(དེབ་གོང་མའི་འཕྲོ།)         ཨེ་པ་བསོད་ནམས་རིན་ཆེན།

ས་བཅད་ལྔ་པ། ལོ་གཅིག་འཁྱུད་བསྐོར་སྐེག་རྩིས།

དང་པོ། སྤྱི་བཤད་དང་ལོ་འགོ་འཛིན་ཚུལ།

    ཀ༽ སྤྱིར་སྐེག་རྩིས་ནི་གང་ཟག་ཕོ་མོ་གང་ཡིན་གྱི་ལོ་རེའི་བདེ་སྡུག་བླང་དོར་བརྩི་བའི་རྟེན་འབྲེལ་རྩིས་རིག་པའི་སྐོར་འགོའི་བྱེ་བྲག་ཅིག་ཡིན་ཞིང༌། འདི་ལ་རྡེལ་གྲངས་སྤྲོས་ཆེ་ཆུང་དབང་གིས་རྒྱས་བསྡུས་མི་འདྲ་བ་སྣ་ཚོགས་ཡོད་མོད། སྐབས་སུ་གཞུང་ལེའི་ནང་བཀོད་པ་ལྟར་ན་མི་རྐྱང་དབང་དུ་བྱས་པ་དེ་ཡང་རྩ་བའི་རྡེལ་དྲུག་པོས། སྲོག ལུས། དབང༌། ཀླུང༌། བབས་སྤར། བབས་སྨེ་བཅས་ཀྱི་གཙོར་བྱས་པའི་ཡན་ལག བླ། ལོག་མེན། དགུ་དུར་སོགས་ཀྱིས་དེ་འབྲེལ་བརྩི་བྱ་ཀུན་ལ་ཁྱབ་པ་ཡིན།
    དེ་ཡང༌། རྟེན་འབྲེལ་རྩིས་རིག་པས་དུས་བརྩི་བའི་ཐབས་ཡང་དག་ལ་བརྟེན་ཏེ་ནང་སྐྱེས་བུའི་བདེ་སྡུག་གི་གནད་ཀ་ཅི་རིགས་པ་གསལ་བོར་རྩི་བཞིན་ཡོད་པ་དེའི་རྒྱུ་མཚན་ཡང༌། ནང་ཡུལ་ཅན་ཕྲ་བའི་འབྱུང་ལྔའི་བདག་ཉིད་ཅན་གྱི་རྣམ་པར་ཤེས་པའི་ལུས་ཕུང་དུ་གྲུབ་པའི་འབྱུང་བ་དག་ཕྱི་ཡུལ་སྣང་བ་རགས་པའི་འབྱུང་བ་དང་འབྲེལ་ཞིང༌། ནང་ལས་སྣང་དང་འགྲོགས་པའི་འབྱུང་ལྔའི་བདག་ཉིད་ཅན་གྱི་རྣམ་པར་ཤེས་པའི་འབྱུང་བ་སྣ་ཚོགས་ལ་བརྟེན་ཏེ་ཕྱི་ཡུལ་དུ་རགས་པ་འབྱུང་བའི་འགྱུར་བ་སྣ་ཚོགས་མངོན་པ་དང༌། ཕྱི་ཡུལ་གྱི་འབྱུང་བའི་འགྱུར་བ་སྣ་ཚོགས་ལ་བརྟེན་ནས་ནང་ཡུལ་ཅན་ཡིད་ལུས་ཀྱི་ཕུང་པོར་བདེ་སྡུག་གི་འབྲས་བུ་མི་འདྲ་བར་མངོན་ཞིང་སྦྱིན་པར་བྱེད་བཞིན་ཡོད་པས། དེ་ལྟའི་ཕྱི་ནང་འབྱུང་བའི་རྟེན་འབྲེལ་གང་ཡང་ལྷན་ཅིག་འབྲེལ་བའི་འབྱུང་བས་རྟོགས་པས་སོ། །
    ཁ༽ འབྱུང་རྩིས་རིག་པས་མིའི་བདེ་སྡུག་དང་འབྲེལ་བའི་ཕྱི་ནང་རྐྱེན་སྣ་ཚོགས་པའི་འཕོ་མཚམས་དག་ཕྱི་དུས་ལ་ལྟོས་ཏེ་དབྱེ་ཞིབ་བྱ་བཞིན་པ་ལྟར། སྐབས་སུ་ལོ་སྔ་ཕྱིའི་འཕོ་མཚམས་(ལོ་འགོ)རགས་པས་གང་ཟག་གི་ལོ་རེའི་བདེ་སྡུག་གི་འཕོ་མཚམས་སྟོན་པར་བྱེད་པས། ལོ་སྔ་ཕྱིའི་འཕོ་མཚམས་ཀྱི་དུས་ཀྱང་འབྱུང་རྩིས་ལུགས་ལྟར་རགས་པ་བོད་ཟླ་བཅུ་གཅིག་སྟག་ཟླ་བའི་ཚེས་གཅིག་ནམ་ལངས་ཡོས་དུས་ནས་འཛིན་པའོ།།

