བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག   

སྔོན་གླེང༌།

    ༄༅།  །བར་ལམ་རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་བོད་ཀྱི་གནད་དོན་སྐོར་རྒྱབ་ཤ་དཀར་པོའི་དེབ་ཀྱི་ས་བཅད་བཅུ་པ། མི་དམངས་ཀྱི་བདེ་ཐང་ཞེས་པའི་མཇུག་ཏུ་བོད་སྨན་སྐོར་ས་བཅད་གཅིག་བྲིས་འདུག་ཅིང༌། དེའི་ནང”དེ་སྔོན་བོད་གཞུང་གི་བཙུགས་པའི་སྨན་རྩིས་ཁང་དང༌། དེ་མིན་སྒེར་པའི་སྨན་པ་མི་གྲངས་བརྒྱ་སྐོར་ཙམ་ཞིག་ལས་མེད་པས། དེས་སྐུ་དྲག་དང་དཔོན་རིགས་ལ་ཞབས་འདེགས་ཞུ་བ་ལས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོར་ན་ཚ་ཡོད་ཀྱང་སྨན་བཅོས་བྱེད་མཁན་ཡོད་པ་མ་རེད” ཅེས་འཁོད་འདུག་པ་དེ་ནི་དངོས་དོན་ལ་འཁྱོག་བཤད་དང་དམའ་འབེབས་བྱས་པ་ཙམ་ལས་བདེན་པ་རྩ་བ་ནས་མ་རེད། དེས་ན། སྐབས་དེའི་བོད་སྨན་གྱི་དངོས་ཡོད་གནས་སྟངས་ཅི་འདྲ་ཞིག་ཡིན་མིན་གསལ་པོ་བཟོ་རྒྱུ་དེ་ནི་སྐབས་སུ་བབས་པའི་དོན་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད་ན། གཤམ་དུ་བོད་སྨན་གྱི་འབྱུང་ཁུངས་དང་འཕེལ་རིམ་ཇི་བྱུང་གི་བརྗོད་དོན་མདོར་ཙམ་གླེང་བར་འདོད་དོ། །

བོད་སྨན་གྱི་འབྱུང་ཁུངས།

    སྤྱིར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་བ་ཁག་ལྔའི་ནང་གི་གསོ་བ་རིག་པ་ནི། རང་ཅག་ཁ་བ་ཅན་གྱི་རིག་པ་ཕུལ་དུ་བྱུང་བའི་མེས་པོ་མཁས་མཛངས་ལྡན་པ་རྣམས་ཀྱིས་གསར་གཏོད་དང་དར་སྤེལ་མཛད་དེ་ད་བར་ལོ་ངོ་ཉིས་སྟོང་གི་ལོ་རྒྱུས་ལྡན་ཡོད། དེ་ཡང༌། ཕྱི་ལོའི་སྔོན་གྱི་ལོ་ཉིས་བརྒྱའི་ནང་ཡར་ཀླུང་བཙན་ཐང་རིར་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཕེབས་ནས་འབངས་རྣམས་ཀྱིས་རྒྱལ་པོ་བཀུར་ཞིང༌། སྐབས་དེར་བཙན་པོས་དྭོགས་པ་དྲུག་འདོན་གནང་མཛད་པར་རྩིབས་ལྷ་སྐར་མ་ཡོལ་སྡེས་དུག་ལ་སྨན་ཡོད་ཅེས་ལན་ཕུལ་༡བ་དང༌། གཉའ་ཁྲི་བཙན་པོའི་སྐབས་གངས་ཅན་གྱི་ལྗོངས་སུ་གསོ་དཔྱད་བུ་ཁྲི་ཤེས་བྱ་བ་བྱུང་ཞིང༌། ཁོང་གི་ཟས་དུག་ནད་རིགས་ལ་དབང་རིལ་གྱིས་བཅོས་ཐུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད།
