སོ་རུ་དར་རྒྱས།

༄༅། །ང་ཚོས་ཤེས་ཡོན་སྦྱོང་བ་ནི་བདེ་བའི་རྒྱུ་སྒྲུབ་བྱེད་ཅིག་ཏུ་ངོས་འཛིན་པ་ནི་དོན་དངོས་སུ་གྲུབ་ཅིང༌། རང་ཉིད་ཀྱི་བློ་ངོར་སྔར་མེད་མང་པོ་ཞིག་གསར་དུ་རྟོགས་པར་བྱེད་པ་དང་དེ་ཡང་བསམ་བློ་བཏང་ནས་ཤེས་ཐབས་ལ་འབད་དགོས་སྟབས་རིག་པ་འདྲ་མིན་སྣ་ཚོགས་ཤིག་རྙེད་པས་ལེགས་ཉེས་འབྱེད་པའི་དཔྱད་བློའི་རིག་པའམ་ཤེས་རབ་འཐོབ། དེ་མིན་ལོ་ན་ཇེ་མཐོར་སླེབས་སྐབས་གཞི་ནས་དྲན་པ་སོས་པ་བཞིན་འཇིག་རྟེན་ཕལ་བའི་ཉམས་མྱོང་གི་རིག་པ་ཙམ་ལས་མེད་པ་དེ་དང་སྦྱོང་བརྡར་བྱས་ནས་ཤེས་པ་གཉིས་ཀྱི་རྨང་གཞི་མི་འདྲ་བས་དོན་དངོས་ཐོག་ཁྱད་ཆེན་པོ་ཡོད། རང་ཉིད་ཀྱིས་སྦྱངས་ནས་ཤེས་པ་དེ་སྐབས་འཕྲལ་སོ་སོར་དགོས་བསྟུན་གྱིས་བེད་སྤྱོད་བཏང་ཚེ་རིག་པའམ་ཐབས་ལམ་གསར་བ་རེ་རྙེད་པར་མ་ཟད་ལེགས་ཉེས་བླང་དོར་གྱི་བསླབ་བྱ་མང་པོ་ཞིག་འཐོབ་པས་ཉམས་མྱོང་ཚད་མའི་རིག་པ་སོར་ཆུད་པ་ཡིན། གཞན་དག་ནི་གང་ཡང་མ་སྦྱངས་པ་སྟེ་ཕྱོགས་སོ་སོར་དཔྱད་བློ་མ་ཞུགས་པའི་འཇིག་རྟེན་བྱ་གཞག་གི་ཉམས་མྱོང་རིག་པ་ཙམ་ཡིན་པས་དེ་འདྲའི་རླབས་ཆེན་ཅི་ཡང་མིན། དེའི་ཕྱིར་རང་ཉིད་ཕྱིན་ཅི་ལོག་གི་ལམ་དུ་མི་འགྲོ་བར་སྤང་བླང་གི་རྣམ་དབྱེ་མ་ནོར་བར་འབྱེད་པའི་ཤེས་རབ་རྒྱུད་ལ་སྐྱེ་བའི་ཐབས་སུ་འབད་པ་དང་ལྷག་པར་དུ་རང་མི་རིགས་ཀྱི་རིག་པའི་གནས་ལ་སྦྱོང་བ་བྱེད་རྒྱུ་གལ་ཆེ་སྟབས་འདིར་བློ་གསལ་གཞོན་ནུ་རྣམས་ཀྱིས་སློབ་སྦྱོང་ཇི་ལྟར་བྱེད་ཚུལ་སྐོར་ས་བཅད་གསུམ་གྱིས་སྒོ་ནས་མདོ་ཙམ་སྤྲོས་ན།

དང་པོ། སྦྱོར་ཀློག་སློབ་སྟངས།
 

   སློབ་དཔོན་ཐོན་མིས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱངས། །སྔོན་འཇུག་མིང་གཞི་རྗེས་འཇུག་རྣམས། །ཀློག་གི་ཆེད་དུ་བསླབ་པ་ཡིན། །ཞེས་གསུངས་པ་ལྟར། ཐོག་མར་སྦྱོར་ཀློག་སྐབས་དབྱངས་གསལ་རྣམས་ཐད་ཀར་ཀློག་ཤེས་པ་ཙམ་མ་ཡིན་པར་མགོ་རྟིང་སློག་པ་དང་རེའུ་མིག་ནང་གཏོར་ནས་ངོས་འཛིན་བྱ་ཐུབ་པ་ཞིག་དང༌། དེ་དག་ལའང་དབྱངས་དང་མགོ་འདོགས། སྔོན་འཇུག་དང་རྗེས་འཇུག་ཡང་འཇུག་སྦྱོར་ཚུལ་བཅས་སྐྱེ་གནས་སོགས་ཀྱི་ང་རོ་སྟེ་གདངས་ཐོན་པའི་སྒྲ་དག་གསལ་གསུམ་ཚང་བ་ཞིག་དང༌། སྔོན་འཇུག་དང་མིང་གཞི། རྗེས་འཇུག་དང་ཡང་འཇུག་རྣམས་མ་འདྲེས་པར་ཤེས་ཆེད། ཚེག་བར་རེ་རེ་བཞིན་རིམ་འདེད་ཀྱིས་ངོ་སྤྲོད་དཔྱིས་ཕྱིན་པ་ཞིག་སློབ་པ་ནི་ཀློག་ཚུལ་ལེགས་པོ་འབྱུང་བའི་རྨང་གཞི་རླབས་ཆེན་དང་སྔོན་རྗེས་མིང་གསུམ་སོགས་སོ་སོར་ཕྱེས་པ་དང་སྦྱར་བའི་དགོས་པའང་ཞར་ལ་ཤེས་པ་ཡིན།
    ཐམས་ཅད་ཤེས་པ་འདྲ་མཚུངས་མིན་པས་བོད་ཀྱི་སྐད་ཡིག་ཁོངས་བེད་སྤྱོད་ཉུང་བ་གསལ་བྱེད་ཀྱི་ཝ་དང་ཧ་ཨ་སོགས་དུས་ཡུན་གང་འཚམ་རིང་མཐོང་ཡུལ་དུ་མ་གྱུར་པས་མི་ཤེས་མཁན་གང་མང་ཡོད་སྟབས་ཐོག་མར་དབྱངས་གསལ་སོགས་ངོས་འཛིན་དང་སྦྱོར་ཀློག་གི་རྣམ་གཞག་ལེགས་པོ་དགོས་པ་ཆེས་ཤིན་ཏུ་གལ་ཆེ། སྔ་མོ་ནས་བོད་ཀྱི་ཁོར་ཡུག་ནང་དར་བའི་བྱིས་པ་ཚོར་ཀློག་སློབ་སྟངས་དགེ་རྒན་གྱིས་སློབ་མ་རེ་རེ་བཞིན་དབྱངས་གསལ་དང་སྦྱོར་ཀློག་ངོ་སྤྲོད་ཀྱིས་ཞིབ་པར་སློབ་པ་ནི་ཚེགས་ཆེ་ཡང་གྲུབ་འབྲས་ཀྱང་ཚོད་ཅིག་ལས་མི་འབྱུང༌། དེའི་ཕྱིར་དེང་འཛམ་གླིང་སྤྱི་འགྲོས་སུ་དགེ་རྒན་གྱིས་ནག་པང་ངོར་སྐབས་བབ་བསླབ་བྱ་གང་ཞིག་བྲིས་ནས་དབྱུག་པ་ཞིག་གིས་རེ་རེ་བཞིན་ཀློག་ཚུལ་སློབ་པ་ནི་ཐམས་ཅད་འཛིན་གྲྭ་དང་བསླབ་བྱ་གཅིག་མཚུངས་ཀྱི་དབང་གིས་ཡིན་ཡང༌། ང་ཚོས་ཀྱང་འདི་རིགས་ལ་ཐོག་མར་དེ་ལྟར་བྱས་ནས་སློབ་ན་གཅིག་གིས་མ་ཤེས་པ་ཞིག་གཞན་གྱིས་ཤེས་པ་དང་སྒྲ་དག་གསལ་གསུམ་ཚང་བའི་ཀློག་ཚུལ་ལའང་ཕན་པ་ངེས་ཅན་འཐོབ། དེ་ནས་སྔར་སྲོལ་བོད་ཀྱི་ཡི་གེ་གསར་སློབ་བྱེད་པའི་ལུགས་སྲོལ་བཞིན། སྔོན་རྗེས་མིང་གསུམ་དང་མགོ་འདོགས་དབྱངས་གསུམ་སོགས་གང་ཞིག་ཡོད་པ་ཚེག་བར་རེ་རེ་བཞིན་དེད་ནས་ཀློག་བྱེད་ཚེག་ཐུར་རམ་ཤིང་ཐུར་ཕྲའུ་ཞིག་སློབ་མ་སོ་སོའི་ལག་ཏུ་བཞག་སྟེ། (ཚེག་ཐུར་བཟུང་སྟེ་ཚེག་བར་རེ་རེ་བཞིན་སྦྱོར་ཀློག་གི་རྣམ་གཞག་བསླབ་པ་འདི་རྙིང་མ་པ་དགེ་རྒན་ལེགས་པོ་རྣམས་ཀྱིས་བྱེད་པ་ཞིག་བོད་ཀྱི་ཆོས་བརྒྱུད་གང་ཞིག་གིས་ཀྱང་མི་བྱེད་པའི་ཚོད་དུ་སྣང༌། མདོ་སྨད་ཀྱི་ཕྱོགས་མང་བར་ཡིག་འདོན་བྱེད་པར་རྙིང་མ་པ་རྣམས་གཙིགས་འཛིན་བྱེད་པ་ནི་དེ་ལྟ་བུའི་རྩ་བའི་རྨང་གཞི་ལེགས་པོ་བཏིང་བས་དབུ་ཅན་དབུ་མེད་གང་ཡིན་ཡང་ཐོགས་མེད་དུ་ཀློག་པས་ཡིན།)ལོ་དུས་གང་འཚམ་རིང་རྒྱུན་བསྲིངས་ནས་སློབ་ཏུ་འཇུག་ནུས་ན་གང་ཤེས་པ་དེ་ཀློག་དག་པོ་དང་རང་རྐྱ་འཕེར་བའི་ཡིག་ངོ་ཆོད་ཅིང་བསམ་བློ་གཞན་དུ་མི་གཡེང་བ་སོགས་ཕྱོགས་མང་པོ་ཞིག་ལ་ཕན་ཞིང་དེ་ཙམ་ངལ་བ་མེད་པའི་ཐབས་ལེགས་པོ་ཞིག་ཡིན།