གཉིས་པ། གབ་རྩེའི་བརྟག་ཐབས།

    སྐེག་རྩིས་ཀྱི་ལེ་ཚན་འདིའི་ནང་གང་ཟག་བྱེ་བྲག་སོ་སོའི་ལོ་རེའི་སྲོག་ལུས་སོགས་ཀྱི་བདེ་སྡུག་གང་ཡང་སྐབས་སུ་དཀར་ནག་རྡེལ་གྲངས་དང་བསྟུན་ཇི་ལྟར་བརྟག་ཚུལ་གྱི་གབ་རྩེའི་རེའུ་མིག་ལྟ་བདེར་བཀོད་ཡོད་ལ། ལེ་ཚན་འདིའི་མཇུག་ཏུ་རྡེལ་བཤད་མདོར་བསྡུས་ཤིག་ཀྱང་སྦྲགས་མར་བཀོད་ཡོད། དེ་ལ་ཐོག་མར་གབ་རྩེ་ལས་སྲོག་ལུས་དབང་སོགས་ཀྱི་ངོས་འཛིན་བརྟག་ཐབས་དང༌། དེ་དག་སོ་སོའི་བྱེད་ལས་གང་ཡིན་རེའུ་མིག་ནང་འཁོད་གོ་རིམ་ལྟར་ངོ་སྤྲོད་མདོར་བསྡུས་ཞུ་བ་ལ།
    དང་པོ། ཕྱི་ལོ། རེའུ་མིག་དང་པོའི་ནང་ཕྱི་ལོ་ཞེས་བཀོད་ཡོད་པ་དོན་དུ་རང་ཉིད་སྐྱེས་དུས་ཀྱི་ཡེ་ལོ། དེང་དུས་ཡོངས་གྲགས་སྤྱི་ལོར་འབོད་པའི་བརྩི་ཚུལ་ལྟར་ཡིན་ཞིང༌། འདི་ལ་གནམ་ལོ་འབྱུང་ལོ་གང་ཡིན་དང་བསྟུན་པའི་ཕྱི་ལོ་(འབྱུང་ལོ་དང་ཡེ་ལོ་ཇི་ལྟར་སྦྱར་ཚུལ་གོང་འཁོད་བསྟན་རྩིས་རེའུ་མིག་ལས་རྟོགས་ནུས་)ཉིད་ཐོག་མར་བྱས་ཐོག་རིམ་པས་ལོ་བརྒྱ་ཡས་མས་ཀྱི་འདས་ལོ་རྣམས་བཀོད་ཡོད་པས། རང་ཉིད་ཡེ་ལོའམ་ཕྱི་ལོ་གང་གི་དུས་སུ་སྐྱེས་པ་གསལ་པོ་ངེས་ཕྱིན་དེ་བསྟུན་རེའུ་མིག་སྟེང་ནས་འོག་རིམ་པས་བཟུང་བས་ལོ་གྲངས་དང་འབྱུང་ལོའམ་ལོ་རྟགས་སོགས་ཤེས་ཐུབ།
    གཉིས་པ། དེའི་འོག་བརྩི་བྱའི་ལོ་རྟགས་དང༌། ལོ་གྲངས། སྐྱེས་སྨེ་ཞེས་པ་ནི། གོང་མ་ཨང་ཀི་རྣམས་རང་གི་ལོ་གྲངས་དང༌། བར་པ་རང་སྐྱེས་དུས་ཀྱི་འབྱུང་ལོ་རྒྱུན་གཏན་ལོ་རྟགས་སུ་འབོད་པ་དེ་ཡིན། དེ་འོག་རང་ཉིད་སྐྱེས་དུས་ཀྱི་འབྱུང་ལོ་གང་ཡིན་དེའི་སྐྱེས་སྨེ་སྟེ་དོན་དུ་རང་སྐྱེས་གནམ་ལོའི་སྨེ་བ་ཡིན།
    གསུམ་པ། དེའི་འོག་སོ་སོའི་སྲོག་ལུས་དབང་ཀླུང་བླ་བཞིའི་རྡེལ་གྲངས་རིམ་པར་བཀོད་པ་ལ། དེ་ཡང་རང་རེ་གང་ཟག་ཕལ་མོ་ཆེའི་ལུས་རྟེན་འདི་ཉིད་མའི་མངལ་ལས་སྐྱེ་བའི་ཉིན་དེ་ནས་བཟུང་ནང་ལུས་ཀྱི་འབྱུང་བའི་ཁམས་དང་ཕྱི་རོལ་ཡུལ་གྱི་འབྱུང་ཁམས་གཉིས་རྟེན་འབྱུང་གིས་འབྲེལ་ཅིང༌། ཕྱི་འབྱུང་བའི་འགྱུར་བ་སྣ་ཚོགས་ལ་བརྟེན་ནས་ནང་ཡིད་ལུས་ཀྱི་ཕུང་པོར་བདེ་སྡུག་གི་ཚོར་བ་ཇི་སྙེད་སྟེར་བཞིན་ཡོད། དེ་ལྟའི་ཕྱི་ནང་གི་འབྱུང་བའི་ཁམས་གཉིས་འབྲེལ་བ་གྲུབ་ཚུལ་ལ་བརྟེན་ནས་ཚེ་གཅིག་དང༌། ལོ་གཅིག་ཟླ་གཅིག་གི་སྲོག་ལུས། དབང་ཐང༌། ཀླུང་རྟ། བླ་བཅས་ཀྱི་རྟེན་འབྲེལ་རྩི་བཞིན་ཡོད་པའང་གཙོ་བོ་དུས་བརྩི་བའི་རིག་པས་ཐག་གཅོད་བྱེད་བཞིན་ཡོད།
    གཞུང་ལེའི་ནང་གང་ཟག་ངོ་རེའི་ལོ་རྟགས་དང་རྩིས་དུས་གནམ་ལོའི་ལོ་རྟགས་ཀྱི་སྲོག ལུས། དབང༌། ཀླུང་བླ་བཞིའི་འབྱུང་བ་མཐུན་མི་མཐུན་གྱི་འབྲས་བུ་བཟང་ངན་མཚོན་དོན་བཀོད་པའང༌། ཐིག་ལེ་རིས་ ༠ འབྱུང་མཐུན་རྡེལ་དཀར་དང་རྒྱ་གྲམ་རིས་ x ཀྱིས་འབྱུང་བ་ཉམས་པ་རྡེལ་ནག་སྟོན་པ་འདི་ནི་འབྱུང་རྩིས་རིག་པས་ཕྱི་དུས་དང་འབྲེལ་བའི་མིའི་བདེ་སྡུག་གི་རྐྱེན་རྩིས་པ་ཡིན་པས། འདི་ལ་ལྟོས་ཏེ་རགས་པ་གང་ཟག་སོ་སོའི་ལོ་རེའི་སྲོག་ལུས་དབང་ཀླུང་སོགས་ཀྱི་དར་གུད་ཤེས་ཐུབ།
    དེ་ཡང་འབྱུང་རྩིས་ལས། སྲོག་ལུས་དབང་ཀླུང་སྨེ་བ་ལྔས། །ཚེ་དང་ནད་དང་བཟའ་ཐང་དང༌། །བསོད་ནམས་གདོན་བྱེད་ལ་བརྟག་པའི། །ཁ་དམར་སྤྱི་སྡོམ་ལྔར་བསྡུས་ལ། །རིགས་མཐུན་འབྲས་བུ་གང་རུང་གིས། །སྟངས་གཅོད་བྱས་ཀྱང་ཆོག་པར་ངེས། །ཞེས་གསུངས་པས། སྲོག་ལུས་དབང་ཀླུང་སྨེ་བ་ལྔས་རིམ་པ་ལྟར། སྲོག་གིས་ཚེ་ལ་འགལ་རྐྱེན་འོང་མི་འོང་དང༌། ལུས་ཀྱིས་འབྱུང་འདུས་ཕུང་པོར་ནད་ཀྱིས་འཚེ་བ་འབྱུང་མི་འབྱུང༌། དབང་ཐང་གིས་དཔལ་འབྱོར་ལོངས་སྤྱོད་ཆེ་ཆུང་ཇི་ཐོབ། ཀླུང་རྟས་བྱ་བ་ལས་དོན་ལམ་དུ་ལྷོངས་མི་ལྷོངས་དང་བསོད་ནམས་ཆེ་ཆུང་བརྟག སྨེ་བས་གདོན་རིགས་ཀྱི་འཚེ་བ་སོགས་ལོ་གཅིག་གི་བདེ་སྡུག་སྙིང་པོར་བསྡུས་ཏེ་བསྟན་པ་ཡིན་པས། བརྩི་བྱ་གང་ཟག་རང་གི་ལོ་རྟའམ་སྐྱེས་དུས་ཕྱི་ལོ་གང་རུང་ངེས་ཕྱིན་གབ་རྩེའི་རེའུ་མིག་འདི་བཟུང་བས་བརྩི་བྱ་རང་གི་ལོ་རེའི་སྲོག་ལུས་དབང་སོགས་ཀྱི་བཟང་ངན་རགས་ཙམ་ཤེས་ཐུབ།  དེའི་ཕྱིར་ངན་ན། རྡེལ་གྲངས་ནག་བབས། མཇུག་ཏུ་ཀུན་ཕན་ཀེག་རྩིས་ལས་ཟུར་འདོན་ཞུས་པའི་འབྲས་བུ་སྙིང་བསྡུས་བཀོད་ཡོད་པ་དེ་དང་བསྟུན་ཏེ་བཅོས་དགོས་སོ། །
    བཞི་པ། དེའི་འོག་སྟེང་འོག་ཕོ་མོའི་ལོག་མེན་ཞེས་བཀོད་པ། འདི་ནི་ལོའི་སྐོར་འགོ་གཉིས་པ་ལྡོག་ལོ་ཞེས་པ་ཡིན་ཅིང་ལྡོག་ལོའི་འགོ་ནི་གང་ཟག་སྐྱེས་པ་རྣམས་སྟག་དང་བུད་མེད་སྤྲེལ་ནས་འགོ་བཟུང་སྟེ་གཡས་གཡོན་དུ་ལོ་གྲངས་དུ་ལོན་གྱི་གྲངས་སྐོར་(སྐྱེས་པ་གཡས་སྐོར་དང་བུད་མེད་གཡོན་སྐོར།)བས་རྟོགས་ཤིང༌། ཕྱི་ལོག་མེན་གྱི་སྐོར་འགོ་འདིར་བརྟེན་ཏེ་གནམ་སྒོ་ས་སྒོ་དང་རོ་འདོད་ཆེ་ཆུང༌། བདུད་ཆད་བླ་འཁྱམས་སོགས་ཀྱི་བརྟག་ཚུལ་མང་བས་སྐབས་འདིར་འབྲས་བུའི་ནང༌། ལོག་མེན་ཕོ་ཁྱི་མོ་འབྲུག་ལ། །གནམ་སྒོ་བབས་པས་ཐོག་མི་འབུབ། །ཞེས་གསུང་པ་དག་ལས་བླང་དོར་འབྲས་བུ་ཅི་སྟོན་ངོས་འཛིན་དགོས།
    ལྔ་པ། སྟེང་འོག་ཕོ་མོའི་སྤར་ཁ་དང་དབུས་བབས་སྨེ། ཞེས་པ་སྟེང་མ་རྣམས་སྐྱེས་པ་ཕོའི་བབས་སྤར་དང༌། འོག་མ་རྣམས་ཟ་མ་བུད་མེད་ཀྱི་ལོ་རེའི་སྤར་ཁའམ་བབས་སྤར། དབུས་མ་གཉིས་ཀའི་བབས་སྨེ་ཡིན་པས་རང་རང་སོ་སོའི་བབས་སྤར་དང་བབས་སྨེ་ལས་བསྟན་པའི་བླང་དོར་ནི་ཀུན་ཕན་ཀེག་རྩིས་སོགས་འབྲས་རྩིས་ནང་གསལ།
    དྲུག་པ། སྟེང་འོག་དགུ་དུར་རྡེལ།  གབ་རྩེའི་རེའུ་མིག་ཐ་མར། སྟེང་འོག་དགུ་དུར་རྡེལ་ཞེས་འཁོད་པ་ལས། སྟེང་མ་ཕོ་མོ་གཉིས་ཀའི་དགུ་མིག་དང་འོག་མ།  གཡས་(དེབ་ངོས་ནས་རྩི།)ཕོ་དང་གཡོན་མོའི་དུར་མིག་ཡིན་ཏེ། དཔེར་ན། x༠ འདི་ལྟ་བུར་མཚོན་ན་སྟེང་མ་ཕོ་མོ་གཉིས་ཀ་དགུ་མིག་དུ་མ་ཚུད་པས་རྡེལ་དཀར་བཟང་བ་དང༌། འོག་མ་སྐྱེས་པ་རྡེལ་ནག་དགུ་མིག་ཏུ་ཚུད་པས་ངན་པ་ཡིན་ནོ། །