    ཕྱི་ལོ་ ༣༩༦ ལོར་བོད་རྗེ་ཐོ་རི་སྙན་ཤལ་གྱི་སྐུ་དུས་སུ་བོད་གངས་ཅན་གྱི་ལྗོངས་སུ་གསོ་དཔྱད་དར་ཞིང་སྐབས་དེར་ཚ་བའི་ནད་ལ་བསིལ་བཅོས་དང་གྲང་བའི་ནད་ལ་དྲོད་བཅོས་༢བྱེད་དགོས་པའི་གནས་ལུགས་སམ་རྒྱུ་མཚན་ཤེས་རྟོགས་བྱུང༌། དེའི་ཚེ་རྒྱ་གར་ནས་གསོ་དཔྱད་ལ་མཁས་པ་དགའ་བྱེད་བི་བྱི་དང༌། བི་ལྷ་དགའ་མཛེས་ཞེས་བྱ་བ་གཉིས་བོད་དུ་ཕེབས། ཐོ་རི་སྙན་ཤལ་གྱི་སྲས་མོ་ཡིད་ཀྱི་རོལ་ཆ་ཞེས་བྱ་བ་དེ་དགའ་བྱེད་བི་བྱིའི་བཙུན་མོར་ཕུལ་ཞིང༌། དེ་སྲས་དུང་གི་ཐོར་ཅོག་ཅན་ཞེས་བྱ་བ་འཁྲུངས། དགའ་བྱེད་བི་བྱི་དང༌། བི་ལྷ་དགའ་མཛེས་རྣམ་གཉིས་བོད་དུ་ལོ་ངོ་༢༤ བཞུགས་པའི་རིང་ལ་དུང་གི་ཐོར་ཅོག་ལ་གསོ་དཔྱད་ཀྱི་ཉམས་མྱོང་དང་ལག་རྩལ་རྣམས་བརྒྱུད་སྤེལ་གནང༌། རྗེས་སུ་དུང་གི་ཐོར་ཅོག་ཅན་རྒྱལ་པོའི་བླ་སྨན་གནང་བ་ནས་བཟུང༌། བོད་རྒྱལ་རིམ་བྱོན་གྱི་བླ་སྨན་ལམ་ལུགས་དར་བར་གྱུར།
    ཕྱི་ལོ་༥༥༨ གནམ་རི་སྲོང་བཙན་གྱི་དུས་ཙི་ན་རྒྱ་ནག་ལ་བོད་མི་རིག་པ་རྣོ་བའི་སློབ་བུ་བཞི་སྐར་རྩིས་སློབ་གཉེར་བྱེད་དུ་བརྫངས་ཤིང༌། ཁོང་ཚོ་ཕྱིར་ལོག་ནས་བོད་ཀྱི་གནམ་རིག་སྐར་རྩིས་རིག་པའི་འཕེལ་རྒྱས་ལ་ལག་རྗེས་གང་ལེགས་བཞག་ཡོད་ཀྱང༌། ཤེས་བྱ་རྣམས་ངག་རྒྱུན་ནས་བརྒྱུད་སྤེལ་བྱས་ཡོད་སྐད། ཕྱི་ལོ་དུས་རབས་བདུན་པའི་སྐབས་བོད་རྗེ་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ནག་གི་ཀོང་ཇོ་ཁབ་ཏུ་བཞེས་ཏེ་རྒྱ་བཟའ་ཀོང་ཇོ་རྩིས་ལ་མཁས་པས་རྒྱའི་འབྱུང་རྩིས་བོད་ལ་མཚམས་སྦྱོར་གནང༌།༣ དེ་ཡང་ནག་རྩིས་ “སྨེ་བ་དགུ་དང༌། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། ཀེག་རྩིས། བག་རྩིས། གཤིན་རྩིས་སོགས”༤བྱུང་ཚུལ་གླེང༌།༥

བོད་སྨན་གྱི་གཞི་རྩ།

    ཕྱི་ལོ་༧༠༣ ལ་སྟོད་ལུང་སྐྱིད་སྣར་འཁྲུངས་པའི་སྙན་གྲགས་ཅན་གྱི་བོད་སྨན་མཁས་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་གནང་ཞིང༌། ལྷ་ས་དང༌། དྭགས་ཀོང༌། ལྷོ་ཁ། མངའ་རིས། དར་རྩེ་མདོ་སོགས་ལ་དམངས་ཁྲོད་ཀྱི་སྨན་བཅོས་ལག་རྩལ་ལ་ཞིབ་འཇུག་ཕྱོགས་བསྡོམས་གནང་བ་དང་དེ་རྗེས་རྒྱ་གར་དང་བལ་ཡུལ། རི་བོ་རྩེ་ལྔ་སོགས་ལ་ཕེབས་ནས་གསོ་རིག་ཞིབ་འཇུག་བསྟུད་མར་མཛད་ཅིང༌། འབད་བརྩོན་གནང་བར་བརྒྱུད་སྙན་པར་གྲགས་པའི་གནའ་རབས་སྨན་གཞུང༌། “རྒྱུད་བཞི”རྩོམ་སྒྲིག་གནང༌། “བཻཌཱུརྱ་བས་ཅིག” ལག་ལེན་གསལ་སྒྲོན་དང༌། གསོས་ཡིག་མཐོང་བ་དོན་ལྡན་སོགས་སྨན་དཔེ་སུམ་ཅུ་ལྷག་ཙམ་བརྩམས་པར་བརྟེན། བོད་ཀྱི་གསོ་རིག་ལ་ཅུང་ཆ་ཚང་བའི་རིག་པའི་གཞུང་ལུགས་ཀྱི་དཔྱད་ཞིབ་ཆགས་ཤིང་རྗེས་སུ་གསོ་རིག་མཁས་ཅན་རིམ་བྱུང་གིས”རྒྱུད་བཞི”ལ་འགྲེལ་བ་དང་ཕྱོགས་སྒྲིག་དུ་མ་གནང་ནས་ཚ་ཚང་བ་ཞིག་ཏུ་གྱུར།   