    སྔ་མོའི་དུས་བོད་ཀྱི་སྐད་གདངས་ལ་དབྱངས་བཞི་དང་གསལ་བྱེད་སུམ་ཅུ། ར་ལ་ས་ཡི་མགོ་ཅན་གསུམ་དང༌། ཡ་ར་ལ་(ཝ)ཡི་འདོགས་ཅན་གསུམ(བཞི)། དེ་རྣམས་ལའང་སྔོན་འཇུག་དང་རྗེས་འཇུག ཡང་འཇུག་དབྱངས་སོགས་སྦྱར་ཚེ་སྒྲའི་གདངས་སོ་སོར་གྱུར་ཏེ་མིང་ཚིག་བརྗོད་པ་སོགས་གསལ་བོར་ཟུར་ཕྱིན་པ་འབྱུང་བས་དེ་དག་གི་རྣམ་གཞག་དུས་ད་ལྟའི་བར་གནས་ཡོད་པ་ནི་བོད་སྐད་གཞི་ལ་བཞག་སྟེ་བརྡ་སྤྲོད་གཞུང་ལུགས་སུ་གཏན་ལ་ཕབ་པའི་དྲིན་ལས་ཡིན། སི་ཏུ་པན་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས། བོད་ཡིག་གི་སྡེབ་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་གྱི་བོད་སྐད་དག་པ་ཉིད་ལ་བརྗོད་པའི་སྒྲ་ཇི་ལྟར་འབྱུང་བ་དེ་ལྟར་མཁན་པོ་འདིས་སྦྱར་བ་ཡིན་སྐད་ལ་འཕུལ་རྟེན་སོགས་ཀྱི་ཟུར་གསལ་བ་མེད་ན་ཡི་གེ་ལ་དེ་ལྟར་ཐོབ་པ་རྒྱུ་མཚན་གང་གིས་རྟོགས། ཞེས་གསུངས་པ་དེས་ཀྱང་དབྱངས་གསལ་སོགས་སྦྱོར་ཚུལ་སྣ་ཚོགས་ཀྱི་རྣམ་གཞག་འདི་ལུགས་སྲོལ་ཙམ་མ་ཡིན་པར་བོད་ཀྱི་སྒྲ་གདངས་ཉིད་ལ་དེ་ལྟར་འབྱུང་བས་ཡིན། སྐབས་ཤིག་ནས་དེ་ལྟ་བུའི་སྔོན་རྗེས་དང་མགོ་འདོགས་སོགས་ཀྱི་གདངས་དང་བརྗོད་པ་མི་གསལ་བ་སྣ་ཚོགས་བྱུང་བ་དང་འབྲི་བའི་ཚེ་ཡང་མ་དག་རྒྱུན་འབྱམས་སུ་གྱུར་པས་དེ་བཟློག་པའི་ཐབས་སུ་དག་ཡིག་གི་གཞུང་ཆེ་ཆུང་མང་དུ་འཕེལ་བའི་མགོ་ཚུགས་པ་ཡིན་ནོ། །
    སྐྱེ་བོ་སུ་ཞིག་ཀྱང་སར་སྡོད་སྐབས་རྐང་རྐྱོང་ལག་སྣོར་གྱིས་སྡོད་པ་ནི་གུ་ཡངས་དང་སྐྱིད་པོར་བྱས་པའི་ཚུགས་ཀ་ཡིན་ཡང་དོན་དུ་དགེ་ལས་སྐྱོན་ཆེ། གཞན་དག་གི་མིག་སྔར་མི་མཛེས་པ་དང་མ་གུས་པ། སྒྱིད་ལུག་སོགས་ཀྱི་ལེ་ལོ་ལ་གོམས་པས་བྱ་བ་གང་ཞིག་ལའང་འཇུག་དཀའ་ཞིང་ལུང་མ་བསྟན་གྱིས་སེམས་ཟིན་ནས་བྱིང་རྨུགས་ཆེ་བའི་མི་ཞིག་ཡིན་པ་ར་སྤྲོད་བྱེད་པ་དང༌། གཞན་ཡང་འཕྲོད་བསྟེན་གྱི་ཕྱོགས་ལའང་གནོད་པའི་བཤད་རྒྱུན་མང༌། དེའི་ཕྱིར་ལོ་ན་ཆུང་དུས་ནས་སྡོད་སྟངས་ཀྱིས་མཚོན་བཟང་པོའི་བྱ་སྤྱོད་རིགས་རྣ་བར་ཡང་ཡང་སྒྲོག་རྒྱུ་གཙིགས་ཆེར་བཟུང་སྟེ་ལམ་སྟོན་བྱེད་དགོས། དཔེར་ན། སློབ་ཕྲུག་ཚོས་སྐྱོར་སྦྱོང་སྐབས་གཟུགས་པོ་དྲང་པོར་བསྲིངས་ཏེ་སྐད་ཤུགས་ཆེན་པོས་དལ་བུར་ཀློག་པ་ནི་རྣམ་རིག་དྭངས་ཤིང་གསལ་ལ་ངལ་དུབ་མི་འབྱུང་བ་དང༌། བརྡ་སྤྲོད་རིག་པའི་གཞུང་ལུགས་ནང་སྔོན་རྗེས་མིང་གསུམ་ཇི་ལྟར་གཏན་ལ་ཕབ་པ་ལྟར་སྒྲ་དག་གསལ་གསུམ་ཚང་བ་ཀློག་ཐུབ་པ་སོགས་ལ་ཕན་ཆ་ཆེན་པོ་ཐོབ་སྟེ་མི་ཚེའི་ནང་བཟང་ཕྱོགས་ཀྱི་ཆ་ཞིག་ལྷན་སྐྱེས་སུ་འཇགས་པར་བྱས་པ་ཡིན། དེ་ཡང་ས་སྐྱ་བསོད་ནམས་རྩེ་མོའི་ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ལས། ཀློག་སྐད་སློབ་པ་ཐོག་མའི་ཚེ། །ཀློག་པ་སླ་ལ་བསླབ་པར་བྱ། །དེ་ནས་དལ་བར་བྱ་བ་དང༌། །དབུགས་ཐག་བསྲིངས་པ་ཉིད་ལ་བསླབ། །ཟུར་ཕྱིན་མ་ནོར་ལྷག་ཆད་མེད། །སྒྲ་སྐད་མཉམ་ལ་ཐོགས་རྡུགས་མེད། །དལ་ཞིང་མགྲིན་པ་རབ་ཏུ་སྙན། །ཀློག་མཐར་ཕྱིན་པའི་ཚད་ཡིན་ནོ། །ཞེས་དང༌། སྦྱོར་ཞིང་ཀློག་པའི་དུས་ན་ནི། །མཐའ་རྟེན་ཟུར་ཕྱིན་རབ་ཏུ་བསླབས། །ཞེས་དང༌། དེ་ལྟར་སྦྱོར་ཀློག་སློབ་པའི་ཚེ། །ནན་ཏན་བསྐྱེད་ན་ཕྱི་ནས་སླ། །ཞེས་གསུངས་པའི་དོན་བཞིན་གསར་སློབ་སྐབས་ནས་ཡི་གེའི་སྐྱེ་གནས་དང་མཐུན་པའམ་སྒྲ་དག་གསལ་གསུམ་ཚང་བ་ཞིག་བསླབས་ན་ཕྱོགས་གང་ཅིར་ཕན་པ་མི་དམན་པ་འཐོབ་པས་དགེ་སློབ་གཉིས་ཀྱིས་ཚེགས་ལ་མི་ལྟ་བར་དམ་དོན་གྱི་ཀློག་སློབ་དགོས་པ་ཆེས་ཤིན་ཏུ་གལ་ཆེ།
    སྔ་མོའི་དུས་མཚན་ཉིད་ཀྱི་གྲྭ་ས་ཁག་གི་ནང་ཁ་དོག་དཀར་དམར་རམ་མཚན་ཉིད་གསར་སློབ་གྲྭ་གཞོན་རྣམས་ལ་མཚན་ཉིད་དང་མཚན་གཞི་ངོས་འཛིན་དང་རྩོད་པ་ཇི་ལྟར་རྩོད་ཚུལ་གྱི་རྣམ་གཞག་སོགས་མཉམ་དུ་སྐྱོར་སྦྱོང་གིས་བློ་ངོར་འཇགས་ཐབས་བྱེད་པའི་ཚུལ་འདིར་ལེགས་ཆ་མང་པོ་འདུག ལྷག་པར་དེང་གི་དུས་དགོས་མཁོའི་དབང་གིས་མི་རིགས་གཞན་དག་ལ་སྐད་ཡིག་སོགས་སློབ་སྐབས་གཅིག་གིས་མ་ཤེས་པ་ཞིག་གཅིག་གིས་ཤེས་ནས་ནང་ཁུལ་བརྡ་སྤྲོད་རོགས་བྱེད་པའི་ཚུལ་འདིས། བོད་སྐད་ཀྱི་གདངས་ཐོན་པ་ལ་གཞོགས་འདེགས་རླབས་ཆེན་རེ་བྱེད་པས་དགེ་སློབ་གཉིས་ཀའི་བརྡ་འཕྲོད་མིན་གྱི་དཀའ་ངལ་ཅུང་རེ་སེལ་བ་ཕན་པར་མ་ཟད་སློབ་མས་མགྱོགས་པོར་ཤེས་པ་ལའང་དགེ་མཚན་མི་དམན་པའི་ཁྱད་ཡོན་མཆིས་པས་རྒྱུན་འཁྱོངས་བྱེད་གལ་ཆེ་བར་མཐོང་ངོ༌། །

