སྒོ་དམར་སངས་རྒྱས་བཀྲ་ཤིས།

    སྐད་ཡིག་ནི་མི་རིགས་ཤིག་གི་ངོ་བོ་མཚོན་པའི་མཚོན་རྟགས་དང་ཚེ་སྲོག་ཡིན་པར་གསུངས་བཞིན་པ་ལྟར། མི་རིགས་གང་ཞིག་གི་དར་རྒུད་དང་འཕེལ་རྒྱས་ཀྱི་དཀྱོགས་མཚམས་ཡོད་ཚད་ཀྱང་སྐད་ཡིག་གང་ཞིག་གི་འཕེལ་རྒྱས་སམ་དར་རྒུད་ལས་གསལ་བར་མཐོང་ཐུབ།  དེ་ནི་མི་རིགས་ཤིག་གི་དར་རྒུད་དང་སྐད་ཡིག་གཉིས་ནི་ནམ་ཡང་ཡ་བྲལ་དུ་མེད་པ་ཞིག་ཡིན་པས་སོ། །
    ཡོངས་གྲགས་ཀྱི་ལོ་རྒྱུས་ཁག་ཏུ་བོད་ཀྱི་སྐད་ཡིག་ནི་སྤྱི་ལོ་དུས་རབས་བདུན་པ་སྟེ། སྲོང་བཙན་སྒམ་པོའི་(༦༡༧ –  ༦༥༠) སྐབས་སུ་སློབ་དཔོན་ཐོན་མི་མཆོག་(༦༡༩ – )  གིས་བོད་སྐད་ཡིག་གསར་དུ་བཏོད་པ་ནས་བཟུང་བྱུང་བར་བཞེད་ཀྱང༌། དོན་དངོས་སུ་དུས་སྐབས་དེའི་སྔོན་ནས་བོད་ལ་ཡི་གེ་ཡོད་པ་ཙམ་དུ་མ་ཟད། ལོ་ཙཱའི་གཞུང་ལུགས་ཀྱང་ཡོད་ཚུལ་བོན་གྱི་ལོ་རྒྱུས་ཁག་ཏུ་གསལ། དེ་ཡང་<<བྱམས་མ་>>༡ལས་’དེའི་སྲས་མུ་ཁྲི་བཙན་པོས་བསླབས་པས་དོན་གོ བསྒྲུབས་པས་དོན་གྲུབ། བསྒོམ་པས་དོན་རྟོགས་ནས་སྟག་གཟིག་ལ་སོགས་པའི་འཛམ་བུ་གླིང་གི་ལོ་ཙཱ་བསྒྱུར། བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་’ཞེས་དང༌། <<སྐལ་བཟང་མགྲིན་རྒྱན་>>སོགས་ལས་”བོད་ཀྱི་ལོ་པཎ་རྣམས་ཀྱིས་སྟག་གཟིག་དང་ཞང་ཞུང༌། ཨོ་རྒྱན་ཡུལ་དང༌། རྒྱ་དཀར་ནག ཧོར་དང་སོག་པོ་སོགས་ཀྱི་སྐད་ཡིག་ནས་གཞུང་ལུགས་སྣ་ཚོགས་པ་བསྒྱུར་”བར་གསུངས་ཤིང༌། དུས་སྐབས་དེའི་རིང་ལ་ཞང་བོད་སྐད་གཉིས་ཤན་སྦྱར་གྱི་མིང་མཛོད། <<ཤ་རིའི་སྒྲ་འགྲེལ་>> ཞེས་པ་ཞིག་ཀྱང་བྱུང་བར་གྲགས་པ་ལ་བལྟས་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ནས་བཟུང་བོད་ལ་ཡི་གེ་ཡོད་པ་ཙམ་དུ་མ་ཟད། ལོ་ཙཱའི་གཞུང་ལུགས་ཀྱང་དར་ཟིན་པར་འདོད་དོ། །འདིའི་ཐད་ཞིབ་གསལ་མཁྱེན་འདོད་ན་མཁས་དབང་ནམ་མཁའི་ནོར་བུའི་<<ཞང་བོད་ལོ་རྒྱུས་ཏི་སིའི་འོད>> ཅེས་པར་གཟིགས་རོགས། 
    དེང་སྐབས་ང་ཚོར་མིག་མཐོང་ལག་ཟིན་དུ་ཡོད་པའི་འགྱུར་ཡིག་རྣམས་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་བྱུང་བ་རྣམས་ཡིན་ཞིང༌། དེ་ཡང༌། སློབ་དཔོན་ཐོན་མི་གཙོས་པའི་ལོ་ཆེན་མང་པོས་ནང་བསྟན་ཆོས་ལུགས་ཀྱི་གཞུང་ལུགས་མང་པོ་བོད་དུ་བསྒྱུར་ཞིང༌། ཀུན་གྱིས་ཐོས་བསམ་མཛད་པའི་སྲོལ་བཏོད། འོན་ཀྱང་གནས་སྐབས་དེར་ལོ་ཙཱའི་གཞུང་ལུགས་ཤིག་བྱུང་མེད་ཚོད་དུ་སྣང༌། དེའི་ཕྱིས་སུ་ཆོས་རྒྱལ་ཁྲི་སྲོང་(༧༤༢ –  ༧༩༧)སྐབས་སུ་མཁན་ཆེན་བོདྷིསཏྭ་དང་སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱིས་ནང་བསྟན་ཆོས་ལུགས་ལ་ཐོས་བསམ་བྱེད་པའི་སྡེ་ཐོག་མར་བཙུགས་ཤིང༌། རྒྱ་གར་དང་བོད་ཀྱི་པཎ་གྲུབ་དུ་མ་ལྷན་དུ་སྡེ་སྣོད་མང་པོ་བོད་བསྒྱུར་བྱས། དུས་སྐབས་དེར་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་གནས་བརྒྱད་ཆེན་མོ༢་བརྩམས།  
    ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཆེས་འོད་སྟོང་འབར་བའི་ལོ་རབས་ཤིག་དང༌། ཆོས་སྲིད་རིག་གནས་གང་གི་ཐད་ནས་ཀྱང་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་གསེར་མདོག་གི་དུས་རབས་ཤིག་ཏུ་བཤད་ཆོག