གསུམ་པ། འབྱུང་བ་དུས་ཀྱི་སྐེག་རྩིས་སྐོར།

    འབྱུང་རྩིས་རིག་པར་རྒྱུས་མངའ་ཡོད་མེད་ལ་མ་ལྟོས་པར་རྒྱུན་གཏན་རང་རེའི་སྤྱི་ཚོགས་ཁྲོད་ སྐེག་ ཅེས་པའི་ཐ་སྙད་འདི་ནི་མི་རྣམས་དང་ཧ་ཅང་འདྲིས་ཆེ་བ་ཞིག་ཡིན། དེ་ཡང་ཕྱི་དུས་ཀྱི་འཕོ་མཚམས་གསར་པ་ཤར་བ་དང་ལྷན་ལོ་ནའི་ཐོད་རིས་བཀྲ་བའི་རྒན་རྒོན་ཕལ་མོ་ཆེས་རང་གི་ན་ཚོད་དེ་སླར་མཛུབ་རྩེར་བགྲང་བཞིན་རང་ཉིད་འདི་ལོ་བདེ་སྡུག་ཅི་འོང་དང༌། སྐེག་དབང་དུ་ཚུད་མ་ཚུད་རྩི་བཞིན་ཡོད་ལ། རྩིས་རིག་ལ་རྒྱུས་མངའ་ཆེ་བ་དང༌། ཡེ་མཁྱེན།(རྩིས་པ།) བླ་མའི་མདུན་སར་བཅར་ཏེ་རང་ཉིད་སྐེག་ལམ་ལས་ཐར་ཐབས་ཀྱི་སྐྱབས་འཇུག་ཞུ་ཡི་ཡོད། ང་ཚོས་སྐེག་རྩིས་ཀྱི་ལེ་ཚན་འདིའི་ནང་ཡང་སྙིང་འབྱུང་རྩིས་རིག་པ་ལས་ སྐེག ཅེས་པའི་ངོས་འཛིན་ཇི་ལྟར་བྱས་ཡོད་མིན་དང་རྩུབ་རིགས་ཆེ་ཆུང་བཅོས་ཐབས་མདོ་ཙམ་གླེང་རྒྱུ་ཡིན་ཏེ།

དང་པོ། སྐེག་གི་གོ་དོན་དང་རྩུབ་ཆེ་ལོས་ཚད།

    སྤྱིར་སྐེག་ཅེས་པ་བར་ཆད་དང་རྩུབ་རིགས་ལ་ངོས་འཛིན་ན་ཆོག་ཅིང༌། བྱེ་བྲག་སྐེག་གི་བརྩི་ཚུལ་ཐད་འབྱུང་རྩིས་རིག་པ་ལས། གཅིག་པ་རང་སྐེག་གཉིས་ནད་དགྲ། །གསུམ་པ་བྱེ་བྲལ་བཞི་བཞི་གཤེད། །ཅེས་གསུངས་པ་ལྟར། བརྩི་བྱ་གང་ཟག་རང་གི་ལོ་རྟ་དང་བརྩི་དུས་གནམ་ལོའི་ལོ་རྟ་གཉིས་གཅིག་ཏུ་འཛོམས་པ་ལ་རང་སྐེག་ཏུ་ཚུད་པ་ཟེར་ཏེ་དེ་ཉིད་འཆི་གསོན་གྱི་འཕྲང་ལྟ་བུ་ཡིན་པའི་རྩུབ་དོན་ཡང༌། འབྱུང་རྩིས་ལས། རང་ལོ་གནམ་ཤར་རང་སྐེག་རྩུབ། །ཅེས་གསུངས་ཡོད། དཔེར་ན། གནམ་ལོ་ཆུ་ལུག ཡེ་ལོ་༢༠༠༣ ལྟ་བུར་གང་ཟག་ལུག་ལོ་ཅན་ཀུན་རང་སྐེག་དུ་ཚུད་པ་སྟེ། དེ་ཡང་ལོ་གྲངས་ ༡ ༡༣ ༢༥ ༣༧ ༤༩  ༦༡ ༧༣ ༨༥ ༩༧ རྣམས་སོ།།