གཉིས་པ། གང་ཞིག་སྦྱངས་པ་དེ་ཡིད་ལ་བརྟན་པར་འཇགས་ཐབས།

    བོད་མི་རིགས་ཀྱི་སློབ་སྦྱོང་བྱེད་ཚུལ་གྱི་འཕེལ་རིམ་ལ་བསམ་གཞིགས་སྐབས། གནའ་དེང་གཉིས་མི་འདྲ་བ་མཐོང་ཆོས་སུ་གྲུབ་ཅིང༌། དེ་ནི་འདས་པའི་དུས་ཡུན་རིང་སློབ་སྦྱོང་བྱེད་པོ་ཕལ་མོ་ཆེ་གྲྭ་བཙུན་ཙམ་དུ་ཟད་སྟབས་འདོན་ཆོས་སྤྱོད་སོགས་ངེས་གཏན་འཁེལ་བའི་སློབ་སྦྱོང་བྱེད་ཡུལ་ཚད་གཞི་རྣམས་བྱང་ཆ་ཐོན་པ་ཞིག་སྦྱོང་བརྡར་བྱེད་སྲོལ་བོད་རྒྱ་ཁྱབ་ཏུ་འཕེལ། དེ་ཇི་ལྟར་སྦྱོང་བའི་ཚུལ་ནི། དབྱངས་གསལ་སྦྱོར་ཀློག་སོགས་ལེགས་པར་ངོ་འཕྲོད་པ་ཞིག་བསླབས་ནས་སྐབས་བབ་ཆོས་བརྒྱུད་དེའི་བླ་མའི་རྣལ་འབྱོར་དང་གསོལ་འདེབས་བཅས་ཆོས་སྤྱོད་སྣ་ཚོགས་རིམ་པར་སྦྱོང༌། དེ་ནས་གཞུང་ཆེན་མོ་རྣམས་ལ་སློབ་སྦྱོང་བྱེད་པའི་མགོ་འཛུགས་པ་སོགས་དར་རྒྱས་ཆེ་ཡང༌། འདིར་དེང་དུས་སློབ་གྲྭ་བ་དག་གིས་སློབ་སྦྱོང་བྱེད་ཚུལ་སྐོར་གཙོར་འདོན་གྱིས་ཕྱོགས་ཙམ་བརྗོད་ན།
    ཀ )བསླབ་བྱའི་སློབ་ཚན་དེའི་སྙིང་དོན་ཕྱོགས་བསྡུས་བྱས་པའི་སྡོམ་ཚིག་གམ་རྩ་བ་བློ་འཛིན་བྱས་ན་གཞུང་དེའི་བརྗོད་སྙིང་གི་གྲུབ་ཆ་རྟོགས་པར་ཕན་ཐོགས་ཤིང༌། དོན་ལ་བསམ་གཞིགས་མི་བྱེད་པར་རྩ་འགྲེལ་སྦྲགས་ནས་ཨུ་ཚུགས་ཀྱིས་བློ་འཛིན་བྱེད་པ་ནི་འཕྲལ་ཙམ་ལས་ཕུགས་ཏེ་དོན་ངོ་མའི་ལག་ལེན་སྐབས་ཕན་པ་དེ་ཙམ་མི་འབྱུང་བས་སློབ་སྦྱོང་བྱེད་ཐབས་ཀྱི་ལམ་ཡན་དུ་འཕྱན་པ་ཡིན། སློབ་སྦྱོང་ཟེར་བ་ནི། རང་ཉིད་ཀྱིས་སྔར་མ་ཤེས་པའི་མིང་ཚིག་གསར་པ་ཞིག་སེམས་ལ་འཛིན་རྒྱུ་གཅིག་པུ་མིན་པར་མིང་ཚིག་དེ་བརྒྱུད་ནས་དོན་དག་གང་ཞིག་བློ་ངོར་རྟོགས་ཐབས་བྱ་དགོས་ཤིང༌། དཔེར་ན། ཤེས་ཡོན་ནི་ལྡེ་མིག་དང་ཤེས་བྱ་ནི་བང་མཛོད་ལྟ་བུ་ཡིན། ཤེས་ཡོན་གྱི་ལྡེ་མིག་(ཤེས་ཡོན་ནི་ཐོབ་བྱ་ཞིག་ཡིན་པས་ཐོབ་བྱེད་ལྡེ་མིག་གིས་དཔེ་རུ་སྦྱར་བ་ཅུང་ཟད་མི་བདེ་སྙམ།)དེ་བེད་སྤྱོད་བྱས་ནས་ཤེས་བྱའི་བང་མཛོད་ཀྱི་སྒོ་ཕྱེས་ཏེ། རང་ཉིད་ཀྱིས་སྔར་རྟོགས་པ་རྣམས་རྨང་གཞིར་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་བམ་རྣམ་པར་དཔྱོད་པའི་བློ་ཡིས་ཆོས་དེ་དང་དེའི་གནས་ལུགས་རྟོགས་ཐུབ་པ་ཞིག་དགོས་ཀྱི་ཡོད། དེའི་ཕྱིར་དེབ་ངོར་འཁོད་པའི་ཤེས་བྱ་ཤེས་པ་ཙམ་ལ་ཤེས་ཡོན་ཅན་ཟེར་ན་གྲགས་འཇུག་དང་འགལ་བའི་བརྡ་ཆད་ཙམ་དུ་ཟད། འདིར་ཚིག་ཚོགས་མང་བར་འགྱུར་བས་བསྟེན་བྱ་དགེ་རྒན་དང་སྟེན་བྱེད་སློབ་མ་གཉིས་ཀར་མཚན་ཉིད་ཞིག་ཚང་དགོས་མིན་གྱི་བཤད་རྒྱུན་སོགས་མ་སྤྲོས་ཀྱང༌། སློབ་མ་གང་ཞིག་ལའང་མེད་དུ་མི་རུང་བའི་མཚན་ཉིད་གཅིག་ནི། རང་ཉིད་རྣམ་དཔྱོད་དང་ལྡན་པའི་ཤེས་ཡོན་ཅན་ཞིག་བྱེད་འདོད་ཕྱིན་སྣོད་རུང་དང་ཧུར་བརྩོན་ཆེ་བ་ཅན་ཡོང་ཐབས་ལ་རིག་པ་སྒྲིམ་དགོས་པ་ཆེས་ཤིན་ཏུ་གལ་ཆེ།
    ཁ) ཆོས་དང་འཇིག་རྟེན་རིག་གནས་ཀྱི་སྐད་ཆ་གང་ཞིག་བཤད་པའི་སྐབས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ཞིག་དགོས་པ་རིགས་པས་གྲུབ་སྟེ། དགེ་རྒན་གྱིས་གང་བཤད་ཁྲིད་སྐབས་ལུས་ཚོགས་གྲལ་དུ་བསྡད་ཀྱང་དེ་ལ་བློ་མི་གཏོད་པར་སྣོད་ཁ་སྦུབ་པ་དང༌། ཉན་ཡང་སེམས་རྣལ་དུ་མི་ཕབ་པར་ཡིད་ལ་མི་འཛིན་པ་ཞབས་རྡོལ་བ་དང༌། རྒྱལ་ཁབ་དང་མི་རིགས་ཀྱི་རིག་གཞུང་བདག་གཅེས་བྱེད་དགོས་པ་སོགས་ཀྱི་འདུ་ཤེས་བོར་ཏེ། རང་ཉིད་རྒྱལ་འདོད་དང་ཁེ་གྲགས་དོན་གཉེར་བཅས་ཀུན་སློང་ངན་པའམ་ཕ་རོལ་པོ་བཤད་ཁྲིད་མཁན་གྱི་ཡོན་ཏན་ལ་མི་ལྟ་བར་དེའི་སྐྱོན་ཆེ་ཆུང་འཚོལ་བ་དང་སྒྲོ་འདོགས་བྱེད་པ་སོགས་སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་གྱི་རིགས་རིང་ནས་སྤངས་ཏེ་ཡིད་གཟབ་ཀྱིས་ཉན་ཞིང༌། སྐབས་བབ་སློབ་ཚན་སྤྱི་དང་དཀའ་གནད་ཁག་ལ་འགྲེལ་བཤད་དང་དོགས་གཅོད། ཟིན་བྲིས་བཏབ་པ་རྣམས་ཇི་བཞིན་བློ་ལ་ངེས་ཐབས་བརྗེད་ཐོ་བཀོད་ནས་གནད་དུ་སྨིན་པའི་སྦྱོང་བརྡར་བྱེད་དགོས།