ཁོང་གི་སྲས་ཁྲི་ལྡེ་སྲོང་བཙན་གྱི་དུས་སྐབས་སུ་སྔ་འགྱུར་ཚང་མ་གཅིག་ཏུ་བསྡུས་ནས་བརྡ་དང་ཐ་སྙད་གཅིག་གྱུར་ཡོང་ཆེད་དུ་བཀས་བཅད་གཉིས་པ་མཛད་ཅིང༌། བྱེ་བྲག་རྟོགས་བྱེད་ཆེན་མོ་དང༌། འབྲིང༌། ཆུང་ངུ་བཅས་བརྩམས་གནང་མཛད། དེ་ལས་བྱེ་བྲག་རྟོགས་བྱེད་འབྲིང་ནི་དེང་སྐབས་ཡོངས་གྲགས་སུ་ཡོད་པའི་སྒྲ་སྦྱོར་བམ་གཉིས་པ་ཅེས་པ་འདི་ཡིན་པར་གྲགས་ལ། འདིར་ལོ་ཙཱའི་ཚད་གཞི་དང༌། གཏན་ཚིགས་སོགས་བྱེ་བྲག་བོད་ཀྱི་སྐད་ཡིག་གི་ལུགས་གཙོར་བཟུང་གིས་བསྟན་ཡོད་པ་དང༌། དོན་སྒྱུར་དང་ཐད་སྒྱུར་ཞེས་སྒྱུར་ཐབས་རགས་རམ་པ་ཙམ་མ་ཡིན་པར། བྱེ་བྲག་གི་སྒྱུར་ཐབས་མང་དུ་བསྟན་ཞིང༌། ཚིག་ཉུང་ལ་དོན་ཟབ་པའི་ལོ་ཙཱའི་གཞུང་ལུགས་ཚང་ལ་མ་ནོར་བ་ཞིག་བསྟན་འདུག་པ་འདི་དག་ནི་ལོ་ཙཱའི་བྱ་བར་ཞུགས་མཁན་ཞིག་ཡིན་ན་ངེས་པར་དུ་སློབ་གཉེར་གནང་དགོས་ངེས་ཤིག་ཏུ་མཐོང་ལ། དེ་ཡང་གོང་གི་ལོ་ཙཱའི་ཚད་གཞི་གཏན་ལ་ཕབ་པའི་གཞུང་ལུགས་དེ་ནི་ལེགས་བོད་སྐད་ཡིག་གཉིས་གཅིག་པུར་སྤྱོད་དུ་རུང་བ་ལས་གཞན་ལ་བཀོལ་དུ་མི་རུང་བ་ཞིག་མིན་པ་ནི། དུས་སྐབས་དེའི་རྒྱ་ནག་གི་སྐད་མཁྱེན་པའི་ལོ་ཙཱ་བ་༣འགོས་ཆོས་གྲུབ་རྗེའི་འགྱུར་མདོ་མཛངས་བླུན་སོགས་རྒྱ་ནག་གི་སྐད་ལ་བསྒྱུར་འདུག་པ་ལྟ་བུས་མཚོན་ནོ། །
    བོད་བཙན་པོའི་གདུང་རྒྱུད་ཀྱི་སྲིད་དབང་ཁ་འཐོར་དུ་ཕྱིན་པའི་རྗེས་སུ་ཡང་སྒྲ་སྦྱོར་བམ་གཉིས་ཀྱི་བསྟན་དོན་མ་ལུས་གཙིགས་སུ་འཛིན་པའི་བོད་ཀྱི་ལོ་ཙཱའི་བྱ་གཞག་མུ་མཐུད་དུ་གནས་པ་དང༌། ཐུན་མོང་གི་སྒྲིག་གཞི་འདིར་ཀུན་གྱིས་གཙིགས་འཛིན་དང་གོང་བཀུར་བྱས་པའི་ཉེར་ལེན་གྱིས་ས་གནས་འདྲ་མིན་ནས་ལོ་ཙཱ་བ་འདྲ་མིན་གྱིས་བསྒྱུར་བའི་སྒྲ་རིག་བཟོ་གསོ་སོགས་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་གང་ལ་ཡང་སྐད་བརྡ་གཅིག་གྱུར་གྱི་ནུས་པ་ཆེས་ཆེར་ལྡན་པ་རེད། 
    དུས་ཕྱིས་སུ་ས་སྐྱ་པནྜིཏ་ཀུན་དགའ་རྒྱལ་མཚན་གྱིས་(༡༡༨༢ –  ༡༢༥༡)སྔར་གྱི་ལོ་ཙཱ་བ་རྣམ་པས་བསྒྱུར་བའི་འགྱུར་སྔ་མ་རྣམས་ལ་ཞུ་དག་དང་བཅས། ཁོང་རང་ཉིད་ཀྱི་ལྟ་བ་ཟུར་དུ་བཏོན་གནང་མཛད་པ་དང༌། དེ་ཡང་སྤྱིའི་ཆ་ནས་སྒྲ་སྦྱོར་བམ་གཉིས་ཀྱི་བསྟན་དོན་དང་ཆ་མཚུངས་མོད། བྱེ་བྲག་གི་བསྟན་བྱ་རེ་ཟུང་ལ་སྔར་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད། འོན་ཀྱང༌། ཁོང་གིས་བསྟན་པ་རྣམས་ལས་མང་པོ་ཞིག་ནི་ལེགས་སྦྱར་སྐད་དང་བོད་སྐད་གཉིས་པོ་ཙམ་ལས་སྐད་ཡིག་གཞན་དང་གཞན་དུ་མི་ཡོང་བ་ཙམ་དུ་མ་ཟད། ལེགས་བོད་སྐད་རིགས་གཉིས་ཀྱི་རྣམ་དབྱེ་སྦྱོར་ཚུལ་ཙམ་ལ་ཡང་ཁྱད་ཆེན་པོ་ཐོན་པས། ཕྱིས་ཀྱི་ཁོང་གི་རྗེས་རབས་པ་རྣམས་ཀྱི་འགྱུར་ལ་དེ་འདྲའི་ནོར་འཁྲུལ་བྱུང་བ་ཡང་མང་ཞེས་ལོ་ཙཱའི་གཞུང་ལུགས་ལ་དཔྱད་ཞིབ་བྱེད་མཁན་རྣམས་ཀྱིས་གསུངས། དེའི་དཔེ་མཚོན་གཅིག་ནི་ལོ་ཆེན་བྱང་ཆུབ་རྩེ་མོས་(༡༣༠༣ –  ༡༣༨༠)བསྒྱུར་བའི་སྙན་ངག་སྤྲིན་གྱི་ཕོ་ཉ་སོགས་སོ། །
    དུས་དེ་ནས་བཟུང་ཆོས་སྲིད་རིག་གནས་ཀུན་ལ་མཁས་པའི་ལོ་ཙཱ་བ་རབ་དང་རིམ་པར་བྱུང་ཞིང༌། ཁོང་རྣམ་པས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཐད་ལ་སྔར་མེད་ཀྱི་བཞེད་ཚུལ་གསར་འདོན་དང་བཅས་འཛིན་སྐྱོང་སྤེལ་གསུམ་བྱས་པ་དང༌། གོང་མ་གོང་མའི་ལེགས་ཆ་བརྒྱུད་འཛིན་བྱས་པའི་ཉེར་ལེན་གྱིས། དུས་རབས་རིམ་པར་བྱུང་བའི་བོད་ཀྱི་ཆོས་བརྒྱུད་དང་ཆོལ་ཁ་རིས་མེད་ཀྱི་ལོ་ཙཱ་བ་གྲངས་མེད་ཅིག་གིས་ས་གནས་སོ་སོ་ནས་བསྒྱུར་བ་ཐམས་ཅད་ལ་མིང་བརྡ་དང་དག་སྡེབ་དེ་ལྟའི་གཅིག་མཐུན་བྱུང་ཞིང༌། དུས་རབས་ཉེར་གཅིག་པའི་དེང་གི་དུས་སུ་ཡང་བོད་རིགས་སུས་བཀླགས་ཀྱང་བདེ་ལེགས་ངང་རྟོགས་ཐུབ་པའི་ཁྱད་ཆོས་ལྡན་པ་འདི་རྣམས་ནི།  ང་ཚོ་ཕྱི་རབས་དག་གིས་ཅི་ནས་ཀྱང་ཐུགས་ལ་འཇགས་དགོས་ངེས་ཤིག་རེད་སྙམ་མོ། །