    ཕྱི་ལོ་༡༡༢༦ ལ་གཡུ་ཐོག་གི་གདུང་བརྒྱུད་གསར་མ་ཡོན་ཏན་མགོན་པོས་ཡབ་ཀྱི་དྲུང་ནས་གསོ་དཔྱད་གསན་པ་དང༌། རྗེས་སུ་སྐད་གྲགས་ཅན་གྱི་བོད་སྨན་མཁས་པ་རོགས་སྟོན་སྐྱབས་དང༌། དབུས་པ་དར་གྲགས་ལས་སྨན་དཔྱད་གསན་ཞིང་དུས་མཚུངས་རྒྱ་གར་དང་བལ་ཡུལ། སིང་གྷ་ལ་སོགས་ལ་ཐེངས་དྲུག་ཕེབས་ཏེ་སློབ་གཉེར་གནང༌། རྒྱལ་རྩེར་བཞུགས་དུས་རྒྱ་ནག་ནས་དར་བའི”ཡན་ལག་བརྒྱད་པ”དང༌། “ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ”ཟླ་ཟེར་སོགས་ལ་དཔྱད་ཞིབ་གནང་སྟེ་སྔར་ལས་ལྷག་པས”རྒྱུད་བཞི”ལ་ཁ་སྐོང་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་གནང་མཛད།   
    ཕྱི་ལོ་༡༣༠༠་༡༤༠༠ བར་སྔ་རྗེས་སུ་བྱང་ཟུར་གཉིས་དར་བ་སྟེ། བྱང་པ་རྣམ་རྒྱལ་གྲགས་བཟང་གིས་གཙོ་བོ་བྱས་པའི་བྱང་བརྒྱུད་ས་མཐོའི་ཐོག་ངད་ཅན་གྲང་བའི་ནད་ཐོག་ཉམས་མྱོང་ཕྱོགས་བསྡོམས་གནང་ནས་བཤད་རྒྱུད་འགྲེལ་བ”བདུད་རྩི་ཆུ་རྒྱུན”དང༌། “ཕྱི་མ་རྒྱུད་ཀྱི་འགྲེལ་བ་དགོས་འདོད་འབྱུང་བ”སོགས་བརྩམས་པ་དང༌། དེ་མིན་ཁོང་གི་སློབ་མ་མིའི་ཉི་མ་མཐོང་བ་དོན་ལྡན་གྱིས་ཀྱང་སྨན་གཞུང་མི་ཉུང་བ་ཞིག་རྩོམ་སྒྲིག་གནང༌།
    ཟུར་ལུགས་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེས་གཙོ་བོ་མཛད་པའི་ཁྱད་ཆོས་ལ་བརྟེན་ནས་ཚ་བའི་ནད་དང་རིམས་ཚད་ཀྱི་ནད་རིགས་བཅོས་པ་མཆོག་ཏུ་གྱུར། བྱང་རྒྱུད་གཉིས་ཀའི་ཐུན་མོང་གི་ཁྱད་ཆོས་རྒྱུད་བཞི་རྩ་བར་བཟུང་ནས། མིའི་བྱང་ཁོག་ཡུལ་ཐིག་གི་འཇལ་ཚད་སོགས་ཁྱད་ཆོས་ལྡན་པའི་ཚོན་ཁྲ་ཅན་གྱི་སྨན་ཐང་བྲིས་པ་རེད། ཟུར་ལུགས་ཀྱི་སྨན་དཔེ་ནི་མཉམ་ཉིད་རྡོ་རྗེའི”རྒྱུད་བཞི་ནང་མ”དང༌། འགྲེལ་པ”པོད་ཤེད་ཕྲ་མོ”  ཟུར་མཁར་བློ་གྲོས་རྒྱལ་པོ་གཡུ་ཐོག་གསར་མའི”རྒྱུད་བཞི” ཕྱག་དྲེག་མ་བཙལ་འཚོལ་ཆེད་ཉང་སྨད་ལ་ཕེབས་མཐར་གཡུ་ཐོག་གསར་མའི”རྒྱུད་བཞི”ཕྱག་དྲེག་མ་རྙེད་ཐུབ་པ་བྱུང༌། ཁོང་གི་ལྷོ་ཕྱོགས་ཀྱི་གནམ་གཤིས་དང༌། ནད་རིགས་ལ་སོགས་པའི་ཁྱད་ཆོས་ལ་བརྟེན་ནས་འབད་བརྩོན་གནང་བ་བརྒྱུད། སྙན་གྲགས་ཅན་གྱི”མེས་པོའི་ཞལ་ལུང”རྩོམ་སྒྲིག་དང༌། ཕྱི་ལོ་༡༥༧༣ ལ”གྲ་ཐང་རྒྱུད་བཞི”ཞེས་ཤིང་དཔར་ཐོག་ཐེངས་དང་པོ་དཔར་བསྐྲུན་གནང༌།

བོད་སྨན་གྱི་འཕེལ་རིམ།

    ཕྱི་ལོ་༡༦༤༦ ལོར་ྋགོང་ས་ལྔ་པ་ཆེན་པོས་བོད་ཀྱི་གསོ་རིག་རྒྱུད་འཛིན་དང༌། འཕེལ་རྒྱས། ཤུལ་འཛིན་མི་སྣ་གསོ་སྐྱོང་ཆེད་སྔ་རྗེས་སུ་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་གསར་འཛུགས་ཐོག་ཕོ་བྲང་ཕོ་ཏཱ་ལར་བོད་སྨན་སློབ་གྲྭ་ཁག་གཉིས། གཞིས་ཀ་རྩེར་དྲང་སྲོང་འདུས་པའི་གླིང༌། ལྷ་སའི་ཉེ་འཁོར་གསང་ཕུ་ཉི་མ་ཐང་བཅས་པར་བོད་སྨན་སློབ་ཁང་གསར་འཛུགས་གནང༌། ཕྱོགས་མཚུངས་ྋགོང་ས་ལྔ་པ་ཆེན་པོས”གྲ་ཐང་རྒྱུད་བཞི”དང༌། “གཡུ་ཐོག་རྙིང་མའི་རྣམ་ཐར”  གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི”ཆ་ལག་བཅོ་བརྒྱད”སོགས་ཀྱི་སྨན་གཞུང་དཔེ་བསྐྲུན་མཛད།