གཉིས་པ། སྐེག་གི་རྣམ་དབྱེ།

    སྐེག་གི་དབྱེ་བ་ཞིབ་པར། ཕྱི་ལོའི་སྐེག་དང༌། ནང་སྤར་ཁའི་སྐེག བར་སྨེ་བའི་སྐེག་ཅེས་ཕྱི་ནང་བར་གསུམ་དུ་དབྱེ་ཚུལ་ཡོད་པ་ལས་སྐབས་འདིར་ཕྱི་སྐོར་ལོ་གཅིག་པུའི་སྐེག་གི་རྣམ་གྲངས་སྐོར་མདོ་ཙམ་འཆད་པ་དང་དེ་ལས་རང་སྐེག་སྐོར་རྒྱས་པར་ངོ་སྤྲོད་པ་ལ།
    ཀ༽ སྐོར་འགོའི་སྒོ་ནས་དབྱེ་ན། ཕྱི་བསྐོར་ལ། རང་སྐེག་དང་བདུན་ཟུར་གྱི་སྐེག མཐུན་གསུམ་སྐེག བཞི་གཤེད་སྐེག ཁྱིམ་མཚེས་སྐེག་བཅས་རྩུབ་རིགས་ལྔར་བསྡུས་ཡོད།
རང་སྐེག་ནི། རང་ལོ་དང་གནམ་ལོ་ལོ་རྟགས་གཅིག་ཏུ་འཚོགས་པའི་སྐེག་ཡིན་ཏེ། དཔེར་ན། གནམ་ལོ་ཡོས་ལ་ལོ་རྟགས་ཡོས་འཁེལ་བ་ལྟ་བུའོ།།
བདུན་ཟུར་ནི། གནམ་ལོའི་ལོ་རྟ་ནས་བགྲངས་པའི་གྲངས་བདུན་པ་གང་དུ་རང་གི་ལོ་གྲངས་བབས་པ། དཔེར་ན། གནམ་ལོ་བྱ་ལ་རང་ལོ་རྟ་རྣམས་བདུན་ཟུར་སྐེག་ཏུ་ཚུད་པ་དང༌། རང་ལོ་རྟ་ལ་གནམ་ལོ་བྱི་བ་ལྟ་བུ་བདུན་ཟུར་སྐེག་དུ་ཚུད་པ་ལྟར། གླང་ལུག་གཉིས་དང༌། སྟག་སྤྲེལ་གཉིས། ཡོས་བྱ། འབྲུག་ཁྱི། ཕག་སྦྲུལ་གཉིས་ཀྱང་ཕན་ཚུན་བདུན་ཟུར་ཡིན་ཏེ། དེ་ཡང་རྩིས་གཞུང་ལས་བདུན་ཟུར་དུ་འགྱུར་ཚུལ་བརྡ་ཚིག་ཇི་ལྟར་བསྟན་པའང༌། རྒྱུད་ལས། རྟ་ཡིས་སྦང་བཏང་བྱི་རུས་བཅག །གླང་གི་རྭ་གོང་ལུག་གྲོད་བཀལ། །སྟག་གིས་སྦར་མོར་སྤྲེའུ་བཅུག །ཡོས་ཀྱི་ཕྲུ་གུ་བྱ་ཡིས་ཁྱེར། ཁྱི་ཡི་སྐེད་པ་འབྲུག་གིས་བཅག །དུག་པ་སྦྲུལ་དེ་ཕག་གིས་བཟོས། །ཞེས་གསུངས་པས་བདུན་ཟུར་སྐེག་ལ་བབས་ན་དམིགས་བསལ་དགྲ་དང་སྟོར་བརླག་འོང་བར་ལུང་བསྟན་པ་ཡིན་ནོ། །
མཐུན་གསུམ་ནི།  རང་ལོ་དང་གནམ་ལོ་གཉིས་ཀླུང་རྟ་གཅིག་ཏུ་འཁེལ་བ་ལ་བརྗོད་དེ། དེ་ཡང་སྟག་རྟ་ཁྱི་གསུམ་དང༌། བྱི་འབྲུག་སྤྲེལ་གསུམ། ཕག་ལུག་ཡོས་གསུམ། བྱ་གླང་སྦྲུལ་གསུམ་ཀླུང་རྟ་གཅིག་ཡིན་པའང་རིམ་པ་ལྟར་དང་པོ་གསུམ་གྱི་ཀླུང་རྟ་སྤྲེལ། གཉིས་པ་གསུམ་གྱི་ཀླུང་རྟ་སྟག གསུམ་པ་གསུམ་གྱི་ཀླུང་རྟ་སྦྲུལ། ཐ་མ་གསུམ་གྱི་ཀླུང་རྟ་སྦྲུལ་ཏུ་ཚོགས་པ་བཞིན་ནོ། །འདི་རྣམས་ལ་དམིགས་བསལ་ལོ་ཉེས་དང་ཚོང་ཉེས་འོང་ལ། མི་ཁ་སྡང༌། མཁར་དང་རོ་བག་སྲུང་ཞེས་མཁར་ལས་དང་ཕུང་པོ་གཏོང་ས། གཉེན་སྒྲིག་དགའ་སྟོན་བཅས་ལ་འགྲོ་མི་ཉན་ནོ། །
བཞི་གཤེད་ནི།  གནམ་ལོ་ནས་ཡར་མར་བགྲང་བའི་གྲངས་བཞི་པར་རང་ལོ་བབས་པ་སྟེ། དཔེར་ན། གནམ་ལོ་ཡོས་ཤར་ཚེ་རང་ལོ་རྟ་བྱི་གཉིས་བཞི་གཤེད་སྐེག་ཏུ་ཚུད་པ་ལྟ་བུ་ཡིན་ལ། ཁྱད་པར་གནམ་ལོ་གཤེད་བཞི་ཤར་(གླང༌། ལུག ཁྱི། འབྲུག)ནའོ། །འདི་ལ་དམིགས་བསལ་ཡེ་འབྲོག་གི་འཚེ་བ་འོངས་ཉེན་ཆེ།
ཁྱིམ་མཚེས་ནི།  དེ་ཡང་བྱི་བ་དང་གླང༌། སྟག་དང་ཡོས་ལྟ་བུ་ལོ་རྒན་དྲུག་ཅུའི་ཕོ་མོ་དབང་ཐང་སྦྲགས་མ་གཉིས་རེ་གནམ་ལོ་དང་རང་ལོར་བབས་དུས་ཁྱིམ་མཚེས་རྩུབ་པའི་སྐེག་ཡིན་ཏེ། དཔེར་ན། གནམ་ལོ། ས་ཡོས་སྐབས་རང་ལོ་ས་སྟག་ལོ་དང་གནམ་ལོ་ཆུ་ལུག་སྐབས་རང་ལོ་ཆུ་རྟ་ལྟ་བུ་ཁྱིམ་མཚེས་སྐེག་ཏུ་ཚུད་པ་དང༌། གནམ་ལོ་ས་བྱི་ཤར་ཚེ་རང་ལོ་ས་གླང་ཁྱིམ་མཚེས་རྩུབ་པར་བབས་པ་ལྟ་བུའོ། །འདེི་ལ་ནད་གཞི་ལོ་ཉལ་འོང་ཉེན་ཡོད་ཅེས་ནད་བྱུང་ན་ནད་ཡུན་རིང་བར་བསྟན། ཡང་ན་གོད་ཁ་སྟོར་བརླག་འོང༌། ཚོང་དང་བྱེས་སྤོངས་ཞེས་ཐག་རིང་དུ་འགྲུལ་བཞུད་བྱ་མི་ཉན་པའོ། །           