    དུས་ཕྱིས་སུ་ལྕང་སྐྱ་རོལ་བའི་རྡོ་རྗེས་(༡༧༡༧ –  ༡༧༨༦)བསྟན་འགྱུར་སོག་ཡིག་ཏུ་བསྒྱུར་ཞིང༌། སོག་བོད་སྐད་ཡིག་གཉིས་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དང༌། སྐད་ཀྱི་གཤིས་ལུགས་སོགས་ལ་གཤིབ་བསྡུར་གྱིས་གནད་དུ་སྨིན་པའི་དཔྱད་ཞིབ་མཛད་ཅིང༌། སྒྱུ་རྩལ་རྩོམ་རིགས་དང་རིག་གཞུང་ཆེན་མོ་སོགས་ཀྱི་སྒྱུར་ཐབས་བྱེ་བྲག་ཏུ་བསྟན་ནས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལ་མཛད་རྗེས་ཆེན་པོ་བཞག  
    མཁས་དབང་དགེ་འདུན་ཆོས་འཕེལ་(༡༩༠༣-   ༡༩༥༡)ནི་བོད་ལ་དུས་འགྱུར་མ་བྱུང་སྔོན་གྱི་ཉེ་བའི་དུས་རབས་ནང་གི་ལོ་ཙཱ་བ་ཞིག་དང༌། ཕྱི་ནང་གི་རིག་གནས་ཀུན་ལ་འཇུག་པ་ཡངས་པས་བོད་ཀྱི་གནའ་དེང་གི་ལོ་ཙཱའི་བྱུང་བར་རང་སྟོབས་ཀྱིས་དཔྱད་ཞིབ་བྱས་ཤིང༌། བསྟན་པ་སྔ་དར་གྱི་སྒྱུར་ཐབས་སམ་སྒྲ་སྦྱོར་བམ་གཉིས་ཀྱི་ལོ་ཙཱའི་ཚད་གཞིར་གདེངས་འཇོག་ཆེན་པོ་གནང་འདུག
    བོད་ཡུལ་རྒྱ་ནག་གིས་ཡོངས་སུ་ཧམ་བཟུང་བྱས་རྗེས་སུ།(༡༩༥༩) མཁྱེན་དཔྱོད་ཉི་ཟླའི་དཔལ་དང་མཉམ་པའི་བོད་ཀྱི་མེས་པོ་གོང་མའི་ཤུལ་བཞག་གཙུག་ལག་རིག་གནས་ཀྱི་བང་མཛོད་དང་བཅས་པའི་དགེ་བའི་བཤེས་གཉེན་མང་པོར་ཆེས་ཀླ་ཀློ་དང༌། ཆེས་མུན་ནག ཆེས་གདུག་རྩུབ་ཅེས་པའི་ནག་ཉེས་ཀྱི་ཞྭ་མོ་བརྩེགས་མར་བསྐོན་ནས་མུན་ཁྲོད་དུ་བཅུག་པ་དང༌། བོད་ཀྱི་རིག་གནས་ལ་བསམ་ཡུལ་ལས་འདས་པའི་ཉམས་རྒུད་བྱུང༌། དུས་སྐབས་དེ་ནས་བཟུང༌། བོད་མི་རིགས་འདི་བཞིན་གཞིས་དང་བྱེས་གཉིས་སུ་གྱེས། གཞིས་ཀྱི་ཤེས་ལྡན་པ་ཐམས་ཅད་བཙན་པོ་ཁྲིམས་ཀྱིས་མནར་ཞིང༌། བྱེས་ཀྱི་ཤེས་ལྡན་པ་ཚོ་ཡང་གནས་དུས་ཀྱི་འགྱུར་བའི་དཀའ་ངལ་འོག་ལྷག བོད་ཀྱི་རིག་གནས་སྤྱི་དང༌། ལྷག་པར་དུ་བོད་ཀྱི་ལོ་ཙཱའི་བྱ་བའི་འཕེལ་རིམ་འདི་རེ་ཞིག་འགུལ་མེད་དུ་གྱུར། 
    དུས་ཕྱིས་སུ། བོད་དུ་སྲིད་ཇུས་གུ་ཡངས་ཞེས་པའི་ཁ་གཡང་སྒྲོགས་འགོ་བརྩམས་པ་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་(༡༩༢༧ –  ༡༩༩༧)དང༌། མཁས་དབང་དམུ་དགེ་བསམ་གཏན།(༡༩༡༤  – ༩༩༩༣)མཁས་དབང་ཚེ་ཏན་ཞབས་དྲུང་(༡༩༡༠  – ༡༩༨༥)སོགས་ཉེ་དུས་བོད་ཀྱི་མཁས་པ་མི་གསུམ་དུ་གྲགས་པ་ཁོང་རྣམ་པ་གཙོ་བོར་གྱུར་བའི་ཤེས་ལྡན་པ་མང་པོས་བོད་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་སླར་གསོ་བའི་རླབས་ཆེན་གྱི་དགོངས་བཞེད་བསྐྱངས་མོད། རྒྱ་ནག་གིས་བོད་སྐད་ཡིག་གི་གཅིག་གྱུར་རང་བཞིན་གཏོར་བརླགས་གཏོང་ཆེད་དུ་ཚུལ་མིན་གྱི་ཐབས་ཇུས་རབ་དང་རིམ་པར་སྤེལ་བ་དང༌། ལྷག་པར་དུ་ཡང་བོད་ཀྱི་དཔེ་རྙིང་ཁག་ལོ་ངོ་ཉི་ཤུའི་རིང་ལ་ས་འོག་ཏུ་བཅུག་པའམ། མེར་སྲེག་པ་བཅས་ཀྱིས་གཏོར་བརླགས་བྱུང་བའི་ཤུལ་དུ་རྒྱ་ནག་དམར་ཕྱོགས་ཚོགས་པའི་ལྟ་བ་འདྲ་མིན་བོད་སྐད་དུ་ཕབ་སྒྱུར་བྱས་པས། བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ནི་རང་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང༌། རིག་གཞུང་གི་འདུ་ཤེས་བཅས་པར་ཁ་ཐག་ཧ་ཅང་རིང་པོར་གྱུར་བ་རེད། དེ་མཚུངས་སུ་སྒྲ་སྦྱོར་བམ་གཉིས་ཀྱིས་བསྟན་པའི་ལོ་ཙཱའི་གཞུང་ལུགས་ནི་དེ་བས་ཀྱང་མཐོང་ཡུལ་དུ་མ་གྱུར་བས། རྒྱ་ནག་གི་སྲིད་ཇུས་ངན་པ་དེའི་འོག་ནས་ཡིག་སྒྱུར་བ་སོ་སོའི་བློ་ཚོད་ཀྱིས་གཅིག་གྱུར་མིན་པའི་ཡིག་སྒྱུར་རབ་དང་རིམ་པར་བྱུང་བ་བཅས་ཀྱིས། བོད་སྐད་ཡིག་གི་གཅིག་གྱུར་རང་བཞིན་ལ་གཏོར་རྒོལ་ཚབས་ཆེན་ཐེབས་ཡོད།  