    དགེ་རྒན་གྱིས་སློབ་ཚན་གཙོ་བོ་བརྡར་ཤ་ཆོད་པ་ཞིག་ཁྲིད་རྒྱུ་ལས་དེ་དང་འབྲེལ་ཡོད་མཐའ་དག་སློབ་པ་དང༌། སློབ་མར་ཤེས་ཡོན་ཤེས་པའི་དཀའ་ཁག་ཐམས་ཅད་དགེ་རྒན་གྱིས་སེལ་བར་བྱེད་པ་ནི་སློབ་མའི་རྣམ་དཔྱོད་བེད་སྤྱོད་གཏོང་བའི་འགོག་རྡོ་ཡིན་པས་ཤེས་སླ་རིགས་རྣམས་དེབ་འདི་དང་དེའི་ངོར་གསལ་ཞེས་སློབ་སྟོན་བྱས་ཏེ་སློབ་མ་སོ་སོར་ཀློག་ཏུ་བཅུག་ན་ཤེས་ཡོན་ཡར་རྒྱས་དང་དེབ་ལྟ་ཀློག་གི་ཕྱོགས་ལ་གོམས་འདྲིས་ཆེ་བ་འབྱུང་བའི་ཐབས་ལམ་ཞིག་ཡིན། དེ་ལ་བརྟེན་ནས་རང་བཞིན་གྱིས་དཔེ་ཀློག་ལ་དགའ་ཞེན་དང་སེམས་ཤུགས་འཕེལ་རྒྱས་ཀྱིས་ལྟ་ཐོས་ཡངས་པ་ཞིག་ཏུ་འགྱུར་བས་མི་ཤེས་པའི་དཀའ་ཁག་རིགས་ཀྱང་སེལ་བ་ལ་ཕན་ཐོགས་འབྱུང༌།
    སློབ་ཚན་དང་གཞུང་གང་ཞིག་མཐོང་བ་ཙམ་གྱིས་དེ་ཇི་ལྟར་སྦྱོང་ཚུལ་གྱི་ཐབས་ལམ་ལ་མནོ་བསམ་གཏོང་བ་དང་སྤྲོ་བ་མི་སྐྱེད་པར་མཐོང་ཐོས་ཙམ་གྱིས་སྦྱོང་ཐུབ་མིན་གྱི་དོགས་པ་བསླངས་ནས་རང་བློར་བྱ་བ་དེར་འཇུག་པའི་འབད་བརྩོན་གྱི་དཔའ་ཞུམ་པར་བྱེད་པའི་སྒྱིད་ལུག་པའི་ལེ་ལོ་དང༌། རྩེ་དགོད་དང་བག་མེད་ཀྱིས་མཚོན་བྱ་སྤྱོད་ངན་པའི་རིགས་ལ་ཚིམ་པ་མེད་པར་དུས་རྒྱུན་དེ་སྐོར་ལ་གཡེང་བའི་བྱ་བ་ངན་པར་རང་བཞིན་གྱིས་དང་ཞེན་ཆེ་བའི་བྱ་བ་ངན་ཞེན་གྱི་ལེ་ལོ་དང༌། ནང་སྦྱོང་དང་དེབ་རིགས་ལྟ་ཀློག་གིས་མཚོན་བྱ་བ་གང་ཞིག་ཀྱང་རྗེས་སུ་བྱ་དགོས་སྙམ་པའི་དུས་བསྒྱངས་བྱེད་པའི་ལེ་ལོ་སོགས་སྤངས་ཤིང༌། སེམས་ལ་དཔའ་བའམ་སྙིང་སྟོབས་བསྐྱེད་དེ་གཞུང་ལུགས་སྦྱོང་བ་དང་བྱ་བ་གང་ཞིག་ཀྱང་བྱེད་ཐུབ་སྙམ་པའི་སྤོབས་པ་དང་དང་བཅས་བརྩོན་འགྲུས་བྱས་ནས་སྒྱིད་ལུག་པའི་ལེ་ལོ་སྤོང་བ་དང༌། བཟང་སྤྱོད་དང་འགལ་བའི་རྩེ་དགོད་དང་བག་མེད། རྣམ་གཡེང་བྱེད་པ་ནི་མི་ཚེ་ཆུད་ཟོས་དང་སྡིག་པ་གསོག་པའི་རྒྱུར་མཐོང་ནས་བྱ་བ་ངན་ཞེན་གྱི་ལེ་ལོ་སྤོང་བ་དང༌། བྱ་བ་ཆེ་ཆུང་ལ་མ་ལྟོས་པར་སང་གནངས་སམ་རྗེས་སུ་བྱ་སྙམ་པའི་དུས་བསྒྱངས་ཀྱི་ཕྱི་བཤོལ་རིགས་དོར་ཏེ་བསྐྱར་འཆོས་དགོས་པའི་སླ་ཆོས་སོགས་མི་བྱེད་པར་སྐབས་བབ་སོ་སོར་ཚགས་སུ་ཚུད་པ་འབྱུང་ཐབས་ལ་བརྩོན་འགྲུས་བསྐྱེད་དགོས་པ་ཤེས་ཡོན་ལ་དོན་གཉེར་ཆེ་བ་དག་གིས་གཟབ་པར་བྱ་དགོས་པའི་གནད་ཅིག་ཀྱང་ཡིན།
    མདོར་ན། སློབ་མ་ཞིག་ལ་མཚོན་ན་རྣ་བ་མི་གཏོད་པའི་སྣོད་ཁ་སྦུབ་པ་དང༌། ཉན་ཀྱང་ཡིད་ལ་མི་འཛིན་པའི་སྣོད་ཞབས་བརྡོལ་བ་དང༌། རྣ་བ་གཏད་ནས་ཉན་ནའང་བློ་ངོར་མ་རུངས་པ་སྣ་དགུ་འཆར་བའི་སྣོད་དྲི་མ་ཅན་ལྟ་བུ་སྟེ་སྣོད་ཀྱི་སྐྱོན་གསུམ་དང༌། སྒྱིད་ལུག་དང་བྱ་བ་ངན་ཞེན། ཕྱི་བཤོལ་གྱི་ལེ་ལོ་གསུམ་བཅས་ནི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་གི་ཆ་ནས་བཤད་ཀྱང་འདོར་དགོས་པའི་གནད་ཀྱི་དོན་པོ་ཞིག་ཡིན་པ་ཤེས་པར་གྱིས་ཤིག
    ག) སློབ་ཚན་གྱི་ནང་དོན་ལེགས་པོ་མ་ཤེས་ཕྱིན་བསྐྱར་སྦྱོང་ཅི་ཙམ་བྱས་ཀྱང་མི་ཕན་པས་ཐོག་མར་ཚིག་རེ་རེ་བཞིན་བརྡ་དགྲོལ་ལམ་སྤྱིའི་བརྗོད་བྱ་རྟོགས་པར་བྱེད་དགོས་པ་དང༌། དཀའ་གནད་ཅེས་པ་སྦྱང་བྱའི་གཞུང་དེ་ལ་རེ་ཟུང་ཡོད་དུ་ཆུག་ཀྱང་གཙོ་བོ་རང་གིས་གང་མ་ཤེས་པ་དེ་དཀའ་གནད་དུ་བཟུང་ནས་ནན་ཏན་གྱིས་ལྟ་ཀློག་ཞིབ་མོར་བྱས་ཏེ་ནང་དོན་རྣམས་བློ་ལ་ངེས་པར་བྱེད་དགོས། དེ་ཡང་ཐོག་མར་སློབ་ཚན་དེར་རགས་བལྟས་ཤིག་བྱས་རྗེས་སླར་དུམ་མཚམས་སོ་སོའི་ནང་དོན་དང་དཀའ་གནད་བཅས་ལ་རིམ་བཞིན་བསྐྱར་སྦྱོང་བརྗོད་བྱ་སྤྱི་རྟོགས་པའི་གོམས་འདྲིས་བསྟེན་པ་ནི་བློ་ངོར་ངེས་ཐབས་ཤིག་ཡིན། ཚིག་དོན་བརྡ་འགྲེལ་དང་གོ་དཀའ་བ་རྣམས་འབྲེལ་ཡོད་གཞུང་ལ་གཟིགས་ནས་རང་གིས་ཤེས་ཐབས་ལ་འབད་ཅིང་ཐུན་མིན་གྱི་མན་ངག་རྣམས་ཟིན་བྲིས་བཏབ་སྟེ་བློ་ངོར་འཇགས་པར་བྱེད་དགོས། འོན་ཀྱང༌། དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ། །ཞེས་གསུངས་པ་བཞིན་འབྲེལ་ཡོད་ཀྱི་གཞུང་དེ་ཡང་གྲགས་ཅན་ནམ་ཚད་ལྡན་དག་ལ་ལྟ་དགོས་པ་ལས་དོན་ཕྱིན་ཅི་ལོག་པ་དང་དོན་མེད་ཀྱི་དཔེ་ཚོགས་མང་པོར་བལྟས་ན་བློ་མི་འཆུན་པར་ལེགས་ཉེས་ཀྱི་རྣམ་དབྱེ་འབྱེད་དཀའ།
    གང་ཞིག་ལ་སྦྱོང་བའི་རྩ་ཚིག་བློ་འཛིན་གྱིས་ཚིག་དོན་ལ་མནོ་བསམ་གཏོང་བཞིན་བཏོན་ན་བསྐྱར་སྦྱོང་བྱས་པ་དང་མཚུངས་ལ་རྩ་འགྲེལ་སྦྲགས་ནས་ཁྲིད་སྐབས་ཀྱང་ས་ཆོད་གཞན་དང་མི་འདྲ་བ་ཞིག་འབྱུང་ངེས། རྩ་བ་བློ་འཛིན་བྱས་ཏེ་སྦྱངས་ན་ཀླད་པའི་ནང་བག་ཆགས་ཟབ་མོ་ཞིག་བསྐྲུན་ཐུབ་པར་ཐེ་ཚོམ་མེད་པས་སྦྱང་བྱའི་གཞུང་དེའི་རྩ་བ་བློ་འཛིན་ཐོག་ཡང་ཡང་སྐྱོར་སྦྱང་བྱེད་པ་ནི་རང་ཉིད་ཀྱི་ཤེས་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བྱེད་ཀྱི་ཐབས་ལེགས་ཤོས་ཤིག་ཡིན།