གསུམ་པ། སྐེག་བཅོས།

    དེ་ལྟར་སྐེག་རྣམས་ངོས་བཟུང་ནས་སྐབས་སུ་སྐེག་དེ་དག་གི་བཅོས་ཚུལ་མདོར་བསྡུས་བསྟན་པ་ལ་གཉིས་ཏེ། སྐེག་སྤྱིའི་བཅོས་ཐབས་སྤྱི་དང་རང་སྐེག་དགུའི་བཅོས་ཐབས་བྱེ་བྲག་ཏུ་བསྟན་པའོ། ། 
    དང་པོ་སྤྱིའི་བཅོས་ཐབས་ནི། སྤྱིར་བདུན་ཟུར་ཀེག་ལ་ཚུད་ན་བཅོས་སུ་དགྲ་བཟློག་དང་མར་མེ་ཕུལ། བྱ་སྟོན་བྱ། རང་ཀེག་རྣམས་ལ་ཚུད་ན་བརྒྱ་བཞི་དང་སྲོག་བླུ་བྱ། མཐུན་གསུམ་ཀེག་ལ་བབས་ཚེ་ཆུ་གཏོར་དང་ཉའུ་འདོན་བྱ།
    གཉིས་པ་རང་སྐེག་དགུའི་བཅོས་ཐབས་ནི། ༡) ཟླ་གཅིག་ལོན་པ། ནག་པོ་བཅུ་གསུམ་བྱ། ༢) བཅུ་གསུམ་ཀེག་ལ། ཆུ་གཏོར། ༣) ཉེར་ལྔའི་ཀེག་ལ། ནག་པོ་མགོ་གསུམ་གྱི་གཏོ་བྱ། ཏོག་གཟུངས་དང་རྣམ་འཇོམས། ཚེ་མདོ་བཀླག ༤) སོ་བདུན་ཀེག་ལ། བདུད་ཀྱི་ཞལ་བསྒྱུར་བྱ། སྲོག་བླུ་ཚེ་གཟུངས་འདོན། ཤེར་ཕྱིན་ཏོག་གཟུངས་འདོན། ༥) ཞེ་དགུའི་ཀེག་ལ། འབུམ་རྒྱས་འབྲིང་བསྡུས་གསུམ་འདོན། ༦) རེ་གཅིག་ཀེག་ལ། སྲི་མནན། བརྒྱ་བཞི་བྱ། ༧) དོན་་གསུམ་གྱི་ཀེག་ལ། ཁྲོ་རོལ་གཏོར་བཟློག་བྱ། ༨) གོ་བདུན་གྱི་ཀེག་ལ། དགེ་སློང་བཞི་བསྡེབས་བྱའོ། །
     གཞན་ཡང༌། དགུ་མིག་དུར་མིག་ཅེས་པའང་ཀེག་ཡིན་ཏེ། འདི་ལ་བརྩི་ཐབས་རྐྱང་པ་དང་སྦྲགས་མ་གཉིས་ཡོད་པ་ལས། སྐབས་སུ་དགུ་མིག་རྐྱང་པ། སྤར། སྨེ། ལོ་གྲངས་ཀྱི་དགུ་མིག་དང༌། དུར་ལ་སྦྲགས་མའི་རྩིས་ལས་སྤྲོས་པའི་དུར་ཁང་བརྒྱད་ཅུའི་ནང་གསེས་སྐབས་སུ་རང་དུར་ཆེ་ཆུང་གཉིས་དང༌། གཤེད་དུར་ཆེ་ཆུང་གཉིས་དམིགས་བཀར་གྱིས་དགུ་མིག་དང་དུར་མིག་གང་དུ་བབས་པ་རྡེལ་ནག་པོར་བཀོད་པ་ལས་ངོས་འཛིན་གྱིས་འབྲས་བུར་འཁོད་བཞིན་སྤང་བླང་བྱ་རྒྱུ་གལ་ཆེའོ། །

བཞི་པ། ཀེག་རྩིས་འབྲས་བུ་ལྟ་སྟངས་བཤད་པ་ལ་གཉིས།    

རྩིས་རིག་པའི་ཐ་སྙད་ཀྱི་འགྲེལ་པ་དང་དངོས་གཞིའི་འབྲས་བུ་ལེན་ཚུལ་ལོ། །གཞུང་ལེའི་ནང་ཀེག་རྩིས་ཀྱི་གབ་རྩེ་རེའུ་མིག་ཚུལ་དུ་བཀོད་པ་དེའི་མཇུག(ཤོག་གྲངས་༦༠ ཡས་མས་སུ་གཟིགས།)ཏུ་དེ་དག་སོ་སོའི་བཟང་ངན་འབྲས་བུ་སྙིང་བསྡུས་བལྟ་བདེར་བཀོད་ཡོད། ཀེག་རྩིས་ཀྱི་འབྲས་བུ་འདིའི་དོན་རྟོགས་དགོས་ཚེ་འདི་ནང་འཁོད་པའི་གོ་དཀའི་ཐ་སྙད་དག་གི་དོན་ཤེས་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པས་འདིར་སྔོན་ལ་ཐ་སྙད་འགའ་ཞིག་གི་འགྲེལ་འཆད་པ་ལ།
ལོ་བརྙན། ལོ་རྟགས་ཏེ་བྱི་བ་སོགས་ལོ་འགྲོས་བཅུ་གཉིས་པོའི་མིང༌།
རྡེལ་དཀར་ནག རྡེལ་དཀར་ཐིག་ལེ་རིས། ༠ དང་རྡེལ་ནག་རྒྱ་གྲམ་ x རིས་འདིའོ།།
སྲོག་བླུ།  སེམས་ཅན་འཆི་ངེས་ཀྱི་སྲོག་སྐྱོབ་པའམ་བཤས་རར་ཡོད་པའི་ར་ལུག་དང་ཉ། བྱ་རིགས་ལ་རིན་སྤྲད་དེ་འཆི་བ་ལས་བསྐྱབས་པའི་དགེ་ལས་ཁྱད་པར་ཅན་ནོ། །
བྱ་སྟོན། བྱ་རིགས་ལ་འབྲུ་དང་ཟན་རིགས་ཀྱི་སྟོན་མོ་བྱེད་པ་སྟེ་སྦྱིན་པ་གཏོང་བའི་དགེ་ལས་སོ། །
ཉའུ་འདོན། རྫིང་སོགས་ཐན་པས་སྐམ་ལ་ཉེ་བའི་ཚེ། དེར་གནས་པའི་ཉ་རིགས་རྣམས་རྫིང་འདམ་ལས་བཏོན་ཏེ་ཆུ་ཀླུང་སོགས་ཆུ་ཆེ་བའི་གནས་སུ་ཚེ་ཐར་གཏོང་བའི་དགེ་ལས་སོ། །
ལུས་བསྒྱུར། ལུས་བསྒྱུར་ཞེས་པ་ལུས་བརྗེ་བའི་དོན་ཡིན་ཏེ་འདི་ལ་རྟེན་འབྲེལ་ཙམ་གྱི་ལུས་བསྒྱུར་དང་རབ་ཏུ་བྱུང་བའི་ལུས་བསྒྱུར་གཉིས་ཡོད་པ་ལས། ཕྱི་མ་ནི་བླ་སྲོག་ལུས་གསུམ་ལས། གཙོ་བོ་ལུས་ཀྱི་རྡེལ་ནག་གཉིས་བབས་པ་ལ་བྱ་བ་ཡིན་ཏེ། དེ་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དགོས་པ་ཡིན། སྔ་མ་རྟེན་འབྲེལ་ཙམ་གྱི་ལུས་བསྒྱུར་ནི། གཙུག་ལག་རྩིས་ལས་བསྟན་པ་བཞིན་གཟའ་སྐར་རྟེན་འབྲེལ་དགེ་བའི་ཉིན་ལུས་ཀྱི་གྱོན་གོས་(ལུས་ཀྱི་ཁམས་སྲུང་བའི་གོས་མདོག)བརྗེ་ལེན་གྱིས་རྟེན་མདུན་དཀར་མེ་འབུལ་བ་སོགས་བྱས་ཏེ་སྔར་ནད་གཞི་སོགས་ཀྱི་འཚེ་བས་མནར་བའི་ལུས་རྙིང་པ་འདི་དེ་རིང་ནས་སྤངས་པས་ད་ནས་བཟུང་ཤ་ཁྲག་གསར་པའི་ལུས་སྔར་དང་མི་འདྲ་བར། ཁམས་སྙོམས་པ་ཞིག་ཏུ་བསྒྱུར་ཟིན་སྙམ་པའི་མོས་པ་བྱ་ལ། ལོ་འདིའི་རིང་སྐྱ་སྡོམ་སོགས་ལས་སྣེ་གཅིག་གཉིས་གང་རུང་སྲུང་ཐབས་ཐུབ་ན་ཚེ་བགེགས་སྲུང་བ་ལ་དགེ་བ་ཡིན་ནོ། །
མིང་བསྒྱུར། རང་གིས་རྩ་བའི་བླ་མ་སོགས་མགོན་རྣམས་ལས་མིང་གསར་པ་ཞུ་བ་དང༌། དེ་མིན་རྩིས་ལ་བརྟེན་ནས་མིང་བསྒྱུར་བ་ནི་རྩིས་མཁན་རྣམས་ཀྱིས་དབྱངས་གསལ་ཡི་གེའི་ཁམས་དང་དགྲ་གྲོགས་ཤེས་པ་ལས་བསྩལ་བ་ཡིན།