    ྋགོང་ས་ལྔ་པ་ཆེན་པོ་མཆོག་དགོངས་པ་ཞི་དབྱིངས་སུ་གཤེགས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྔར་ལས་ལྷག་པའི་སྒོ་ནས”སྨན་དཔྱད་ཟླ་བ་རྒྱལ་པོ” སོགས་དང༌། ལྷག་དོན”གཡུ་ཐོག་ཕྱག་དྲེད་མ” དང་རྟག་བརྟན་པར་མ་སོགས་ལ་དཔྱད་ཞིབ་གནང་ནས་ཕྱི་ལོ་༡༦༨༧ ལ་སླར་ཡང་གྲ་ཐང་རྒྱུད་བཞིར་ཞུ་དག་གཏན་འཁེལ་གནང་སྟེ་ཁུངས་དག་པའི”རྒྱུད་བཞི” དཔེ་བསྐྲུན་གནང་བ་དང་དུས་མཉམ་རྒྱུད་བཞིའི་འགྲེལ་པ”བཻ་སྔོན” གསར་རྩོམ་གནང་ཞིང༌། ཕྱི་ལོ་༡༦༩༦ ལ་ཡང་བསྐྱར་བོད་ཀྱི་གསོ་རིག་དར་རྒྱས་ཡོང་ཆེད་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་ཕྱག་བཏབ་པ་དང༌། ཕྱི་ལོ་༡༧༠༣ ལ་གསོ་རིག་སློབ་གསོའི་གཞོགས་འདེགས་ཆེད་དུ་རྒྱུད་བཞིའི་ནང་དོན་གཞི་བཟུང་ཚོན་ཁྲ་ཅན་གྱི་སྨན་ཐང་༧༩ གསར་བསྒྲིགས་གནང༌། ཁྱད་པར་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་བཙུགས་རྗེས། ྋགོང་ས་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་ཏེ་ཕྱི་ལོ་༡༧༡༡ ལོར་སྐུ་འབུམ་བྱམས་པ་གླིང་དུ་སྨན་པ་གྲྭ་ཚང་དང༌། ཕྱི་ལོ་༡༧༨༤ ལོར་བླ་བྲང་བཀྲིས་འཁྱིལ་དུ་སྨན་པ་གྲྭ་ཚང་བཙུགས་པ་དང་དུས་མཚུངས་རྔ་པ་དང་ཁམས་དཀར་མཛེས། སོག་ཡུལ། རྒྱ་ནག་གི་རྒྱལ་ས་པེཅིང་གི་གཡུང་མགོ་དགོན་སོགས་ལ་གཞི་རྒྱ་ཆེ་ཆུང་མི་འདྲ་བའི་སྨན་པ་གྲྭ་ཚང་བཙུགས་པ་མ་ཟད། ྋགོང་ས་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་ཁམས་ཁུལ་ས་ཆ་གང་སར་གསོ་རིག་དར་ཁྱབ་ཆེས་ཆེར་བྱུང་ཞིང༌། སི་ཏུ་ཆོས་འབྱུང་དང་དེའུ་དམར་བསྟན་འཛིན་ཕུན་ཚོགས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་སྐད་གྲགས་ཆེ་བའི་སྨན་རྩིས་མཁས་པ་རིམ་ཅན་བྱུང་བ་དེ་རྣམས་ཀྱིས་བོད་ཀྱི་གསོ་རིག་གོང་འཕེལ་འགྲོ་ཆེད་དང༌། སེར་སྐྱ་མང་ཚོགས་ཀྱི་ལུས་ཁམས་བདེ་ལ་འཁོད་ཆེད་སྐུ་ཚེའི་ཧྲིལ་པོར་ནུས་ཤུགས་ཅི་ཡོད་ལེགས་སྐྱེས་འབུལ་གནང་མཛད་ཡོད།
    ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་སྨན་རྩིས་གཉིས་པོ་སྔར་ནས་ཡར་རྒྱས་གཏོང་ཆེད་ཕྱི་ལོ་༡༩༡༦ ལོར་ལྷ་སར་སྨན་རྩིས་ཁང་དངོས་སུ་བཙུགས་པ་དང༌། སློབ་གྲྭའི་སློབ་དཔོན་དུ་སྐུའི་བླ་སྨན་པ་བཀྲས་ཁང་བྱམས་པ་ཐུབ་དབང་གི་དངོས་སློབ་ལྕགས་རི་རིག་བྱེད་གླིང་གི་འཚོ་བྱེད་ལྔ་རིག་སྨྲ་བ་མཁྱེན་རབ་ནོར་བུར་གནས་ལྔ་པའི་ལས་ཚན་གོ་གནས་བཅས་ཏེ་བསྐོ་གཞག་གནང་ཞིང༌། དེ་མིན་སྨན་རྩིས་ཁང་དུ་དབུ་བླའི་ཕྱག་རོགས་གཅིག་དང་དགེ་རྒན་ཆེན་མོ་བགྲེས་གཞོན་ལྔ། གཙོ་ཁྲིད་དགེ་རྒན་འགའ་ཤས་བཅས་ཀྱང་བསྐོ་གཞག་གནང་ཡོད།
    སྨན་རྩིས་ཁང་དེའི་ལས་འགན་གཙོ་བོ། བོད་ཀྱི་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ། བོད་ཀྱི་རྫོང་གཞིས་ཁག་༩༦ ནང་ཡོད་པའི་སེར་སྐྱ་མང་ཚོགས་ཀྱི་སྨན་བཅོས་གཙོ་བོ་བྱས་པའི་བྱིས་པ་ཉེར་སྤྱོད་དང༌། བྱིས་པ་བཙའ་ཐབས་ཀྱི་མཚོན་པའི་མ་བུ་སྲུང་སྐྱོབ་དང༌། ཞིང་འབྲོག་ཐོན་སྐྱེད་ལ་ལམ་སྟོན་བྱ་རྒྱུ་སོགས་ཡིན། སྨན་རྩིས་ཁང་གི་སློབ་ཕྲུག་ཡོང་ཁུངས་དབུས་དང༌། གཙང༌། ལྷོ་ཁ་ཁུལ་བཅས་ཀྱི་དགོན་སྡེ་ཁག་ནས་གྲྭ་གཞོན་བློ་གསལ་ཡི་གེ་འབྲི་ཀློག་ཐུབ་རིགས་གཉིས་ནས་གསུམ་ཙམ་གཏོང་རྒྱུ་ཡང་རྗེས་སུ་རྭ་སྒྲེང་རྒྱལ་ཐོག་སྐབས་ས་སྟག་ལོར་(༡༩༣༩) བོད་དམག་ན་གཞོན་སྨན་རྩིས་སློབ་མཁན་འདེམས་གསེས་ཀྱིས་སྨན་རྩིས་རིག་གནས་སློབ་རྒྱུའི་འགོ་ཚུགས་ཤིང༌། སྔོན་ཆད་སྨན་སློབ་ཚོའི་འཚོ་བ་དགོན་པ་དང༌། སློབ་མ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་རུང༌། དེ་ནས་བཟུང་སྐྱ་སེར་སློབ་གྲྭ་གཞུང་ཕྱོགས་ནས་བསྐོས་པ་ཚང་མར་དམག་དཀྱུས་ཀྱི་ཕོགས་ཐོབ་གསོལ་རས་བསྩལ། དེ་མིན་སྒེར་གྱི་སློབ་ཕྲུག་ནང་ལྷ་ས་དང༌། མདོ་སྟོད་སྨད་ས་ཁུལ་གང་ས་ནས་ཡོད་པའི་ཁར་ད་དུང་ལ་དྭགས་དང༌། ཁུ་ནུ་སོགས་ཀྱི་སློབ་མ་མི་ཉུང་བའང་ཡོད། མདོར་ན། སྨན་རྩིས་ཁང་ཐོག་མར་འཛུགས་དུས་དགེ་སློབ་མི་གྲངས་༢༥ ཙམ་ནས་མི་རིང་བར་མི་གྲངས་༡༠༠ ལྷག་ཙམ་འཕར་བ་དང་ཕྱིས་སུ་སློབ་ཕྲུག་ཁྱོན་༡༠༠༠ ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་དེའི་ཐོག་ནས་གདན་ས་གསུམ་གྱི་གཙོ་བོ་བྱས་པའི་དགོན་པ་གྲྭ་ཚང་གི་སྨན་སྦྱིན་པ་དང༌། སྟོད་མངའ་རིས་ཁུལ་དང༌། དབུས་གཙང༌། དྭགས་ཀོང༌། མདོ་སྟོད་སྨད་བཅས་ཀྱི་སྒེར་པའི་སྨན་པ། བོད་ཀྱི་རྒྱལ་ཁབ་རྫོང་སྡེ་ཁག་ལ་ཁྱབ་པ་གྱུར་པས། དེ་དག་གི་སྨན་གྱི་ངོ་བོ་ངོས་འཛིན་དང༌། སྨན་སྦྱོར་བཟོ། འདུལ་བཅོས་བྱེད་པའི་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་ཉམ་ཐག་འགྲོ་བ་ནད་པའི་དོན་དུ་ཞབས་འདེགས་ཧུར་བརྩོན་ཞུས་ཏེ་ནད་བཅོས་སྲོག་སྐྱོབ་ཀྱི་ནུས་པ་ཆེ་ཆེར་ཐོན་པ་དང༌། ཆབས་ཅིག་གནམ་རིག་སྐར་རྩིས་ཀྱིས་ལོ་རེའི་ནད་ཡམས་སྔོན་འགོག་ཆེད་སྔོན་ཚུད་ནས་སྐར་རྩིས་དེབ་འགོད་དང་དཔར་འགྲེམས་བྱས་པ་དང༌། གཞུང་དང་དགོན་པ་གྲྭ་ཚང༌། མང་ཚོགས་བཅས་ནས་ཕྱར་བ་གྲུ་འདེགས་ཀྱིས་སྐུ་རིམ་དང་དབྱངས་འཆར། ཟློག