དུས་རབས་གསར་པའི་ལོ་ཙཱའི་འོས་འགན། 

    མཁས་དབང་དགེ་ཆོས་མཆོག་གིས། དེས་ན་ད་དུང་ཡང་རང་རེ་རྣམས་ཀྱིས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང༌། དཔེར་ན་ཆོས་ཀྱི་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་དབར་དུ་འཁྱེར་ཡང༌། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གསུངས་པ་ལྟར། འགྱུར་སྐྱེན་པའི་དུས་རབས་གསར་པའི་རིག་གནས་ནང་འདྲེན་བྱེད་མཁན་ཚོས་ནང་འདྲེན་ལས་ཀྱང་གལ་འགངས་ཆེ་བར་འཛིན་རྒྱུ་ནི་བོད་སྐད་ཡིག་གི་གཅིག་གྱུར་རང་བཞིན་ལ་གཏོར་རྒོལ་མི་ཐེབས་པ་ཞིག་དང༌། བརྡ་སྤྲོད་པའི་གཞུང་ལུགས་གཙིགས་འཛིན་གྱིས་རིག་གནས་གསར་པ་ནང་འདྲེན་བྱ་རྒྱུ་དེའོ།།
    སྔ་མོའི་དུས་སུ་བོད་བཙན་པོའི་བཀའ་ལུང་གི་རྒྱབ་རྟེན་ཡོད་ཁར། བསྒྱུར་བྱ་ཡང་དམ་པའི་ཆོས་ཀྱི་གཞུང་ལུགས་ཁོ་ན་ཡིན་པ་དང༌། སྒྱུར་མཁན་ཡང་གནས་ལྔར་མཁས་པའི་དབང་པོ་ཤ་སྟག་ཡིན་པས། བོད་འགྱུར་ཡོད་ཚད་ནི་འདི་ལྟའི་ཚད་ལྡན་ཞིག་དང༌། མི་རིགས་རང་གི་བསྟན་བཅོས་ལྟ་བུ་ལས་སྒྱུར་གྱི་ཤུལ་རྗེས་ཙམ་ཡང་མངོན་པ་ཉུང༌། བོད་སིལ་བུར་འཐོར་རྗེས་ཀྱི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཡང་སྤྱིའི་ཆ་ནས་སྒྱུར་ཐབས་ཐད་རྣམ་པ་མི་འདྲ་ཙམ་བྱུང་འདུག་ཀྱང༌། སྒྱུར་མཁན་མང་ཆེ་ཤོས་ནི་བསམ་བློ་དང་བོད་སྐད་ཡིག་རིག་གནས་དང་བཅས་པར་གོ་རྟོགས་ཧ་ཅང་མཐོན་པོར་སོན་པ་ཤ་སྟག་ཡིན་པས། བོད་བཙན་པོའི་བཀའ་ལུང་མེད་ཀྱང༌། བརྡ་སྤྲོད་པའི་གཞུང་ལུགས་དང་བོད་སྤྱིའི་སྐད་ཡིག་གི་རང་ཞིན་ལ་བརྩི་མཐོང་ཆེན་པོ་བྱས་འབྲས་སུ་བོད་སྐད་ཡིག་གི་གཅིག་གྱུར་རང་བཞིན་ལ་ཉམས་
ཉེས་ཅི་ཡང་བྱུང་མེད།
    དེར་བརྟེན། སྣ་མང་བའི་དེང་རབས་རིག་གནས་འདི་དག་བོད་དུ་ནང་འདྲེན་མི་བྱེད་ཀ་མེད་ཀྱི་གནས་སུ་ཡོད་ཀྱང༌། བོད་སྐད་ཡིག་གི་གཅིག་གྱུར་རང་བཞིན་འདི་བཞིན་རྒྱུན་གནས་ཐུབ་རྒྱུ་ནི་ནང་འདྲེན་ལས་ཀྱང་ལྷག་པའི་གནད་དོན་ཞིག་ཡིན་པས། དེ་དོན་ཚུལ་བཞིན་སྒྲུབ་པ་ལ་གནའ་རབས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་བསྐྱར་གསོ་དང༌། དར་སྤེལ། རྒྱུན་འཁྱོངས་བཅས་བྱ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པར་སྙམ་མོ། ། 