ས་བཅད་དྲུག་པ། བླ་སྲོག་གཟའ་སྐར་སོགས་ཀྱི་ལྟ་སྟངས།   

    དེ་ཡང༌། ལོ་གཅིག་མཁྱུད་སྐོར་ཀེག་རྩིས་ཀྱི་རྡེལ་བོར་འགྲེལ་པ་དང་བཅས་བསྟན་ཟིན་རྗེས་སླར་གང་ཟག་ཆེ་གེ་མོའི་བླ་གཟའ་དང༌། སྲོག་གཟའ་སོགས་ངོས་འཛིན་རེའུ་མིག་ལྟ་བདེ་དང་སྦྲགས་དེ་དང་དེའི་སྤང་བླང་འབྲས་བུ་གཟིགས་ཚུལ་སྙིང་བསྡུས་བཀོད་ཡོད་པ། སྐབས་འདིར་ང་ཚོས་བླ་སྲོག་སོགས་ཀྱི་གཟའ་སྐར་རེའུ་མིག་འཛིན་ཚུལ་དང་དེའི་བརྩི་ཚུལ། སྤང་བླང་བྱ་ཚུལ་བཅས་དོན་ཚན་གསུམ་དུ་དབྱེ་སྟེ་ངོ་སྤྲོད་ཞུ་བ་ལ།
    དང་པོ། རེའུ་མིག་འཛིན་ཚུལ་དང་བརྩི་ཚུལ། གཞུང་ལཻའི་ཤོག་ངོས་༦༥ ཡས་མས་སུ་བླ་གཟའ་སྲོག་གཟའ་སོགས་ཀྱི་བལྟས་ཆོག་རེའུ་མིག་བཀོད་ཡོད་པ་ལས་ཨང་ཀི་རྣམས་ནི་གཟའ་དང་སྐར་མ་སོ་སོའི་མཚོན་བྱེད་ཡིན་པས་དེ་དག་སོ་སོས་གཟའ་སྐར་གང་དང་གང་མཚོན་གྱི་ཡོད་མེད་ཀྱང་གོང་དུ་(ལོ་དཔྱད་ཀྱི་འབྲས་བུ་གཟིགས་ཚུལ་སྐབས་)བསྟན་ཟིན་པས་འདིར་གླེང་བར་མི་བྱ། (འདིར་ངོས་འཛིན་ལྟ་བདེའི་ཆེད་ཡི་གེའི་གཟུགས་ཅན་གྱི་རེའུ་མིག་སྦྲགས་མར་བཀོད་པ་ལས་ངོས་འཛིན་ཐུབ་པར་བྱ།)
    དེ་ལ་འདིར་རེའུ་མིག་དང་པོའི་འཕྲེད་ངོས་བྱི་བ་ལ་སོགས་ལོ་འཁོར་བཅུ་གཉིས་བཀོད་ཡོད་པས་རང་ཉིད་ལོ་རྟགས་གང་ཡིན་འདི་བཅུ་གཉིས་པོ་གང་རུང་ནས་ངོས་འཛིན་དགོས། དེའི་འོག་རེའུ་མིག་གཉིས་པའི་འཕྲེད་(ལོ་འཁོར་བཅུ་གཉིས་ཀྱི་ཐད་འོག)རང་རང་གི་ལོ་རྟགས་དང་བསྟུན་བླ་གཟའ་རྣམས་བཀོད་ཡོད་པ། དཔེར་ན། བྱི་ཕག་གཉིས་ཀྱི་ཐད་འོག་ལྷག་པ་ཞེས་འཁོད་པ་ནི་དེ་གཉིས་པོའི་བླ་གཟའ་ལྷག་པ་ཡིན་པར་བསྟན་པ། དེ་བཞིན་གླང་གི་བླ་གཟའ་སྤེན། སྟག་ཡོས་གཉིས་པོའི་བླ་གཟའ་ཕུར་བུ་ཡིན་པ་གཞན་ལའང་རིགས་བསྒྲེས་བྱ།  དེ་འོག་སྲོག་གཟའ་དང་ཡང་འོག་གཤེད་གཟའ་སོགས་རིམ་པར་གཤེད་སྐར་བར་བཀོད་པའང་གོང་ལྟར་ངོས་འཛིན་དགོས་ཏེ།  དཔེར་ན། བྱི་བའི་ལོ་པ་(ལོ་རྟགས་བྱི་བ་)ཞིག་ལ་མཚོན་ན། དེའི་བླ་གཟའ་ནི་ལྷག་པ། སྲོག་གཟའ་མིག་དམར། གཤེད་གཟའ་སྤེན་པ། བླ་སྐར་ཆུ་སྟོད། སྲོག་སྐར་ལག དབང་སྐར་སྨིན་དྲུག ཀེག་སྐར་ཁྲུམས་སྨད། བདུད་སྐར་མཆུ། གཤེད་སྐར་མོན་གྲེ་བཅས་ཡིན་པ་ལྟ་བུའོ། །
     དེ་ལ་བླ་གཟའ་སྲོག་གཟའི་བརྩི་ལུགས་ཀྱི་མན་ངག་ནི། དེ་ཡང་བྱི་ནས་ཕག་གི་བར། །ལྷག་སྤེན་ཕུར་གཉིས་མིག་དམར་གཉིས། །སངས་གསུམ་ཟླ་ལྷག་རིམ་པ་ལྟར། །རང་རང་ལོ་འགྲོས་བླ་ཡི་གཟའ། །ཞེས་པ་སྟེ། བྱི་གླང་སོ་སོའི་བླ་གཟའ་ལྷག་སྤེན་དང༌། ཕུར་གཉིས་ཞེས་པ་སྟག་ཡོས་གཉིས་ཀའི་བླ་གཟའ་ཕུར་བུ། དེ་བཞིན་ཉི་དམར་གཉིས་ཞེས་ཉི་མ་འབྲུག་གི་བླ་གཟའ་དང༌། དམར་གཉིས་ཞེས་དམར་པོ་གཉིས་ནི་རྟ་སྦྲུལ་གྱི་བླ་གཟའ་ཡིན་པར་ངོས་བཟུང་བ་ལྟར་རིགས་འགྲེ་ལ། སྲོག་གཟའ་དང་གཤེད་གཟའ་འང་འདི་ལྟར་ཡིན་ཏེ། དམར་ལྷག་སྤེན་གཉིས་ལྷག་སངས་གཉིས། །ཟླ་བ་ཕུར་གཉིས་ལྷག་དམར་པོ། །སྲོག་གཟའ་ཡིན་ཏེ་གཤེད་ཀྱི་གཟའ། །སྤེན་ཕུར་དང་ནི་པ་སངས་གཉིས། །ཕུར་དང་ལྷག་གཉིས་ཕུར་དམར་གཉིས། །ཕུར་སྤེན་སོ་སོ་གཤེད་ཀྱི་གཟའ། །ཞེས་པའོ། ། 