གླུད་བརྫངས། རིམས་སྲུང༌། སྒོ་དགུ་ཆིག་སྒྲིལ་གྱི་སྲུང་བདུད་སོགས་ལས་གྲུབ་པར་བརྟེན། བོད་མི་རིགས་ཀྱི་བདེ་ཐང་སྲུངསྐྱོབ་ཀྱི་འགན་ལེན་ཐུབ་པ་བྱུང་ཡོད། སྐབས་དེ་དུས་ཀྱི་མི་ཚོགས་ཆེ་བའི་ལྷ་ས་གྲོང་ཁྱེར་ནང་ལའང་སྨན་རྩིས་ཁང་དུ་སྨན་བཅོས་བྱེད་མཁན་ནད་པ་མི་གྲངས་༥༠- ༦༠ ཡས་མས་ལས་མེད་པ་དེ་ཡང་ནད་གཞི་མང་ཆེ་བ་འབྲུམ་དང་ཁྲག་ཤེད་ཙམ་ལས། དེང་དུས་ལྟར་སྙིང་དང་སྲོག་རླུང༌། གློ་ནད་མཆིན་པ་སོགས་ནད་རིམས་འདྲ་མིན་མང་པོ་རྩྭ་བ་ནས་ཡོང་མྱོང་མེད་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་གོང་དུ་བཤད་པའི་བོད་རྙིང་པའི་དུས་སུ་རྒྱ་ཆེའི་ཞིང་འབྲོག་མི་དམངས་ལ་ན་ཚ་ཡོད་ཀྱང་སྨན་བཅོས་བྱེད་མཁན་མེད་ཟེར་བ་དང༌། ལྷག་པར”བོད་ཞི་བའི་བཅིངས་བཀྲོལ་མ་བཏང་གོང་གི་ལོ་༡༥༠ ནང༌། ལྷ་འབྲུམ་ཐེངས་བཞི་བྱུང་བའི་ཐོག་དེའི་ནང་༡༩༢༥  ལོར་ནད་ཡམས་ཐེངས་གཉིས་བྱུང་སྟེ་ལྷ་སར་མི་གྲངས་༧༠༠༠ དང༌། ༡༩༣༥ ལོ་དང༌། ༡༩༣༧ ལོ་གཉིས་ནད་ཡམས་བྱུང་སྐབས་བསྐྱར་དུ་མི་གྲངས་༥༠༠༠ ཤི་བ་རེད” ཟེར་བ་དེ་ནི་ཁུངས་མེད་རྫུན་བཟོ་ཡིན་པ་ལས་བོད་ཀྱི་རྒྱལ་རབས་ནང་དེ་ལྟ་བུའི་ནད་ཡམས་བྱུང་ཚུལ་གྱི་ཤི་གསོན་དེབ་འགོད་བྱེད་མྱོང་མེད་པའི་གནས་ཚུལ་ཐོག་ནས། འདས་པའི་བོད་སྨན་གྱི་འབྱུང་ཁུངས་དང༌། སྨན་རྩིས་འཕེལ་རིམ་གྱི་ལོ་རྒྱུས་དེ་དག་གིས་རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་སྨན་སྐོར་གྱི་འཆལ་གཏམ་ལ་དགག་ལན་གནད་དུ་སྨིན་པ་སྤྲད་
ཡོད།

བོད་སྨན་གྱི་ཉམས་རྒུད་བྱུང་རྐྱེན།

    ཕྱི་ལོ་༡༩༤༩ ལོར་རྒྱ་ནག་གཞུང་གིས་དྲག་ཤུགས་ལ་བརྟེན་ནས་བོད་བཙན་བཟུང་བྱས་ཏེ་ད་བར་མི་ལོ་ལྔ་བཅུ་ལྷག་ཙམ་རིང༌། བོད་མི་མང་ལ་ཆབ་སྲིད་ཀྱི་བསམ་བློའི་སྡུག་སྦྱོང་དང༌། ལུས་པོར་བཙན་དབང་གིས་ངལ་རྩོལ་ཨར་འདེད་སྐུལ་བ། འཚོ་བའི་ཐད་ཟ་འབྲུ་ཚད་བཀག་གིས་བཀྲེས་ལྟོགས་འཁྱགས་གྲང་གི་སྡུག་བསྔལ་བཟོད་དཀའ་བ་བཅས་ཀྱི་མནར་གཅོད་མྱོང་དགོས་ལ་སོང༌། སྔར་མེད་ནད་ཡམས་གློ་ནད་དང༌། མཆིན་ནད། ཕོ་སྐྲན། སྙིང་གི་ན་ཚ་སོགས་ཤིན་ཏུ་མང་པོ་དར་བར་བརྟེན་སྨན་བཅོས་བྱེད་པར་འདོད་ཀྱང༌། རྒྱ་མིའི་སྨན་ཁང་ནང་དང་ཐོག་སྐད་ཀྱི་གོ་བརྡ་མི་འཕྲོད་པའི་དཀའ་ངལ་དང༌། གཉིས་པ་ནད་གཞི་བརྩད་མི་ཆོད་པའི་སྡུག་བསྔལ། གསུམ་པ་རྒྱ་མིའི་སྨན་པ་ཚོའི་ལག་རྩལ་ཚོད་ལྟ་བྱེད་པའི་ཡུལ་དུ་སོང་ནས་འཆི་ཉེན་གྱི་སྡུག་བསྔལ་མྱོང་དགོས་པ་བཅས་ཀྱིས་བོད་སྨན་བསྟེན་འདོད་ཆེ་ཡང༌། ཕྱི་ལོ་༡༩༦༦ ལོར་རིག་གནས་གསར་བརྗེ་ཟེར་བའི་སྐབས། བོད་ཀྱི་གསོ་བ་རིག་པ་རིག་གནས་རྙིང་པར་བརྩིས་ཏེ་གཏོར་བཤིག་ཚབས་ཆེ་བཏང་ཞིང༌། རྩ་ཆེའི་སྨན་གཞུང་མེར་བསྲེགས་ནས་བོད་ཀྱི་སྨན་པ་མང་ཆེ་བ་བཙན་ཤེད་ཀྱིས་རྒྱུན་རིང་ངལ་རྩོལ་སྒྱུར་བཀོད་བྱེད་བཅུག་ནས་སྨན་པ་ཆེད་ལས་དང་ཁ་བྲལ་བ་དང༌། ལག་རྩལ་ཡང་མ་སྐྱུར་ག་མེད་བྱུང་བ་དང་ཆབས་ཅིག་བོད་སྨན་གྱི་ཐོན་སྐྱེད་དང་མཁོ་སྤྲོད་བྱེད་རྒྱུར་མིང་འདོགས་སྣ་ཚོགས་ཀྱིས་འགོག་རྐྱེན་བཟོས་པར་བརྟེན། རྩ་ཆེའི་སྨན་དང་རྒྱུན་སྲོལ་གྱི་སྨན་རིགས་ཁག་ཅིག་དཀོན་པོར་གྱུར་ཞིང༌། ཉེ་བའི་ལོ་བཅུ་གྲངས་འགའ་ཤས་ཀྱི་སྔོན་ཧ་ཅང་དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྨན་རྒྱུར་སྤྲོད་བྱེད་ཀྱི་འབྱུང་ཁུངས་དཔེར་ན། ཁྲག་རྭ། གླ་རྩི། དོམ་མཁྲིས། བེ་མུག དབྱར་རྩ་དགུན་འབུ། གཞན་ཡང་གསེར་དང་དངུལ། གཟི་དང་བྱུ་རུ་སོགས་རྒྱ་མིས་གང་བྱུང་བཙན་འཕྲོག་གིས་རྒྱ་ནག་ཏུ་དབོར་འདྲེན་བྱས་སྟབས་སྨན་རྫས་ཁག་ཅིག་རྩ་གཏོར་ལ་འགྲོ་བའི་གནས་སུ་གྱར་བ་བཅས་ཀྱིས། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་བོད་མི་མང་ལ་ད་དུང་ཡང་སྨན་པ་དཀོན་ཞིང་སྨན་ཉུང་བའི་གནས་ཚུལ་ཚབས་ཆེ་ཡོད་དང་ཡོད་མུས་ལ། ད་དུང་རྒྱ་ནག་གཞུང་གིས་གདོང་བཙན་ཆེན་པོས”བོད་ནང་སྨན་བཅོས་འཕྲོད་བསྟེན་ཡར་རྒྱས་བཏང་ཚུལ་དང༌། སྨན་པ་དང་འཕྲོད་བསྟེན་པ་འབོར་ཆེན་སྐྱེད་སྲིང་བྱས་ཡོད” ཟེར་བར་སྐབས་གཅིག་རིང་ལྷ་སའི་རིག་རྩལ་གྱི་མཚན་ཚོགས་ཐོག་མི་རྣམས་ཀྱིས་འཕྱ་སྨོད་དང་ཟུར་ཟ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད།

བཙན་བྱོལ་ནང་བོད་སྨན་མི་ཉམས་གོང་འཕེལ་བྱུང་བ།

    ཕྱི་ལོ་༡༩༥༩ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་སྟོང་ཕྲག་བརྒྱད་ཅུ་ཙམ་བོད་ནས་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་ཞིང༌། ྋགོང་ས་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཆེད་གཞིས་ཆགས་ཁག་དང༌། དགོན་པ་གྲྭ་ཚང་གི་མཚོན་ཆོས་སྡེ་ཁག