དེང་གི་ལོ་ཙཱའི་ཚད་གཞི་དང་དཀའ་ངལ།

    བོད་ལ་དུས་འགྱུར་བྱུང་བ་ནས་བཟུང༌། བོད་ཀྱི་སྐད་ཡིག་རིག་གནས་དང་བཅས་པར་ཉམས་ཆག་ཆེན་པོ་བྱུང་བར་མ་ཟད། ལོ་ཙཱའི་ཐད་ཀྱི་སྔ་མོའི་སྲོལ་བཟང་དེ་དག་ཀྱང་ཉིན་རེ་ལས་ཉིན་རེ་མ་བསྡད་པར་ཉམས་རྒུད་དུ་གྱུར། གྲངས་འབོར་གྱི་ཆ་ནས་བཤད་ན་དེང་གི་དུས་སུ་བོད་ལ་སྔ་མོའི་དུས་ལས་ཤེས་ལྡན་པ་མང་ཡང༌། ཚད་ལྡན་གྱི་ལོ་ཙཱ་བ་ཆེན་པོའི་གྲངས་འབོར་ཉུང་ངུ་ལས་མེད་ཁར། བསྒྱུར་བྱའི་གནས་ནི་སྔ་མ་ལས་ཆེས་ཆེར་མང་བ་དང༌། གནས་དུས་ཀྱི་དབང་གིས་གཞོན་སྐྱེས་ལོ་ཙཱ་བ་ཡང་ཉིན་རེ་ལས་ཉིན་རེར་འཕེལ་བཞིན་ཡོད། སྤྱིར་བཏང་ནས་འདི་ནི་དགེ་མཚན་ཞིག་ལས་མ་འདས་མོད། གཞོན་སྐྱེས་མང་པོ་ཞིག་གི་བོད་སྐད་ཡིག་དང་རིག་གནས་ཀྱི་སྤུས་ཚད་ཐད་ནས་སྔ་མ་དག་དང་བསྡུར་ཐབས་མེད་པས། སོ་སོའི་གནས་དུས་ཁོར་ཡུག་གི་དབང་གིས་ལོ་ཙཱའི་ཚད་གཞི་ཡང་དེ་མཚུངས་ཤིག་ཡིན་པ་དང༌། ད་ཆ་བོད་ཕྱི་ནང་ཙམ་དུ་མ་ཟད། ལོ་ཙཱ་བ་སྒེར་སོ་སོའམ། ཡང་ན་ཚོགས་སྡེ་ཕན་ཚུན་དབར་གྱི་འགྱུར་ལ་ཡང་བར་ཁྱད་ཆེན་པོ་བྱུང་ནས་ཕན་ཚུན་བརྡ་མི་འཕྲོད་པ་བྱུང་དང་འབྱུང་བཞིན་པ་དང༌། གནད་དོན་མང་པོ་ཞིག་ནི་སྒྱུར་ཐབས་མི་འདྲ་བ་མིན་པར་མི་རིགས་རང་ཉིད་ཀྱི་སྐད་ཡིག་གི་ཤེས་ཚད་ཞན་པའི་སྐྱོན་ཁོ་ན་ཡིན། དེར་བརྟེན། སྤྱིའི་ཆ་ནས་བཤད་ན།  དེང་གི་ལོ་ཙཱའི་དཀའ་ངལ་གཅིག་ནི་སྒྱུར་བྱེད་རང་སྐད་ཀྱི་སྤུས་ཚད་ལ་ཐུག་པར་འདོད་དོ། །གལ་སྲིད་ང་ཚོས་གནའ་རབས་བོད་ཀྱི་ལོ་ཙཱའི་གཞུང་ལུགས་འདི་དག་ལ་གཙིགས་འཛིན་གྱིས་དེང་གི་བོད་ཀྱི་ལོ་ཙཱའི་བྱ་བ་འདིར་གཅིག་གྱུར་གྱི་ཚད་གཞི་གཏན་འབེབས་མ་བྱས་ན། ལོ་ཙཱ་བ་སོ་སོའམ་ཚོགས་སྡེ་རེ་རེ་བར་སྒྱུར་འདྲ་མིན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པ་འདི་དག་གིས། བོད་སྐད་ཡིག་གི་གཅིག་གྱུར་རང་བཞིན་ལ་གཏོར་རྒོལ་ཆེན་པོ་ཐེབས་ངེས་པ་དང༌། དེར་བརྟེན་པའི་ལྡོག་ཕྱོགས་ཀྱི་གནད་དོན་མང་པོ་ཞིག་ཀྱང་འབྱུང་ངེས་པས། ཀུན་གྱིས་ཐུགས་སྣང་ཡོང་བའི་རེ་བ་ཡང་དུས་མཚུངས་སུ་ཞུ་བཞིན་ཡོད་དོ། །

རྩ་བའི་སྒྱུར་ཐབས་བྱེ་བྲག་ཏུ་བཤད་པ།

    ཡིག་སྒྱུར་ནི་གདམ་གསེས་ཤིག་ཡིན་གསུངས་པ་ལྟར། བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་གཉིས་ཆར་བྱང་ཆུབ་པ་ཞིག་ཡོང་ན་ནི་དགེ་ལེགས་ཀུན་གྱི་སྒོ་མོ་ཡིན་ཡང༌། དེ་ལྟར་འབྱུང་བ་དཀའ་རུང་སྐད་ཡིག་གང་ཞིག་ནས་གཞན་དུ་སྒྱུར་བའི་ཚེ་ན་གཙོ་བོ་སྒྱུར་བྱེད་སྐད་ཀྱི་གཤིས་ལུགས་དང༌། མིང་དང་ཚིག་གི་གྲུབ་ཚུལ་སོགས་ལ་བསམ་གཞིགས་གནད་དུ་འཁེལ་བ་བྱ་རྒྱུ་ནི་འགྱུར་ལེགས་པོ་ཞིག་ཡོང་བའི་རྩ་བའི་གནད་དོན་དེ་ཡིན་པར་སེམས། སྐད་ཡིག་འདྲ་མིན་ལ་སོ་སོ་རང་ཉིད་ཀྱི་ཐུན་མིན་གཤིས་ལུགས་རེ་ཡོད་པས། བསྒྱུར་གཞིའི་སྐད་ཡིག་གཅིག་ནས་སྒྱུར་བྱེད་ཀྱི་སྐད་དུ་མར་སྒྱུར་བའི་ཚེ་ན་ཡང༌། སྐད་ཡིག་སོ་སོའི་གཤིས་ལུགས་ཀྱི་དབང་གིས་སྒྱུར་ཐབས་སྣ་ཚོགས་པ་ཡང་འབྱུང་ངེས་མོད། རྩ་བའི་ཆ་ནས་སྒྱུར་ཐབས་གསུམ་སྟེ། སྐད་རང་སོར་གཞག་པ་དང༌། ཐད་སྒྱུར། དོན་སྒྱུར་དང་བཅས་གསུམ་དུ་བསྡུ་ཆོག་པར་སེམས་སོ། །