༈ བླ་གཟའ་དར་དུས་བྱ་ལས་འགྲུབ། །སྲོག་གཟའ་དགེ་ལ་གཤེད་གཟར་བྱོལ། །དགྲ་བོའི་བླ་གཟའ་རྒུད་པ་དང༌། །གཤེད་གཟའ་གཤེད་སྐར་དར་བའི་དུས། །མཐུ་དང་ནུས་པ་སྤྲད་ན་མྱུར། །བླ་སྲོག་དབང་སྐར་ཅི་ཡང་བཟང༌། །ཀེག་བདུད་གཤེད་ཀྱི་སྐར་མར་ངན། །མ་ལས་བཙའ་དུས་བླ་སྐར་དང༌། །འཕྲད་ན་ཚེ་རིང་འགྱུར་བ་ཡིན། །དབང་སྐར་འཕྲད་ན་བསོད་ནམས་ཆེ། །གཤེད་སྐར་འཕྲད་ན་ཚེ་ཐུང་འགྱུར། །སྐྱེས་གཟའ་རང་གཟའ་བླ་ཡི་གཟའ། །ཞི་དྲག་སྤྱི་དང་ཁྱད་པར་དུ། །གཡུལ་གཤོམ་རྩལ་སྤྲོད་གཤགས་འདེབས་ཚོང༌། །སྟོབས་འགྱེད་ཤོ་རྒྱན་རྟ་རྒྱུག་པ། །འཕོངས་འཁྲུགས་བསྐྱེད་པའི་ལས་རྣམས་བཟང༌། །སྐྱེས་པའི་སྐར་མ་ཤར་བའི་ཚེ། །ཞི་དྲག་ལས་སྤྱི་ཁྱད་པར་དུ། །ལྷ་མཆོད་བླ་མར་བསྙེན་བཀུར་བ། །སྦྱིན་གཏོང་དགེ་ལས་རྒྱན་གོས་གྱོན། །ཁྱིམ་གསར་འཛིན་དང་སྐྱེ་ཤིང་འཛུགས། །ཁང་པའི་ལས་རྣམས་བྱ་བར་ཤིས། །

གཉིས་པ། གཟའ་སྐར་གྱི་དར་གུད་བརྩི་སྟངས།

         དེ་ལྟར་གང་ཟག་རང་གི་བླ་གཟའ་བླ་སྐར་རྣམས་གང་ཡིན་ངོས་འཛིན་ཐུབ་རྗེས་ད་ནི་དེའི་དར་གུད་ཇི་ལྟར་བརྩི་ཚུལ་ཤེས་དགོས་ཏེ། དེ་ཡང་འབྱུང་རྩིས་ལས། གང་ཚེས་དེ་དར་བུ་ཡང་དར། །མ་ཞུད་དགྲ་གྱོད་གྲོགས་ཀྱང་གུད། །ཅེས་དང༌། སྐར་མའི་སྐབས་གང་ཉ་དར་བ་སྟོང་སྐར་གུད། །ཅེས་གསུངས་པ་བཞིན། ཐོག་མར་ཟླ་བ་སོ་སོའི་ཚེས་གཟའ་དང་སྐར་མའི་དར་གུད་བརྩི་ཤེས་དགོས་ཏེ། རྒྱུ་མཚན་དེ་དང་དེའི་གཟའ་སྐར་གྱི་དར་གུད་ལས་རང་གི་བླ་གཟའ་བླ་སྐར་སོགས་ཀྱི་དར་གུད་ཤེས་དགོས་པའི་ཕྱིར།
      འདིར་གང་ཚེས་ཞེས་ཟླ་བ་ངོ་རེའི་ཚེས་གཅིག་རེས་གཟའ་གང་འཁེལ་བ་དེ་དང་དེའི་བུར་འགྱུར་པའི་གཟའ་ནི་ཟླ་དེའི་རིང་དར་བ་ཡིན་ལ། དེའི་དགྲར་འགྱུར་(ཟླ་ཟེར་དུ་གྲོགས་འགྱུར་)བའི་གཟའ་ནི་གུད་པ་ཡིན་པས་རང་གི་བླ་གཟའི་དར་གུད་ཀྱང་རྟེན་འབྲེལ་གྱི་གནད་འདི་དང་བསྟུན་ནས་ཤེས་དགོས། གཞན་དེང་ཕལ་མོ་ཆེས་རང་གི་བླ་གཟའ་གང་འཁེལ་བའི་རེས་གཟའ་ཡིན་ཙམ་གྱིས་རང་གི་བླ་གཟའ་དར་བར་ངོས་འཛིན་གྱིས་དར་དང་གུད་པའི་ཚིག་འབྲུ་གཉིས་རྣ་རྒྱབ་ཀྱི་ལྷགས་པར་གཏོང་བཞིན་འདུག་པ་ཁྱེད་ལྟར་ན། གཟའ་གུད་པ་གང་ལ་ངོས་འཛིན། གུད་པ་ཞེས་པ་ནམ་དུ་ཡང་མི་འབྱུང་བའི་ཕྱིར། དེ་བཞིན་སྐར་མའི་དར་གུད་ཀྱང་གང་ཉ་ཞེས་ཚེས་བཅོ་ལྔའི་སྐར་མ་གང་ཡིན་པ་དེ་དང་དེའི་ཕྱོགས་ཀྱི་སྐར་མ་དར་བ་དང༌། སྟོང་སྐར་ཞེས་ཚེས་སུམ་ཅུའི་སྐར་མ་གང་ཡིན་པ་དེའི་ཕྱོགས་ཀྱི་སྐར་མ་ནི་གུད་པ་ཡིན་པས་རང་གི་བླ་སྐར་སྲོག་གི་དར་གུད་ཀྱང་གནད་འདི་དང་བསྟུན་ན་འཐད་ཆེ་སྙམ།
      འདིར་སྐར་མ་ཞེས་པ་ཉིན་རེ་བཞིན་ཟླ་བ་དང་ལྷན་དུ་འགྲོགས་པའི་ཟླ་སྐར་ཡིན་ཏེ། དཔེར་ན། ཚེས་བཅོ་ལྔའི་སྐར་མ་སྨིན་དྲུག་ལྟ་བུ་འཁེལ་ཚེ་སྨིན་དྲུག་སོགས་ཤར་སྐར་དྲུག་དང་ཁྱད་པར་དབུས་ཀྱི་སྐར་མ་གཉིས་དར་བ་དང༌། གནམ་སྟོང་ལ་གང་འཁེལ་བ་དེ་དང་དེའི་(ཕྱོགས་ཕྱོགས་སྐར་ཏེ་བཅོ་ལྔའི་སྐར་མ་དེ་ཤར་སྐར་ཡིན་ན་ཟླ་དེའི་རིང་ཤར་སྐར་རྣམས་དར་བ་དང)ཀྱི་སྐར་མ་གུད་པར་འཁེལ་བ་ནི་གུད་པ་ཡིན་པར་ངོས་འཛིན་དགོས། ཚེས་གཟའི་དར་གུད་བརྩི་བར་ཐོག་མར་འབྱུང་རྩིས་ལུགས་ཀྱི་གཟའ་སྐར་གྱི་ཁམས་དང་དགྲ་གྲོགས་སོགས་ཀྱི་བརྩི་ཚུལ་ཤེས་པ་སྔོན་དུ་འགྲོ་དགོས་པས་གཟའི་ཁམས་ནི། ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་བ་ལྷག་པ་ཆུ་ཡི་ཁམས། །ཕུར་ཤིང་སངས་སྤེན་ས་ཡི་ཁམས། །ཞེས་དང༌། དགྲ་གྲོགས་ནིེ། ཤིང་མེ་ས་ལྕགས་ཆུ་ལྔ་པོ། །དཀྱུས་དེད་བུ་ལ་ལྡོག་པ་མ། །དཔེར་ན་ཤིང་གི་བུ་མེ་ལ། །མེ་ཡི་བུ་ནི་ས་ཡིན་བཞིན། །མེ་ཆུ་ས་ཤིང་ལྕགས་ལྔ་པོ། །དཀྱུས་དེད་དགྲ་ལ་ལྡོག་པ་གྲོགས། །དཔེར་ན་མེ་དགྲ་ཆུ་ཡིན་ལ། །ཆུ་ཡི་གྲོགས་ནི་མེར་གྱུར་བཞིན། །ཞེས་པའོ།།
    དེ་ལྟར་གཟའི་ཁམས་དང་དགྲ་གྲོགས་བརྩི་ཚུལ་རྟོགས་རྗེས་གཟའི་དར་གུད་བརྩི་ཚུལ་ནི། ཚེས་གཅིག་རེས་གཟའ་གང་ཡིན་པ་དེ་དང་དེའི་བུ་གཟའ་རྣམས་དར་བ། དཔེར་ན། ཚེས་གཅིག་རེས་གཟའ་སྤེན་པ་(ས་ཁམས)འཁེལ་ཚེ། སྤེན་པ་དང་དེའི་བུ་(ས་བུ་ལྕགས)གཟའ་པ་སངས་གཉིས་དར་བ་དང༌། དགྲ་(ས་དགྲ་ཤིང)གཟའ་ཕུར་བུ་གུད་པ་ཡིན་པས་བླ་གཟའ་སྤེན་པ་དང་པ་སངས་ཅན་རྣམས་ཟླ་འདིའི་རིང་དར་བས་དེ་དང་དེའི་དུས་བྱ་ལས་སོགས་འབྲས་བུར་གསལ་བཞིན་འགྲུབ་པའང༌། རྒྱུད་ལས། བླ་གཟའ་ཕུར་བུ་ཅན་ནི་གུད་པས་ལྡོག་པ་དང༌། གཞན་གྱོད་ཞུད་གཉིས་པོ་འབྲིང་དུ་ངོས་འཛིན་དགོས་པའང༌། གཙུག་ལག་ལས། དར་བ་བཟང་ཞིང་གུད་པ་ངན། །གྱོད་ཞུད་གཉིས་པོ་འབྲིང་དུ་འདོད། །ཅེས་གཟའི་དར་གུད་འདི་བཞིན་ཟླ་བ་ངོ་རེའི་ཟླ་བཤད་མཇུག་ཏུ་དར། གུད། ཞུད་ཅེས་གསལ་བར་བཀོད་ཡོད་པས་དེར་གཟིགས་ཀྱང་རུང་ངོ༌། །  