བོད་ཕྲུག་ཚོར་གཏན་ཉིན་སློབ་གྲྭ་ཁག་ཆེད་འཛུགས་བསྐྱངས་པ་དང་འབྲེལ་བོད་རང་དབང་སླར་གསོའི་རྨང་གཞི་བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཁག་བཅས་པ་ཆེད་འཛུགས་གནང༌། བོད་མི་སྐྱབས་བཅོལ་བ་ཚོར་སྨན་བཅོས་འཕྲོད་བསྟེན་གྱི་མ་ལག་ཆེད་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་སྨན་རྩིས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་སླད། ཕྱི་ལོ་༡༩༦༡ ལོར་བཞུགས་སྒར་རྡ་སར་དབུས་སྨན་རྩིས་ཁང་འགོ་འཛུགས་གནང་ནས་ད་བར་མི་ལོ་༤༥ ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད་ད་ཆ་རྒྱ་གར་དང་བལ་ཡུལ་གཉིས་ནང་བོད་སྨན་ཡན་ལག་སྨན་ཁང་ཁག༤༠ ཡོད་པ་དང༌། དབུས་སྨན་རྩིས་ཁང་དང་བཅས་པར་ཚད་ལྡན་སྨན་པ་གྲངས་༡༡༠ དང་རྩིས་པ་གྲངས་༡༥ ཡོད་༦པ་དེ་རྣམས་ཀྱིས་བཙན་བྱོལ་ལ་ཡོད་པའི་བོད་མི་འབུམ་ལྷག་དང་ས་གནས་ཡུལ་མི་འབུམ་ཕྲག་མང་པོའི་གཟུགས་ཁམས་བདེ་ཐང་ཆེད་སྨན་བཅོས་ཀྱི་རོགས་རམ་བྱས་དང་བྱེད་བཞིན་ཡོད། ཁྱད་པར་བོད་སྨན་དང་སྐར་རྩིས་ཐོག་རྒྱ་བལ་འབྲུག་གསུམ་གྱི་ཡུལ་མི་ཙམ་མ་ཟད། ༡༩༨༤ ལོ་ནས་བཟུང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་ཞབས་ཞུའི་ལས་རིམ་ཡར་རྒྱས་གོང་འཕེལ་དང་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་བཅས་ཀྱི་དགོས་མཁོར་བརྟེན། དེང་བོད་གཞུང་དབུས་སྨན་རྩིས་ཁང་ཁོངས་སུ་བོད་ཀྱི་གསོ་རིག་སྐར་རྩིས་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྨན་རྩིས་མཐོ་སློབ་དང༌། ཉམས་ཞིབ་སྡེ་ཚན། སྨན་སྦྱོར་བཟོ་གྲྭ སྨན་རྩིས་འགྲེམས་སྟོན། སྨན་རྩིས་དུས་དེབ། སྨན་རྩིས་བགྲོ་གླེང་དང་ཚོགས་འདུ་སོགས་ཡོད་ལ། དེ་མིན་བོད་སྨན་གྱི་སྨན་སྦྱོར་དང་སྨན་བཅོས་བྱེད་པའི་སྒེར་པའི་སྨན་པ་གྲངས་༤༠ དང་རྩིས་པ་གྲངས་༢༡ ཡོད་པ་དེ་རྣམས་ཀྱིས་རྒྱ་བལ་འབྲུག་ཁུལ་དང༌། ལ་དྭགས། ཁུ་ནུ། ག་ཤྭ། སྤེ་ཏི་བཅས་གང་སར་ཁྱབ་ནས་ཡོད་དོ། ། 
    (བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུག་ལགས་ནི། བོད་གཞུང་བཀའ་ཤག་གི་བཀའ་དྲུང་ཡིག་ཚང་ནང་དྲུང་ཆེ་ལས་འཕར་གྱི་ལས་གནས་ཐོག་ཕྱག་ལས་གནང་བཞིན་པ་ཡིན།)
མཆན།
༡    <<བློན་པོ་བཀའ་ཐང་>> ནང་གསལ།
༢    <<གསོ་རིག་ཉི་མའི་འོད་ཟེར >> ནང་གསལ།
༣    <<སྨན་རྩིས་ཁང༌།>>
༤    <<དུང་དཀར་ཚིག་མཛོད་ཆེན་མོ། སྨད་ཆ།>>
༥    <<རྒྱལ་རབས་གསལ་བའི་མེ་ལོང་>> ནང་གསལ།
༦    གོང་གསལ་གྲངས་འབོར་རྣམས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཟུང་དྲུང་ཡེ་སུབ་ལགས་ནས་མཐུན་གྱུར་གནང་བར་ཐུགས་རྗེ་ཆེ་ཞུ།

མདུན་ཤོག

Menu