    སློབ་ཁྲིད་སྐབས་ཉིན་རེའི་སློབ་ཚན་དེའི་ནང་དོན་གལ་གནད་ཅན་རྣམས་སྡུད་ལེན་གྱིས་བློ་ངོར་ཚགས་ཚུད་ཅིག་ངེས་ཐབས་ལ་འབད་དགོས། དེ་མིན་སློབ་མཇུག་གམ་ལོ་འཁོར་ཡིག་ཚད་སྐབས་བྲེལ་ཟིང་ཆེ་བ་རང་བཞིན་གྱིས་འབྱུང་བས་སློབ་ཚན་རྣམས་སྡེབ་གཅིག་ལ་བསྐྱར་སྦྱོང་བྱེད་རྒྱུར་དཀའ་ངལ་ཆེ་བས་ཉེན་ཁར་འཕྲད་སྲིད། བསྐྱར་སྦྱོང་གིས་ཡང་ཡང་གོམས་འདྲིས་བསྟེན་ན་དྲན་པའི་ངོར་རྡོ་ལ་རི་མོ་བརྐོས་པ་ལྟར་འགྱུར་བས་རྗེས་སུ་གསལ་འདེབས་པ་ཙམ་ལས་མི་དགོས་པར་སེམས་ལྷོད་པོར་བྱས་ནས་སོས་དལ་ངང་ལྟ་ཀློག་ལེགས་པོར་བྱེད་ཐུབ་ཅིང་འཕྲལ་ཕུགས་གཉིས་ཀར་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་པ་འབྱུང་བས་མི་ཚེའི་ནང་བློ་ངོར་བརྟན་པོར་འཇགས་ཐབས་དེ་ལས་ཟབ་པ་ཞིག་མེད།
    ང )སློབ་ཚན་གང་ཞིག་གི་ནང་དོན་བློ་ལ་ངེས་པར་བྱེད་སྟངས་ནི། སློབ་ཚན་དེའི་ས་བཅད་དང་གཅོད་མཚམས་ཁག་གི་ནང་དོན་རྣམས་མ་འདྲེས་པར་ཤེས་དགོས་པས་དེ་གཉིས་གང་རུང་གཙིགས་འཛིན་གྱིས་སྦྱངས་ནས་བློ་ངོར་ངེས་དགོས། དེ་ཡང་བློ་ངོར་ངེས་དཀའ་སེ་བ་ཞིག་ཡིན་ན་ཤོག་ངོས་སམ་དེའི་ཕྱེད་ཀའམ་ཡང་ན་ཐིག་ཕྲེང་འགའ་བཀླགས་ཏེ་ཐོག་མ་ནས་ནང་དོན་ངེས་པར་བྱེད་པའི་བསམ་བློ་གཏོང་སྟངས་གོམས་འདྲིས་ཀྱིས་བརྗོད་བྱ་གང་ཞིག་ཤེས་པར་བྱས་ན། ཡིད་ལ་བརྟན་པོར་འཇགས་ཐུབ་པ་ལས་མ་ཤེས་པས་དོར་བའམ་ཚིག་ཙམ་བློར་བཟུང་བས་ནི་དེ་ཙམ་མི་ཕན། དེ་བཞིན་ལོ་རྒྱུས་ལ་སྦྱངས་ཀྱང་གོང་བཤད་རྣམས་འདོར་ལེན་དང་འབྲེལ་གཙོ་བོ་བྱ་བ་དེ་བྱུང་བའི་ལོ་ཁམས་ཀྱིས་མཚོན་དུས་ཚིགས་ཆེ་ཆུང་དང་མི་སྣ་གཙོ་བོ། བྱ་བ་དེའི་བྱུང་རིམ་དང་མཇུག་འབྲས་སོགས་ནི་ལོ་རྒྱུས་ཀྱི་དོན་སྙིང་ཡིན་པས་དེ་དག་བློ་འཛིན་ཐོག་ནང་དོན་གནད་བསྡུས་ཤིག་ཤེས་ཐབས་ལ་འབད་བརྩོན་བྱེད་དགོས། གཞུང་གང་ཞིག་སློབ་ནའང་ནང་སྦྱོང་སྤྲད་པ་རྣམས་གལ་ཆེ་བས་དུས་ཐོག་ཏུ་ཆ་ཚང་བར་བྱས་ནས་བཞག་སྟེ་ནོར་བཅོས་བགྱིས་པ་རྣམས་ལའང་ཞིབ་བལྟས་ཀྱིས་གང་ནོར་ཤེས་པར་བྱས་ཏེ་སློབ་པ་ནི་ཕྱིན་ཆད་ནོར་བ་མི་འབྱུང་བའི་ཐབས་ཤིག་ཀྱང་ཡིན།
    མདོར་ན། ཐོག་མ་ཉིད་ནས་སྦྱོང་གཞི་གང་ཞིག་གི་ཚིག་ཙམ་མ་ཡིན་པར་ནང་དོན་ནམ་བརྗོད་སྙིང་གནད་དུ་འགྲོ་བ་ཞིག་བློར་ངེས་ཐབས་ཀྱི་རིགས་ལམ་འཚོལ་དགོས་པས། གུང་ཐང་བསྟན་པའི་སྒྲོན་མེས། གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང༌། །དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང༌། །ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། །བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། །དོན་ལ་བརྟག་དཔྱད་ཞིབ་མོར་གྱིས་ཤིག་ཨང༌། །ཞེས་གསུངས་པ་བཞིན་སྦྱང་གཞི་དེ་གཞུང་རྒྱ་ཆེན་ཞིག་ཡིན་ན་ཐམས་ཅད་བློར་འཛིན་དཀའ་བ་ཙམ་དུ་མ་ཟད་གཞུང་གཞན་ལ་ལྟ་བའི་གེགས་སུ་འགྱུར་བས། རྗོད་བྱེད་ཚིག་དག་ལ་བརྟེན་ནས་བརྗོད་བྱའི་གནད་རྟོགས་པར་བྱེད་པ་ནི་བསྐྱར་སྦྱོང་ལ་རག་ལས་པས་ཚིག་དོན་ལ་བསམ་གཞིགས་བྱེད་ཀྱིན་ཡང་ཡང་བསྐྱར་སྦྱོང་བྱས་སྐབས་ཤིག་ཚིག་དོན་གང་ལའང་ངེས་པ་རྙེད་པར་མ་ཟད་གང་ཤེས་པ་དེ་ཡང་ཡིད་ལ་བརྟན་པར་འཇགས་ཐུབ་པ་ཁ་ཚོན་གཅོད་འོས། ཤེས་ཡོན་ནི་དགོས་འདོད་འབྱུང་བའི་ནོར་བུ་དང་དྲན་ཤེས་ནི་བང་མཛོད་ལྟ་བུ་ཡིན་ཞེས་བརྗོད་པ་བཞིན་ཤེས་ཡོན་གྱི་ནོར་བུ་དྲན་ཤེས་ཀྱི་བང་མཛོད་ནང་ལྡུག་དགོས་པས་བདག་མེད་ཤེས་ཡོན་གྱི་ནོར་བུ་གང་མང་འཐོབ་ཐབས་ལ་འབད་རྩོལ་བྱེད་པ་ངལ་བ་དོན་མེད་མིན། དེའི་ཕྱིར་འཐོབ་ཏུ་མེད་པའི་སྟོང་བསམ་གྱི་སྤྲོ་སྐྱིད་སྣ་ཚོགས་རྒྱང་དུ་བོར་ཏེ་ནང་ཡང་གུས་རྟག་གི་བརྩོན་པ་ལྷུར་ལེན་གྱིས་རང་ཉིད་རང་གིས་མགོ་སྐོར་དང་བསླུ་བྲིད་མི་བྱེད་པར་བསམ་བློའི་མྱུ་གུ་ཡར་རྒྱས་ཀྱི་འཚོལ་སྙེག་ལ་སྙུགས་བསྲིང་བ་ནི་འོད་སྟོང་ལྡན་པའི་མི་ཚེ་ཞིག་འབྱུང་བའི་ཆེད་དུ་ཡིན་སྟབས་འབད་པར་རིགས་སོ། །

གསུམ་པ། རྩོམ་ཡིག་འབྲི་ཚུལ་ཕྱོགས་ཙམ་བཤད་པ།

