་སུམ་ཚོགས་པའི་ཡུལ་དུ་གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བའི་ཤིས་སྨོན་དང་བཅས་བྲིས།
ཞན་ཆ།
དཀར་ཐོས་ངེར་(དཀར་ཐིང་ངེར་) རོལ་བཅུད་(རོ་བཅུད་)  རྒོལ་བ་(རྒོ་བ་)  དེ་དག་ཀྱིས་(དེ་དག་གིས་)  ཡུལ་ཁམས་སྤྲོ་འཆམ་(ཡུལ་སྐོར་སྤྲོ་འཆམ་)  ཐ་མ་བ་(ཐ་མལ་བ་) ཆུ་གློག(ཆུ་ལོག་)  གཏེར་ཀ། (གཏེར་ཁ་) རི་བོ་གྲུ་འཛིན་སྟེང་དུ་གླང་ཆེན་ཕྲད་ཉལ་རྒྱག་པ་བཞིན(གླང་ཆེན་འཕྲེད་དུ་ཉལ་བ་ལྟ་བུའི་རི་བོ་གྲུ་འཛིན་སྟེང་དུ་ཕོ་བྲང་ཆེན་པོ་)མཛེས་སྡུག་ལྟ་ན་སྡུག་པའི་(མཛེས་ཤིང་ལྟ་ན་སྡུག་པའ)ི འབུ་བ་(བུང་བ་) ལུང་ཅོག་(ལུང་ཀྱོག་) འབའ་རྫས་(འབར་རྫས་) ཡོད་དོ་ཅོག་ཕལ་ཆེར་དབོར་འདྲེན་བྱས(ཕལ་ཆེར་དབོར་འདྲེན་བྱས )

མདུན་ཤོག

Menu