གསུམ་པ། སྤང་བླང་བྱ་ཚུལ།    

    བླ་སྲོག་གཟའ་སྐར་སོགས་ཀྱི་ངོས་འཛིན་དང་དར་གུད་བརྩི་ཚུལ་རྟོགས་རྗེས་དེ་དང་དེའི་དུས་རྟེན་འབྲེལ་སྤང་བླང་སྙིང་པོ་ཇི་ལྟར་བྱ་ཚུལ་ནི། རེའུ་མིག་གཡོན་ངོས་སུ་གསལ་བཞིན། བླ་གཟའ་དར་དུས་བྱ་ལས་འགྲུབ། །སྲོག་གཟའ་དགེ་ལ་གཤེད་གཟར་བྱོལ། །དགྲ་བོའི་བླ་གཟའ་གུད་པ་དང༌། །གཤེད་གཟའ་གཤེད་སྐར་དར་བའི་དུས། །མཐུ་དང་ནུས་པ་སྤྲད་ན་མྱུར། །བླ་སྲོག་དབང་སྐར་ཅི་ཡང་བཟང༌། །ཞེས་པ་ནས། ཁང་པའི་ལས་རྣམས་བྱ་བར་ཤིས། །ཞེས་པའི་དོན་ནི་གོང་དུ་གཟའི་དར་གུད་བརྩི་ཚུལ་བསྟན་པ་ལྟར། སྤྱིར་བླ་གཟའ་མ་གུད་པའི་རེས་ལ་བྱ་བ་ལས་དོན་གང་བརྩམས་འགྲུབ་པར་བསྟན་ཡང་བྱེ་བྲག་དར་བའི་དུས་སུ་མཐུ་སྟོབས་ཆེ་བ་དང༌། དེ་བཞིན་སྲོག་གཟར་དགེ་བ་སྟེ་བཟང་བ་དང་གཤེད་གཟའ་གང་འཁེལ་དུ་བྱོལ་ཞེས་ལས་དོན་སོགས་མ་བརྩམ་པར་གཡོལ་ཐབས་དགོས་པའམ་ཡང་ན་དེ་ལ་བཅོས་ཀ་དགོས་པར་བསྟན་ཡོད། གཞན་ཡང་དགྲ་དང་མཐུ་ནུས་སྤྲད་དགོས་པའི་ཚེ་ཕ་རོལ་དགྲ་ཕྱོགས་ཀྱི་བླ་གཟའི་དར་གུད་དང་བསྟུན་དགོས་པ་སྟེ། དགྲ་བོའི་བླ་གཟའ་གུད་པ་དང༌། གཤེད་གཟའ། གཤེད་སྐར་དར་བའི་དུས་དང་བསྟུན་ན་མཐུ་ནུས་མངོན་ཆེ་བ་དང་མྱུར་བའི་རྟེན་འབྲེལ་ཡོད་པ་འདི་ནི་དྲག་པོའི་ལས་ཀྱི་སྦྱོར་བ་ཡིན།
    གཞན་ཡང་ལས་རྩིས་སྐབས་མ་ལས་བཙས་དུས་རང་གི་བླ་སྐར་དར་བ་དང་འཕྲད་ན་བྱིས་པ་དེ་ཉིད་ཚེ་རིང་བར་གྱུར་བར་བསྟན་པ་དང༌། དབང་སྐར་དང་འཕྲད་ན་བསོད་ནམས་ཆེ་བ། གཤཻད་སྐར་དང་འཕྲད་ན་ཚེ་ཐུང་ངུར་འགྱུར་བར་བསྟན། སྐྱེ་གཟའ་ཞེས་རང་ཉིད་སྐྱེ་དུས་ཀྱི་སྐྱེ་བདག་གཟའ་དང་བླ་གཟའ་འཁེལ་བའི་ཚེ། གཡུལ་གཤམ་པ་སྟེ་དམག་འཐབ་བྱེད་པ་དང་མཐུ་རྩལ་འགྲན་པའམ་སྤྲོད་པ། འཕོངས་འཁྲུགས་སྟེ་མདའ་རྩལ་དང་འཁྲུགས་འཛིང་བྱེད་པ་སོགས་དྲག་པོའི་ལས་དང༌། རྩོད་པ་འདུམ་པ་སོགས་ཞི་བའི་ལས་སྤྱི་དང༌། ཁྱད་པར་ཚོང་དང་ཤོ་རྒྱན་སོགས་དབང་གི་ལས་རྣམས་འགྲུབ་པས་བཟང་བར་བསྟན། སྐྱེ་བའི་སྐར་མ་ཞེས་རང་སྐྱེས་དུས་ཀྱི་ཟླ་སྐར་དེ་ཉིད་དུས་ནམ་ཤར་ཉིན་ལ་གོང་ལྟར་ཞི་དྲག་ལས་སྤྱི་དང་ཁྱད་པར་ལྷ་མཆོད་པ་དང༌། དགེ་བའི་བཤེས་གཉེན་བསྟེན་པ། ཁྱིམ་གསར་འཛིན་པ། སྐྱེ་ཤིང་འཛུགས་པ། མཁར་ལས་བྱ་བ་སོགས་དབང་དང་རྒྱས་པའི་ལས་རྣམས་བྱ་བར་བཟང་ཞེས་པའི་དོན་ཡིན་པས་འདི་དག་གི་སྤང་བླང་མ་ནོར་བར་འཇུག་པ་གཅེས་པའོ། །
    (ཨེ་པ་བསོད་ནམས་རིན་ཆེན་ལགས་ནི། བོད་གཞུང་སྨན་རྩིས་ཁང་གི་རྩིམ་སྡེ་ཚན་དུ་ཕྱག་ལས་གནང་བཞིན་བཞུགས།)

མདུན་ཤོག

Menu