    ཀ )སྤྱིར་རྩོམ་ཡིག་གང་ཞིག་བྲི་བ་ལ་བརྡ་སྤྲོད་དང་སྙན་གཞུང་རིག་པ་ལ་ཐོས་བརྩོན་གྱིས་སྦྱང་སྟོབས་ལས་བྱུང་བའི་ལྟོས་འཇོག་གི་ཤེས་ཡོན་གང་འཚམ་ལྡན་པ་ཞིག་དང༌། སྐྱོན་གསུམ་སྟེ་ཤེས་རབ་དམན་པ་དང༌། མང་དུ་ཐོས་པ་དང་བྲལ་བ། སྒྱིད་ལུག་པའི་ལེ་ལོ་དང་བྲལ་བ་ཞིག་དགོས་པ་གལ་ཆེ། དེ་ཡང་རྐྱེན་ཞིག་ལ་བརྟེན་ནས་རང་ཉིད་ལ་ཚོར་སྣང་བྱུང་བ་ལས་གྲུབ་པའི་རྩོམ་ཡིག་ནི་སྲོག་ལྡན་གྱི་གང་ཟག་བཞིན་འགུལ་སྐྱོད་ཀྱི་ནུས་པ་རང་ཆས་སུ་ལྡན་པས་ཚིག་རྒྱན་སྣ་ཚོགས་པས་དེ་ཙམ་སྤྲས་མ་ཐུབ་ཀྱང་ཀློག་མཁན་གྱི་སྐྱེ་བོ་གང་ཞིག་གི་བློ་ངོར་ཚོར་སྣང་དེ་འཕོས་པའི་ནུས་པ་སྟེར་བ་ནི་རྩོམ་ཡིག་དེ་ཉིད་བརྗོད་བྱ་དོན་གྱིས་མ་སྟོངས་ཤིང་རྗོད་བྱེད་ཚིག་ཀྱང་ཅུང་ལེགས་པས་ཡིན། ཡང་རྗོད་བྱེད་ཚིག་གིས་སྤྲོས་པ་ལེགས་ཀྱང་བརྗོད་བྱ་དོན་གྱིས་སྟོངས་པ་དང་བརྗོད་བྱའི་ཕྱོགས་སྒོར་མོ་ནས་གླེང་སྟེ་སྐབས་དོན་གཙོ་བོ་སྒྲིབ་པར་འགྱུར་བའི་གཏམ་དང༌། རྗོད་བྱེད་ཀྱི་ཚིག་ཚོགས་ཏེ་ལྕི་ཡང་མི་མཉམ་པ་ཚིག་གང་ལེགས་སྣ་ཚོགས་ཤིག་ཨུ་ཚུགས་ཀྱིས་གུང་བསྒྲིགས་ནས་དོན་སྟེང་དུ་མི་འབབ་པའི་གོལ་ས་དང་བྲལ་ཏེ་ཚིག་དོན་གཉིས་ཀ་བར་མ་ཉིད་དུ་བྱས་ནས་རྩོམ་ཡིག་བྲི་དགོས་པས། རྡོ་སྦིས་ཤེས་རབ་རྒྱ་མཚོས། ཚིག་མེད་དོན་ནི་བྱིས་པའི་གནའ་གཏམ་སྟེ། །དོན་མེད་ཚིག་སྤྱི་ནེ་ཙོའི་མ་ཎི་ཡིན། །ཚིག་དོན་ཕན་ཚུན་གྲོགས་སུ་བསྡེབས་པ་ཡིས། །སྐབས་ཀྱི་གནད་ལ་སྤོབས་པ་དགེ་བར་མཛོད། །ཅེས་ཇི་ལྟར་གདམས་པ་ལྟར་ཐོག་མར་རྩོམ་རིགས་ཀྱི་ལས་རིམ་ལ་འཇུག་པའི་བློ་གསལ་གཞོན་ནུ་རྣམས་ཀྱིས་བརྗོད་བྱ་རྗོད་བྱེད་གཉིས་ཀར་བསམ་བློ་བཏང་སྟེ་རྩོམ་ཡིག་སྤེལ་བ་ལ་གཤམ་དུ་བཀོད་པའི་ཆ་རྐྱེན་འགའ་ངོ་སྤྲོད་བྱས་པ་རྣམས་གཙིགས་ཆེར་བཟུང་ནས་འབད་པ་བྱས་ན་གྲུབ་འབྲས་གང་འཚམ་འཐོབ་པར་མཐོང༌།
༡།    བརྗོད་བྱའི་གནས་ལ་བསམ་བློ་ཞིབ་མོར་བཏང་རྗེས་རྩོམ་ཡིག་འབྲི་འགོ་རྩོམ་པ་དང་ཐོག་མར་རྩོམ་དེའི་ཁ་བྱང་ངམ་མིང་འབྲི་བ་རེད།
༢།    ཐོག་མར་ཁ་བྱང་བཀོད་པ་ལ་དགོས་པ་ཡོད་དེ། རང་ཉིད་ཀྱིས་ཐོག་མའི་བསམ་བློའི་འཆར་འགོད་ལྟར་འབྲི་ཐུབ་པ་ལ་ཕན་ཆེ་བར་མ་ཟད་དགོས་མེད་ཀྱི་ཚིག་ཉོག་མང་པོ་མི་འབྲི་བར་རྩ་བའི་དམ་བཅའ་ལྟ་བུར་འགྱུར་བ་དང༌། ཁ་ཡིག་དེ་ཡང་རྩོམ་དེའི་ནང་དོན་ཕྱོགས་བསྡུས་བྱས་པ་ལྟ་བུ་ཞིག་གམ་ཚིག་རྒྱན་གྱི་ལམ་ནས་འདོགས་ནའང་རུང་རྩོམ་དེའི་བརྗོད་བྱ་རགས་ཙམ་རྟོགས་པར་བྱེད་ཅིང་མིང་དོན་མཐུན་པ་ཞིག་དགོས་པས་གང་བྱུང་གིས་མིང་འདོགས་པར་མི་རིགས།
༣།    རྩོམ་ཡིག་འབྲི་བའི་ལས་ལ་ཞུགས་སྐབས་ཐོག་མར་བརྗོད་བྱ་གཙོ་ཕལ་མཚོན་པར་བྱེད་པའི་རྩོམ་ཡིག་གི་རྒྱུ་ཆ་སྣ་ཚོགས་གཏན་འབེབས་བྱེད་དགོས།
༤།    རང་ཉིད་ཀྱི་བློ་ངོར་ཚིག་དོན་སྔ་ཕྱིའི་བཀོད་སྒྲིག་(བརྗེད་ཐོ་རགས་འགོད་དང་ཟིན་བྲིས་འདེབས་པ་སོགས།)ལེགས་པོ་དང་རྩོམ་ཡིག་གི་མགོ་མཇུག་འདྲེན་བསྡུ་སོགས་ལ་གོ་རིམ་ལྡན་པའི་འཆར་གཞི་འགོད་པ།
༥།    དཔེ་དོན་འགོད་པའི་ཚེ་དཔེ་དེ་དཔེ་ཅན་གྱི་དཔེ་རུ་འགྲོ་མིན་དང་དེ་ཇི་ལྟར་སྦྱོར་ཚུལ། དཔེ་དོན་ལ་དམན་ལྷག་དང་མང་ཉུང་སོགས་མེ་ལོང་མའི་གཞུང་དུ་བཤད་པའི་སྐྱོན་ཡོན་གྱི་རྣམ་གཞག་རྣམས་རྟོགས་པར་བྱས་ནས་དེ་དང་མ་འགལ་བར་བྱེད་པ།
༦།    བརྗོད་བྱ་སྔ་ཕྱིའི་ནང་ཕན་ཚུན་འགལ་བ་ཡོད་མེད་དང་སྐབས་དོན་དང་མ་འབྲེལ་བའི་ཚིག་ཚོགས་ཀྱིས་སྤྲོས་པ་མེད་པ།
༧།    སྒྲ་རྒྱན་དང་བསྐོར་རྒྱན་གང་རུང་གི་དོན་དང་མི་ལྡན་པར་གོང་འོག་ཀུན་ཏུ་དབྱངས་
    གསལ་དང་ཚིག་འདྲ་མཚུངས་མང་པོ་མི་འབྱུང་བའི་ཐབས་ལ་འབད་པ།
༨།    རྩོམ་ཡིག་གང་ཞིག་འབྲི་བའི་ཚེ་དོན་ལ་སྐྱོན་འབྱུང་བ་སོགས་མི་འཇོག་ཀ་མེད་ཡིན་ན་མ་གཏོགས་རྣམ་དབྱེ་དང་ཚིག་ཕྲད་སོགས་བསྡུ་ཅི་ཐུབ་བྱས་ན་ཚིག་ཉམས་ལེགས་པོ་འབྱུང་མིན་ལ་ཕན་ཁྱད་ཆེན་པོ་ཡོད།
༩།    ཚིགས་བཅད་འབྲི་སྐབས་ཚེག་བར་དོ་མཉམ་ཞིང་ཤོ་ལོ་ཀ་སྟེ་ཚིགས་བཅད་བཞིའི་ནང་དོན་གང་ཞིག་མ་རྫོགས་པར་ཕྱི་མའི་ནང་རྒྱུན་མཐུན་པ་ཡོད་ན་དེའི་ཚིག་སྔ་མ་གཉིས་སམ་གསུམ་གང་རུང་གི་སྐབས་མཇུག་རྫོགས་ནས་སླར་བརྗོད་བྱ་ཆེ་ཆུང་གང་ཞིག་གི་མགོ་འཛུགས་པ་སོགས་རྐེད་མཚམས་ནས་གཅོད་པའི་གཅོད་མཚམས་ཉམས་པའི་རིགས་རྣམས་ལ་མཉམ་འཇོག་བྱེད་པ།
༡༠། སྐབས་བབ་དང་འབྲེལ་མེད་ཀྱིས་དོགས་སློང་དང་ཐེ་ཚོམ་གྱི་རིགས་སྤངས་ནས་ཁ་གང་གསལ་གྱིས་ཚིག་བརྗོད་སྤེལ་བ།
༡༡། ཚིགས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མ་གང་ཞིག་གི་ནང་ཚིག་རྒྱན་དང་མངོན་བརྗོད་བརྡ་གསར་རྙིང་སོགས་སྤེལ་སྐབས་ཚིག་གིས་སྤྲོས་པ་གཅིག་པུ་ལ་དང་དོད་སྤངས་ནས་གནད་དུ་འགྲོ་བ་ཞིག་འབྱུང་ཐབས་ལ་ཡིད་གཟབ་གནང་དགོས།