དང་པོ། སྐད་རང་སོར་གཞག་པ།

    སྒྲ་སྦྱོར་བམ་གཉིས་ལས།  གཽཏམ་ལྟ་བུ་གཽའི་སྒྲ་ལས་ཚིག་དང༌། ཕྱོགས་དང༌། ས་དང༌། འོད་དང༌། རྡོ་རྗེ་དང༌། བ་ལང་དང༌། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང༌། ཀཽཤིཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང༌། མཁས་པ་དང༌། པདྨ་ལ་དགའ་བ་དང༌། འུག་པ་དང༌། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལ་དྲངས་ཤིང་བསྒྱུར་ན། སྣ་གྲངས་མང་བ་ཞིག་ཏུ་སྙེགས་ལ་བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུར་ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག ཞེས་སོགས་འབྱུང་བ་ལྟར། སྐད་རང་སོར་གཞག་པ་ལ་རྩ་བའི་ཆ་རྐྱེན་གསུམ་དང་ཡིད་གཟབ་གནང་དགོས་པའི་དོན་གནད་གཅིག་ཡོད་པ་སྟེ། བསྒྱུར་གཞིའི་སྐད་དུ་ཚིག་གཅིག་དོན་མང་ལ་འཇུག་པ་དེ་བཞིན་སྒྱུར་བྱེད་ཀྱི་སྐད་དུ་ཇི་བཞིན་ཐོན་མི་ཐུབ་པ་དང་གཅིག དོན་ལ་སྙེགས་པ་རེ་འགའ་ཡོད་ཀྱང་གཞན་དུ་འཁྲུལ་འགྲོ་བ་དང་གཉིས། འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་ལ་དེ་ལྟར་ཡིན་མིན་གཏོལ་མེད་པ་དང་གསུམ་བཅས་སོ། །
    དེ་ཡང་ལོ་ཙཱའི་བྱ་བ་ནི་བསྒྱུར་བྱའི་ནང་དོན་ཇི་བཞིན་དུ་སྒྱུར་བྱེད་སྐད་ཡིག་རང་སྟེང་དུ་ཕབ་ཐུབ་པ་ཙམ་གྱིས་མི་ཆོག་པར། བསྒྱུར་གཞི་གང་ཞིག་སྒྱུར་བྱེད་སྐད་ཀྱི་གཤིས་སུ་གྲུབ་པར་བྱ་རྒྱུ་དང༌།  བསྒྱུར་གཞིའི་སྐད་ཡིག་གི་གཤིས་ལུགས་ཀྱིས་སྒྱུར་བྱེད་སྐད་ཡིག་གི་གཤིས་ཀར་བཙན་འཛུལ་བྱེད་དུ་མི་རུང་བ་ནི་ཡིད་གཟབ་གནང་དགོས་པའི་གནད་དོན་གཅིག་གོ དེ་ཡང་སྒྲ་སྦྱོར་བམ་གཉིས་ལས།  ཡུལ་དང་སེམས་ཅན་དང༌། མེ་ཏོག་དང༌། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང༌།  འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ།  མགོ་ལ་ཡུལ་ཞེའམ།  མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོལ་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག ཅེས་ནན་དུ་བསྟན་པ་ཐམས་ཅད་ནི། སྒྱུར་བྱེད་སྐད་ཡིག་གི་གཤིས་ལུགས་ལ་བསམ་པ་ཡིན་ལ། གལ་སྲིད་སྒྱུར་བྱེད་སྐད་ཡིག་གི་གཤིས་ལུགས་དང་དེའི་ཀློག་མཁན་དག་གི་མྱོང་གོམས་ལ་བསམ་གཞིགས་མི་བྱེད་པར། ལོ་ཙཱ་བ་རང་ཉིད་ཀྱི་མྱོང་གོམས་ཁོ་ནར་གཞི་བཅོལ་ནས་སྐད་སོར་གཞག་ཁོ་ན་བྱེད་པ་ཡིན་ན། ལོ་ཙཱ་བ་རང་ཉིད་ནི་སྐད་ཡིག་གཉིས་ཀར་གོམས་པའི་དབང་གིས་དེའི་ཤུགས་རྐྱེན་འཕྲལ་མ་ཉིད་དུ་ཚོར་དཀའ་ཡང༌། བསྒྱུར་གཞིའི་སྐད་ཡིག་ལ་གོམས་པ་མེད་པའི་ཀློག་མཁན་དག་ལ་དེ་ལྟར་མིན་པས། ལོ་ཙཱ་བ་རང་ཉིད་ཀྱི་འཕྲིན་ལས་ལ་གནོད་པ་ཙམ་དུ་མ་ཟད། སྒྱུར་བྱེད་སྐད་ཡིག་སྤྱིར་རང་ཉིད་ཀྱི་སྒྲ་རིག་པའི་སྒྲོམ་གཞིར་ཚུད་དུ་མེད་པའི་བརྡ་ལྷག་མང་དུ་འཕེལ་ཞིང་སྐད་ཡིག་གང་དེའི་གཅིག་གྱུར་གྱི་རང་བཞིན་ལ་གཏོར་རྒོལ་ཆེན་པོ་ཐེབས་པ་ཡིན་པས། སྐད་སོར་གཞག་མི་བྱེད་ཀ་མེད་ཀྱི་གནས་སུ་གྱར་ཡང་གནད་དོན་འདིར་ཀུན་གྱིས་ཡིད་གཟབ་གནང་དགོས་ངེས་ཤིག་རེད་འདུག་སྙམ་ན། ཀུན་གྱིས་དཔྱད་པར་འཚལ། །