༡༢། དེ་ལྟར་བཀོད་སྒྲིག་ཚགས་ཚུད་ཅིག་བྱས་ནས་འབྲི་སྐབས་བྲེལ་འཚུབ་མི་བྱེད་པར་བསམ་བློ་གཏོང་བཞིན་ཕབ་འབྲི་སོགས་བྱས་བརྡལ་རྫོབ་མང་པོས་ཤོག་བུ་འཕྲོ་བརླག་ཏུ་མི་གཏོང་བར་ཕན་ཆེ་བར་མ་ཟད། རྩོམ་དེ་ཡང་ཕུན་སུམ་ཇེ་ཚོགས་ལ་གཞོགས་འདེགས་བྱེད།
༡༣། རྩོམ་ཡིག་གང་ཞིག་འབྲི་བ་ནི་བརྗོད་བྱ་ཞིག་མཚོན་བྱེད་ཡིན་པས་རྩོམ་སྟངས་ཁ་ལོ་མེད་པའི་རྟ་རྒོད་དང་གླང་ཆེན་སྨྱོན་པའི་ལས་བཞིན་རང་དགར་སྨྱུག་རྩེས་འདུར་རྒྱུག་བྱས་ན་མངོན་འདོད་ཀྱི་དོན་དེ་མཚོན་དཀའ་བས། རང་གི་བློ་ངོར་གཏན་འབེབས་བྱས་པའི་བརྗོད་དོན་མཚོན་འོས་ཤིང་གོ་རིམ་ལྡན་པ་ཞིག་འབྱུང་ཆེད་གོང་དུ་བཀོད་པ་དག་
    ལ་བསམ་གཞིགས་ཀྱིས་རྩོམ་ཡིག་དེའི་འབྲི་འགོ་འཛུགས་རྒྱུ་གལ་ཆེ།
༡༤། ཐོག་མ་ནས་རྩོམ་ཡིག་ལེགས་པོ་ཞིག་ཡོང་དཀའ་བས་རྩོམ་ཡིག་གི་ཁ་བྱང་དང་ཚིག་འགའ་བྲིས་པ་དག་ལ་བལྟས་ཏེ་སྨྱུ་གུར་སོ་འབྲད་བྱེད་བཞིན་མི་སྡོད་པར་འདོད་མོས་ལྟར་སྨྱུག་རྩེར་བསྒྱུར་ནས། ལེགས་ཉེས་ལ་མ་ལྟོས་པར་རང་ཉིད་ཀྱི་འཆར་སྒོ་གསར་པ་རྣམས་སྤེལ་གང་ཐུབ་ཀྱིས་སྦྱོང་བརྡར་བྱས་ན་ནམ་ཞིག་ཁྱེད་རང་དེ་སྐོར་ལ་གོམས་འདྲིས་ཇེ་ཆེར་ཕྱིན་ཏེ་རྩོམ་ཡིག་ཐར་ཐོར་འབྲི་བ་ལ་དཀའ་ཚེགས་མེད་པའི་རྩོམ་པ་པོ་ཞིག་འགྱུར།
༡༥། མདོར་ན། རྩོམ་ཡིག་ཅིག་འབྲི་བའི་ཚེ་མགོ་མཇུག་བར་གསུམ་གྱི་གཞུང་ཁོག་འབུབས་སྟངས་དང་འཐུས་སྒོ་ཚང་བའི་ཚགས་ཚུད་ཅིག་འབྱུང་རྒྱུ་གནད་དོན་དུ་བཟུང་སྟེ་ལས་རིམ་དེར་འཇུག་ན་མངོན་འདོད་བཞིན་གྲུབ་འབྲས་ལྡན་པ་ཞིག་འབྱུང༌།
༡༦། མཐའ་དཔྱོད་དམ་དཔྱད་བརྗོད་རྩོམ་ཡིག་ཅིག་འབྲི་བའི་ཚེ་བསྒྲུབ་བྱ་དེའིསྒྲུབ་བྱེད་དུ་འོས་པའི་གྲགས་ཅན་མཁས་པའི་ལུང་འགའ་ལས་མང་པོ་མི་འདྲེན་པར་གཙོ་བོ་རང་གི་རིགས་པས་བསྒྲུབས་ནས་ངེས་པ་རྙེད་པར་བྱེད་དགོས་པ་སོགས་རྩོམ་པ་པོ་སྤྱིའི་མཉམ་འཇོག་གནང་དགོས་པའི་རྩོམ་ཡིག་འབྲི་ཚུལ་གྱི་གནད་དོན་ངོ་སྦྱོར་བྱས་པ་དེ་ཙམ་མོ།།
    ཁ )རྩོམ་ཡིག་གང་ཞིག་བྲིས་པ་དེ་ཕྱོགས་སྣ་ཚོགས་ལ་བསམ་གཞིགས་ཀྱིས་དག་བཅོས་བྱ་དགོས་པ་ནི་རྩོམ་ཡིག་སྤྱིའི་ཆོས་ཉིད་དམ་རྣམ་གཞག་ཅིག་ཡིན། དེང་སང་ཕྱི་ནང་གང་སར་རིག་གཞུང་སྣ་ཚོགས་འཕེལ་རྒྱས་བྱུང་བ་དང་བསྟུན་ཏེ་རྩོམ་འབྲི་ཡི་མཐོ་རླབས་འཕྱུར་ཀྱང་གོང་དུ་འཕེལ་བཞིན་པའི་ནང་རྩོམ་ཡིག་བཟང་ངན་རྩོམ་རིགས་ཀྱི་སྲོག་ཆགས་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་མཐའ་དག་དག་བཅོས་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན། འཇིག་རྟེན་ན་དག་བཅོས་བྱེད་མི་དགོས་པ་དང་མ་བྱས་པའི་རྩོམ་ཡིག་ཅིག་ནི་གཏན་ནས་མེད་ཅེས་སྨྲ་ཆོག་ལ། འདིར་དག་བཅོས་ཞེས་པ་སྔོན་རྗེས་དང་ཡང་འཇུག མགོ་འདོགས་ནོར་བ། ཚིག་སྡེབ་ཀྱི་སྦྱོར་བ་སྙན་ཆ་ལྡན་མིན་དང་ཚིག་དོན་སྔ་ཕྱིའི་འགལ་སྐྱོན། མངོན་བརྗོད་དང་བརྡ་གསར་རྙིང་གིས་འོས་འཚམས་ཀྱིས་སྤྲས་ཡོད་མེད། སྔ་དེང་གི་རྩོམ་རིགས་གང་ཞིག་གི་ཁོངས་སུ་གཏོགས་པ་དང་མཁས་པ་སུ་ཞིག་གི་རིག་པའི་འགྲོས་དང་མཐུན་མིན། ཐ་སྙད་གང་ཞིག་དེ་གྲགས་འཇུག་དང་རིག་གཞུང་སྤྱིའི་གྲུབ་ཆའི་ཚིག་བརྗོད་དང་འགལ་ཡོད་མེད་སོགས་ལ་ཞིབ་བསྡུར་བྱེད་པ་ཞིག་ལ་ཟེར་བ་ཡིན།
    ༡། དོན་གང་ཞིག་ཀྱང་གོ་ལོག་ཏུ་མི་འགྲོ་བའི་ཆེད་ཚིག་དག་པོ་འབྱུང་བ་གཙིགས་ཆེར་འཛིན་དགོས། ཚིག་དེ་ཡང་བརྡ་སྤྲོད་པའི་རྣམ་གཞག་དང་མཐུན་པའི་སྡེབ་སྦྱོར་ལེགས་ཤིང་ནང་འགལ་གྱི་སྐྱོན་དང་བྲལ་བ། ཕ་རོལ་པོའི་ཡིད་ལ་འགུལ་སྐྱོད་དང་ཉམས་འགྱུར་ཅི་རིགས་འབྱུང་ཕྱིར་སྒྲ་གདངས་ལྕི་ཡང་མཉམ་པར་བྱེད་པའི་ཚིག་རྒྱན་དང་མངོན་བརྗོད། དེ་བཞིན་གྲགས་འཇུག་ཡོད་པའི་བརྡ་གསར་རྙིང་དང་སྔ་རབས་མཁས་པའི་སྙན་གཞུང་ཁུངས་མ་དག་གི་རིག་པའི་འགྲོས་དང་བསྟུན་པའི་ཚིག་གི་སྦྱོར་བ་སྤེལ་གལ་ཆེ་བས། ཨ་ལ་ཤ་ངག་དབང་བསྟན་དར་ལྷ་རམས་པས། ཡི་གེ་དག་ཀྱང་སྙན་ངག་མི་ལྡན་ན། །ཡིད་འོང་མཛེས་མས་གོས་ཧྲུལ་གྱོན་པ་བཞིན། །མངོན་བརྗོད་གསར་རྙིང་བརྡ་ཡིས་མ་སྤུད་ན། །གྲོང་ཚིག་འདྲེས་པས་མཁས་རྣམས་བཞད་པའི་རྒྱུ། །ཞེས་གསུངས་སོ། །
    ༢། རྩོམ་ཡིག་གང་ཞིག་བྲིས་ཚར་རྗེས་རང་ཉིད་ཀྱིས་ཐེངས་གཅིག་གཉིས་ཙམ་ལ་ཞིབ་ཀློག་བྱས་ན་དོན་སྔ་ཕྱིའི་འགལ་སྐྱོན་དང་ཚིག་སྦྱོར་འབྲེལ་ཆགས་མིན་ཅུང་ཙམ་དག་བཅོས་བྱེད་ཐུབ་ཅིང༌། དེ་ལས་རང་གིས་བཀླགས་ནས་སྐབས་བབ་རྩོམ་གྱི་རིགས་ལ་སྦྱངས་ཡོན་ལྡན་པའི་སྐྱེ་བོ་དཔེ་མཁྱུད་བྲལ་བ་གཞན་དག་ལ་ཉན་འཇུག་པའམ་དེར་དག་བཅོས་བྱེད་རྒྱུར་བསྲིང་ན་བརྗོད་བྱ་རྗོད་བྱེད་གང་ཅིར་སྐྱོན་ཐེར་འདོན་གྱིས་བསམ་འཆར་དང་བཅོས་དགོས་པའི་རེ་སྐུལ་གྱིས། གྲུབ་དོན་ལ་རང་གིས་བསྐྱར་བལྟས་ཀྱིས་སྐྱོན་ཡོན་གང་ཡོད་ངོས་ཟིན་པར་བྱས་ནས་ཕྱིན་ཆད་དེ་རིགས་ལ་མཉམ་འཇོག་བགྱིས་ན་ཡུན་གྱིས་ཕན་ཐོགས་
ཆེན་པོ་འཐོབ།
    ༣། རྩོམ་ཡིག་མ་ཕྱི་བྲིས་མ་ཐག་བསྐྱར་ཕབ་མི་བྱེད་པར་ཡུན་རིང་ཙམ་བཞག་སྟེ་དེ་དང་འབྲེལ་ཡོད་ཀྱི་དཔེ་ཆ་དག་ལ་ལེགས་པོར་བལྟས་ནས་མ་ཕྱི་དག་བཅོས་བྱས་ན་རྩོམ་ཡིག་དེ་ཕུན་སུམ་ཇེ་ཚོགས་སུ་འགྱུར་བ་ལ་འབྲེལ་བ་དམ་ཟབ་ཡོད།
    ༤། རྩོམ་ཡིག་གི་མ་ཕྱི་ཡང་ཡང་དག་བཅོས་བྱས་རྗེས་བསྐྱར་ཕབ་བྱེད་སྐབས་སོ་
སོའི་འདོད་ཚུལ་གསར་པ་ཁ་སྐོང་དང་གོ་རིམ་འདེམས་སྒྲིག་བྱེད་ཆོག་པ་དང༌། བརྗོད་བྱ་
ཕྲ་རགས་རྣམས་ཞིབ་འབྲི་བྱས་ན་རྩོམ་ཡིག་དེ་ཉམས་འགྱུར་གྱིས་ཕྱུག་པ་ཞིག་ཏུ་གྱུར་ནས་ཕུལ་བྱུང་རྩོམ་རིགས་ཀྱི་གྲལ་མཐའ་རུ་བསྙེགས་པ་ཡིན།
    ༥། གཞན་གྱིས་དག་བཅོས་བྱས་ཚེ་བརྗོད་བྱ་ཁ་གསལ་མིན་དང་བསམ་བློ་གཏོང་ཕྱོགས་མི་འདྲ་བས་རྩོམ་མཁན་དང་དེ་གཉིས་བར་དཀའ་ངལ་ཞིག་འཕྲད་སྲིད། དེའི་ཕྱིར་རྩོམ་མཁན་གྱི་ཚིག་ཉམས་དེ་ཙམ་འདོན་མ་ཐུབ་ནའང་གཙོ་བོ་བརྗོད་བྱ་ཁ་གསལ་ཞིང་གོ་རིམ་
ལྡན་པའི་ངོས་གཙང་བ་ཞིག་བྲིས་ན་ཚིག་སྦྱོར་བདེ་མིན་ཙམ་དག་བཅོས་བྱེད་དགོས་ཀྱང་སླ།
    ༦། རང་ཉིད་ཀྱི་རྩོམ་ཡིག་གང་ཞིག་གཞན་གྱིས་དག་བཅོས་བྱས་ཚེ་བརྗོད་བྱ་རྗོད་བྱེད་གཉིས་ཀར་དག་བཅོས་དང་ཚིག་དོན་གྱི་ཉམས་ཕུན་སུམ་ཚོགས་པ་དང་ལྡན་པར་བྱེད་ཅིང་གོ་དཀའ་བ་རྣམས་ལ་འདྲི་རྟགས་དང་ཚིག་དོན་གྱི་བརྗོད་པའི་གོ་རིམ་འཆོལ་བ་རྣམས་ཀྱང་འདེམས་སྒྲིག་བྱེད། དག་བཅོས་བགྱིས་པ་དེ་ལ་ཞིབ་བལྟས་ཀྱིས་ཇི་ལྟར་བཅོས་སྟངས་བྱས་སྐོར་སོགས་འདྲི་ཞིབ་ཀྱིས་བློ་ལ་ངེས་པར་བྱས་ཏེ་བསྐྱར་ཕབ་བྱེད་དགོས་པ་ལས། དོ་སྣང་ཅི་ཡང་མི་བྱེད་པར་བཤུ་རྐྱང་བྱས་ན་གང་ཞིག་དག་བཅོས་བགྱིས་པ་དེས་ཁྱོད་ལ་ཕན་མ་ཐོགས་པ་ཡིན་པས་རྗེས་སུ་རྩོམ་རིག་འབྲི་ཚུལ་ལ་ཡར་རྒྱས་ཀྱི་ངོ་བོ་མི་འབྱུང་བའི་འགག་རྡོ་ཡིན་པའི་གནད་འདི་ངེས་པར་གྱིས།
    མདོར་ན། གང་ཞིག་སྦྱངས་ཀྱང་དྲན་ཤེས་ཀྱིས་ཟིན་པར་བྱས་ཏེ་ཀླད་པ་དཀྲུགས་ནས་སྦྱོང་བརྡར་བྱས་ན་ཡིད་ལ་བརྟན་པོར་འཇགས་ཐུབ་པ་འཕྲིགས་ཐག་ཆོད་པས་སློབ་སྦྱོང་དང་བེད་སྤྱོད་གཏོང་སྟངས་གཉིས་མཉམ་འགྲོགས་བྱེད་དགོས་པ་ལས་སོ་སོར་དབྱེ་འཇོག་མི་རིགས་ཏེ། ངག་རྒྱུན་དུ། བྱིས་པས་དག་ཡིག་ཁ་ནས་སྐྱོར། །མ་དག་ཡི་གེ་ལག་པས་བྲིས། །ཞེས་པ་དང་གཅིག་མཚུངས་སུ་གྱུར་པས་སུམ་རྟགས་དག་གསུམ་གྱི་རིག་པ་གང་ཞིག་ལ་སྦྱངས་པ་དེ་དོན་དངོས་ཀྱི་ལག་ལེན་ནང་ཕན་ཐོགས་པ་ཞིག་འབྱུང་ཐབས་ལ་མི་གཟབ་པར་ཕྲད་རྣམ་དབྱེ་སོགས་ཀྱི་སྒྲ་དོན་གྱི་སྦྱོར་ཚུལ་དང་དུས་གསུམ་དང་མིང་རྐྱང་གི་དབྱེ་བ་ཁག་ཁ་ནས་གང་བྱུང་ཡིག་ཐོག་ཏུ་ཕབ་ཚེ། རིག་གནས་ལ་སྦྱངས་པའང་ཆུད་ཟོས་སུ་ཕྱིན་ཏེ་རང་གིས་ཅི་ཡང་མི་ཤེས་པའི་རྟགས་མེ་ལོང་ནང་གཟུགས་བརྙན་འཆར་བ་ལྟར་མི་འདོད་བཞིན་དུ་བསྟན་པ་ཡིན་པས། རབ་འབྱམས་པ་དང་རྩོམ་སྒྲིག་པ། རྩོམ་པ་པོ་ཞེས་ཐོབ་དང་ལག་ཁྱེར་གྱི་ཤོག་ལྷེ་དེ་དག་ཤོག་སྙིགས་ཤིག་ལས་གཞན་དུ་སུ་ཡིས་སེམས། ད་དུང་རང་ཉིད་ཀྱིས་སློབ་སྦྱོང་བྱེད་ཡུལ་དེ་ཤེས་ཡོན་ཕུན་སུམ་ཚོགས་པའི་སྡེ་ཁག་ཅིག་ཏུ་གྲགས་ནའང་ཁྱོད་ཀྱིས་ཅི་ཡང་མི་ཤེས་པའི་རང་རྟགས་ལྷང་ངེར་སྟོན་པ་དེ་དག་གིས། འོ་མའི་རྒྱ་མཚོའི་ནང་ལ་ཁྲག་གི་ཐིགས་པ་གཟར་བས་རང་ཉིད་དང་འབྲེལ་ཡོད་ཀྱི་ཚོགས་སྡེའམ་སློབ་གྲྭ་དེར་གྲགས་པ་ངན་པས་ས་སྟེང་འགེངས་པར་མཛད་པས་སྡིག་ཁམ་པོ་ཆེ་གསོག་པའི་རྒྱུ་འབད་མེད་དུ་གྲུབ་པར་བྱས་པ་ཡིན་པས། སྔ་མའི་ལས་བསགས་བཟང་པོས་འཕེན་སྟོབས་ཀྱིས་ཚེ་འདིར་ལེགས་ཉེས་བླང་དོར་གྱི་ཆ་ཅུང་ཟད་རེ་དབྱེ་ཐུབ་པའི་མི་རུ་སྐྱེས་ཀྱང་ཕྱི་མ་མུ་མཐའ་བྲལ་བའི་མུན་པའི་གཏིང་རྡོ་རུ་འདུག་པའི་ཚང་བཅས་པ་འབའ་ཞིག་ཡིན་པས་ཤེས་དཔྱོད་དང་ལྡན་པ་དག་གིས་ཚུལ་འདི་རིགས་ལ་ཤིན་ཏུ་ནས་ཀྱང་གཟབ་པར་བྱའོ། །
(སོ་རུ་དར་རྒྱས་ལགས་ནི། ཀིརྟི་བྱེས་པ་གྲྭ་ཚང་གི་སློབ་གྲྭའི་དགེ་རྒན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་ཀྱིས་འགན་ཁུར་མུས་སུ་བཞུགས།)

མདུན་ཤོག

Menu