གཉིས་པ། ཐད་བསྒྱུར། 

    འདི་ནི་གནས་བརྒྱད་ཆེན་མོར་དྲང་ཐད་དུ་བསྒྱུར་བ་ཞེས་པ་དང་གཅིག་མཚུངས་ཡིན་པ་དང༌། སྒྲ་སྦྱོར་བམ་གཉིས་ལས་འདི་ལ་སྒྲ་བཞིན་དུ་སྒྱུར་བའམ། སྒྲ་སྒྱུར་ཞེས་བྱུང༌། དེ་ཡང་སྐབས་འདིའི་སྒྲ་ཞེས་པ་ནི་སྐད་ཀྱི་སྒྲ་གདངས་མ་ཡིན་པར། སྒྲ་རིག་པའམ་བརྡ་སྤྲོད་རིག་པའི་སྒྲ་ཡིན་ཏེ། དེ་ཉིད་ལས། པརི་དང༌། སམ་དང༌། ཨུཔ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་བའི་ཐབས་ནི། ཡོངས་སུ་ཞེའམ་ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཞིན་དུ་བསྒྱུར་ཅིག ཞེས་བྱུང་པ་ལྟར་རོ། །དེ་ཡང་ཐད་སྒྱུར་གྱི་ཐབས་འདི་ནི་སྐད་ཡིག་མང་པོ་ཞིག་གི་དབར་ལ་ཐུན་མོང་གི་བརྡ་སྤྲོད་ལུགས་ཤིག་ཡོད་པའི་གནས་སྐབས་དག་ཏུ་སྤྱོད་པ་དང༌། དམིགས་བསལ་གྱིས་སྒྱུ་རྩལ་མཚོན་ཐབས་སོགས་ཀྱི་ཐད་ལའང་སྤྱོད་དུ་རུང་བ་དཔེར་ན། ཉི་ནུབ་ཀྱི་དུས་སམ་ས་སྲོད་ཀྱི་དུས་སྟོན་པ་ལ་ང་ཚོས་ཉི་མ་ལ་ཁར་སླེབས་དུས་ཟེར་བ་དང༌། མི་རིགས་གཞན་གྱིས་དེ་ཉིད་མཚོན་པ་ལ་གྲིབ་ནག་རིང་དུ་གྱུར་དུས་སོགས་ཀྱིས་དུས་དེ་སྟོན་པ་སོགས་ཀྱི་སྐབས་སུ། ཐད་སྒྱུར་དང་དོན་སྒྱུར་གང་ཡང་བྱེད་ཆོག་མོད། སྒྱུ་རྩལ་མཚོན་སྟངས་ཀྱི་ཐབས་ལམ་མི་འདྲ་ཡང་ཕྱོགས་གཉིས་ཀས་ཕུགས་ཀྱི་བསྟན་དོན་བདེ་ལེགས་ངང་གོ་ཐུབ་པས། དེར་ཐད་སྒྱུར་བྱེད་ཆོག་པ་ལྟ་བུས་མཚོན་ནོ། །གཞན་ཡང༌། ཐད་སྒྱུར་གྱི་ཐབས་ལམ་འདིས་སྒྱུར་བྱེད་སྐད་ཀྱི་མིང་བརྡ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལ་སྨན་པས། སྒྱུར་བྱེད་སྐད་ཡིག་གི་གཤིས་ལུགས་དང་བསྟུན་ནས་སྒྱུར་ཤེས་ན་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་ནོ། །དེ་ལྟར་མ་བྱུང་ན་ནི་དོན་སྒྱུར་བྱ་རྒྱུ་གལ་ཆེ་བ་ཡིན། དཔེར་ན་ང་ཚོས་ཉིན་རྒྱུན་གྱི་འཚོ་བའི་ནང་དུ་བེད་སྤྱོད་གཏོང་བཞིན་པའི་ཉིན་གུང་རྒྱབ་ཅེས་པ་ལྟ་བུ་ནི་ཐད་སྒྱུར་གྱི་སྐྱོན་དུ་འགྱུར་བའི་དཔེ་མཚོན་དུ་འགོད་ཆོག་པ་སྟེ། དུས་ཀྱི་ཆ་ལ་སྔ་རྗེས་ཀྱི་དབྱེ་བ་འབྱེད་པ་ལས་མདུན་རྒྱབ་ཀྱི་དབྱེ་བ་འབྱེད་ཚུལ་བོད་ལ་མེད་པ་ཙམ་དུ་མ་ཟད། བསྒྱུར་གཞིའི་སྐད་ཡིག་གི་(After noon) ཟེར་བ་ཡང་སྔ་རྗེས་ཀྱི་དབྱེ་བ་འབྱེད་པ་ལས་མདུན་རྒྱབ་ཀྱི་དབྱེ་བ་བཤད་པ་མིན། བོད་སྐད་ལ་ཆ་མཚོན་ན། ཉིན་མཚན་གཉིས་ཀྱི་ཆུ་ཚོད་ཉེར་བཞི་དེ་དུས་སམ་ཐུན་དྲུག་ཏུ་བགོས་པ་ལས། ཉིན་ལ་ཐུན་གསུམ་དང་མཚན་ལ་ཐུན་གསུམ་དུ་དབྱེ་བ་དང༌། ལྟོས་བཅོས་ཀྱི་སྒོ་ནས་མཚན་ལས་ཉིན་ལ་དྲོ་བ་དང༌། དེར་ཡང་ཐུན་གསུམ་དུ་དབྱེ་བ་ལས་སྔ་དྲོ་དང༌། ཉིན་གུང༌། ཕྱི་དྲོ་ཅེས་གསུམ་དུ་དབྱེ་ཡོད་པ་སོགས་རང་སྐད་ཀྱི་མིང་དང་ཚིག་གི་གྲུབ་ལུགས་ཁྱད་པར་བ་འདི་ཚོར་ངེས་པར་ཏུ་བསམ་གཞིགས་བྱ་དགོས། འོལ་ཚོད་དུ་ཐད་སྒྱུར་བྱེད་པ་ནི་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་རང་སྐད་ཀྱི་གཤིས་ལུགས་བཅས་པར་ཁ་ཐག་རིང་བའི་ཚིག་རྫོབ་ཀྱི་ལྷད་འདྲེས་པ་ཙམ་ལས་གཞན་མ་ཡིན་ནོ། ། 

གསུམ་པ། དོན་སྒྱུར། 

    མི་རིགས་སོ་སོར་རང་རང་གི་འཚོ་བའི་ཁོར་ཡུག་དབང་གིས་འཇིག་རྟེན་ལྟ་ཚུལ་ཐ་དད་པ་རེ་ཡོད་པ་དང༌། འཚོ་བར་འཛིན་པའི་གཞི་རྩའི་ལྟ་ཚུལ་མ་འདྲ་བའི་དབང་གིས་འཚོ་བའི་རིན་ཐང་ལྟ་ཚུལ་དང༌། མཛེས་སྡུག་ལྟ་ཚུལ་སོགས་ཕྱོགས་ཡོངས་ནས་ཁྱད་པར་ཆེན་པོ་ཡོད། དེར་བརྟེན། ཡིག་སྒྱུར་བྱ་བར་དོན་སྒྱུར་དགོས་པ་ནི་གཡོལ་དུ་མེད་པའི་དགོས་མཁོ་ཞིག་ཡིན་ལ། ཚུལ་འདིར་གནའ་བོའི་བོད་ཀྱི་ལོ་ཙཱ་བ་ཚོས་ཀྱང་ཚད་མཐོའི་གདེངས་འཇོག་མཛད་འདུག དེ་ཡང་སྒྱུར་གྱི་སྤུས་ཚད་ལེགས་ཤོས་ནི་སྒྱུར་བྱེད་སྐད་རང་སྟེང་དུ་བརྩམས་པ་ལྟ་བུ་དགོས་ཞེས་ཡང་ཡང་གསུངས་པ་དང༌། གནའ་དེང་གི་མཁས་པ་མང་པོའི་འགྱུར་ལས་ཀྱང་ཧ་ལམ་བསྒྱུར་གཞིའི་སྐད་ཀྱི་ཚུགས་མངོན་པ་དང༌། དེང་གི་ཡིག་སྒྱུར་ལྟར་མངོན་གསལ་དོད་པོའི་ཤུལ་རྗེས་དེ་འདྲ་མཐོང་རྒྱུ་དཀོན་པོ་ཡིན་པ་ལྟར་རེད། 
    དེ་ལྟར་ཡིན་རུང༌། ཐད་སྒྱུར་དང་དོན་བསྒྱུར་གཉིས་པོའི་དབར་ལ་གྲིས་བཅད་པ་ལྟ་བུའི་དབྱེ་མཚམས་ཤིག་མེད་ལ། དེ་བཞིན་སྒྱུར་ཐབས་འདི་གསུམ་ཆ་མ་འདུས་པར་སྒྱུར་ཐབས་གཅིག་གིས་སྒྱུར་བའི་འགྱུར་མ་ཞིག་ཀྱང་མེད་པས། གང་ལ་གང་འཚམས་ཀྱིས་
སྒྱུར་ཐབས་བེད་སྤྱོད་རྒྱུ་ནི་ལག་ལེན་དངོས་ཀྱི་ཁྲོད་ནས་ཡོང་དགོས་པ་ཞིག་ཡིན་ནོ། །
    དེས་ན་དོན་བསྒྱུར་བྱ་བ་ནི་བསྒྱུར་གཞིའི་སྐད་ཡིག་གང་གི་མིང་དང་ཚིག་གི་གྲུབ་ཚུལ་དང་སྦྱོར་ཚུལ་སོགས་སྒྱུར་བྱེད་སྐད་ཡིག་རང་གི་གཤིས་ལུགས་སུ་ཡོད་པའི་མཚོན་དོན་ལྟར་སྒྱུར་བ་ལ་ཟེར་ཞིང༌། དོན་སྒྱུར་བྱེད་པའི་ཚེ་ན་སྒྱུར་བྱེད་སྐད་ཡིག་གི་གཤིས་ལུགས་དང༌། མི་རིགས་རང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་ལ་བསྟུན་ནས་ཚིག་ལ་སྣོན་འཕྲི་དང་བསྣོར་སྒྱུར་སོགས་གང་ལ་གང་འཚམས་པར་བྱེད་ཆོག
    ཐད་སྒྱུར་ནི་བསྒྱུར་གཞིའི་སྐད་ཡིག་གི་ཚིག་ཟིན་ལ་ཆེས་ཆེར་བསྟུན་དགོས་ཤིང༌།  སྒྲའི་མཚོན་དོན་རྣམས་མ་ཡིག་ཇི་བཞིན་དུ་སྒྱུར་བ་ཞིག་ཡིན། འོན་ཀྱང༌། བསྒྱུར་གཞིའི་ཚིག་སྦྱོར་ལ་བསྟུན་ཆེ་དྲགས་པའམ།  མིང་དང་ཚིག་རེ་རེ་ཇི་བཞིན་དུ་སྒྱུར་བ་ནི་གོ་དཀའ་བར་འགྱུར་བ་དང༌། བརྗོད་མི་བདེ་སོགས་ཀྱི་སྐྱོན་འབྱུང་ཞིང༌། ཡང་བསྒྱུར་གཞིའི་ཚིག་དོན་ལ་བསམ་གཞིགས་ཅི་ཡང་མི་བྱེད་པར་དོན་སྒྱུར་ཁོ་ན་བྱས་ན་ཡང་བསྒྱུར་གཞིའི་ཁྱད་ཆོས་ཉམས་འགྲོ་བས། མ་ཡིག་གི་བརྗོད་དོན་ལ་ཕྱོགས་ཡོངས་ནས་བསམ་གཞིགས་ཀྱིས་ཐད་སྒྱུར་དང་དོན་སྒྱུར་གང་ལ་གང་འོས་ཀྱིས་སྤྱོད་རྒྱུ་ནི་ཡིག་སྒྱུར་ཡག་པོ་ཞིག་འགྲུབ་མིན་གྱི་རྩ་བའི་གནད་འགག་དེ་ཡིན་པར་སེམས་སོ།  །    
    (སྒོ་དམར་སངས་རྒྱས་བཀྲ་ཤིས་ལགས་ནི། ད་ལྟ་བོད་ཀྱི་དཔེ་མཛོད་ཁང་གི་ཚན་རིག་སྡེ་ཚན་དུ་རྩོམ་སྒྲིག་པའི་ཕྱག་ལས་གནང་བཞིན་ཡོད།)

མདུན་ཤོག

Menu