(དེབ་གོང་མའི་འཕྲོ)  ལྷ་མོ་སྐྱབས།

རབ་བྱེད་བདུན་པ།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ་བརྗོད་པ།    འདི་ལའང་དབེན་གནས་ལ་བསྔགས་པ་དང༌། ཤེར་ཕྱིན་བསྟན་ཚུལ། བླ་མའི་ཕན་ཡོན་གསུམ་མོ། །
 

ཀ༽ ཤེར་ཕྱིན་གྱི་གཞི་བསམ་གཏན་སྒོམ་པའི་གནས་མཆོག་དམ་པ་དབེན་པའི་གནས་ཀྱི་མཛེས་པ་ལ་བསྔགས་པ་ནི།   

དེ་ནས་རེ་ཞིག་སོ་གའི་དཔལ་གྱི་དྲ་བས་ཕྱོགས་ཀུན་ཡོངས་སུ་བཅིངས་ཤིང༌།༡ འབིགས་བྱེད་ཀྱི་རླུང་གིས་བསྐུལ་བའི་རྩེ་དགས་སེམས་ཀུན་ཏུ་གཡེངས་པ།༢ ལྗོན་ཤིང་དང་མེ་ཏོག་སྣ་ཚོགས་ཀྱི་ལང་ཚོ་དར་ལ་བབ་པར་གྱུར་པའི་ཚེ།༣ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་ཡེ་ཤེས་བློ་གྲོས་འཁོར་དང་བཅས་པ་དང༌། ལེགས་པའི་བློ་གྲོས་ལ་སོགས་པ་གཞོན་ནུར་གྱུར་པ་དེ་དག་རིམ་གྱིས་སྤོས་ངད་ལྡན་པའི་རི་བོའི་རྩེ་མོ་སྣ་ཚོགས་ལྟ་ན་སྡུག་པ། བྲག་རི་དང༌། ནགས་ཚལ་དང༌། སྨན་ལྗོངས་རྣམ་པ་སྣ་ཚོགས་ཡིད་དུ་འོང་བ་དག་ཏུ་རྒྱུ་ཞིང་སོང་སོང་བ་ལས། རི་བོ་དེའི་ངོགས་ཤིག་ན་དྭངས་བསིལ་ཞེས་བྱ་བ་ཡིད་བཞིན་གྱི་ཆུ་གཏེར་ཡན་ལག་བརྒྱད་དང་ལྡན་པའི་ཆུ་བོ་བཻཌཱུརྱའི་ཞུན་མ་ལྟར་སྔོ་ཞིང་དྭངས་པས་ནི་རབ་ཏུ་གང༌།༤ པད་མ་དང༌། ཨུལ་དང༌། ཀུ་མུ་ཏ་དང༌། པད་མ་དཀར་པོ་དག་གིས་ནི་ཁེབས་པར་གྱུར། ངུར་བ་དང༌། ཁྲུང་ཁྲུང་དང༌། ཆུ་བྱ་སྣ་ཚོགས་ནི་ཁྲུས་ཀྱི་ཕྱིར་བྱི་དོར་ལ་འཇུག་ཅིང་བྱུ་རུ་ལྟར་དམར་བའི་སོར་མོས་ཆུ་ཐིགས་ཀུན་ཏུ་འཐོར་བར་བྱེད་ལ།༥ ཉེ་འཁོར་ན་ཨ་ཀཱ་རུ་དང༌། ཙན་དན་ས་མཆོག་དང༌། རྒྱ་ཤུག་དང༌། ཛ་ཏིའི་ཤིང་དང་ཨཤོཏཐ་དང༌། ཆུ་ཤིང་ལ་སོགས་པའི་ཤིང་ལྗོན་པ་དང༌། འཁྲི་ཤིང་མཆོག་ཏུ་རྒྱས་ཤིང་མཛེས་པ་རྣམས་ནི་ཡིད་བཞིན་གྱི་མཚོ་དེ་བལྟ་བའི་ཕྱིར་འདུས་པ་ལྟར་འདུག༦ དེ་ལ་འདུས་པའི་རྨ་བྱ་དང༌། ནེ་ཙོ་དང༌། ཤང་ཤང་དང༌། བྱ་ཀ་ལན་ཏ་ཀ་ལ་སོགས་པ་རྣམས་ནི་ཀུན་ཏུ་དགའ་བའི་གླུ་དབྱངས་ཀྱིས་བསྔགས་པ་བརྗོད་པ་བཞིན་དུ་འདུག་པ་དེར་ཕྱིན་པར་གྱུར་ཏོ། །༧
    རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་བཀོད་འབྲི་བྱས་པ་སྟེ། རྒྱན་ནི། ༡ ངག་དོན་གཅིག་གཟུགས། ༢ སེམས་མེད་རབ་རྟོག་ལས་བྱ་བ་རབ་རྟོག ༣ ཏིང་འཛིན་རབ་རྟོག ༤ ཆོས་དཔེ། ༥ ཆོས་དཔེ། ༦ བྱ་བ་རབ་རྟོག་ཙམ། ༧ ཡོན་ཏན་རབ་རྟོག་ཙམ།
    དེ་ཚེ་བསོད་ནམས་ལྡན་པའི་མིག །པད་མའི་འདབ་མ་ལྟར་ཡངས་པས། །མཛེས་སྡུག་འཁྱིལ་བའི་རི་མོ་ཅན། །དྲི་མེད་བདུད་རྩིའི་ཆུ་གཏེར་མཐོང༌། །༡ ཤེལ་ཕྲེང་མུ་ཏིག་དྲ་བ་ལྟར། །རབ་མཛེས་ལྦུ་བའི་ཚོགསཀྱིས་དཀྲིགས། ཁ་དོག་མཚུངས་ལ་འགྲན་འདོད་པས། །ནམ་མཁའི་སྐར་ཕྲེང་བརྐུས་པ་བཞིན། །༢ བུང་བ་འཕུར་བའི་སོར་གདུབ་ནི། །མཛེས་ལྡན་བསེར་བུའི་ལག་སོར་གྱིས། །རབ་བསྐྱོད་རྦ་རླབས་ཕྲེང་བ་ལས། །ཡ་མཚན་སྒྲེང་བར་(སྒྲོག་པར)བྱེད་པ་བཞིན། །༣ རྨ་བྱའི་མགྲིན་ལྟར་རབ་སྔོ་བའི། །ཀུ་ཤ་གཞོན་ནུའི་ལག་རྩེ་ཡིས། །ཆུ་ཐིགས་འཐོར་བས་ཕྱོགས་ཀྱི་ནི། །མུན་པའི་དྲི་མ་འཁྲུ་བ་བཞིན། །༤ ལོ་འདབ་སྡུ་གུའི་ལན་ཚར་ཅན། །མེ་ཏོག་ནུ་རྒྱས་སྐེད་ངོས་ཕྲ། །འཁྲི་ཤིང་ན་ཆུང་ཡིད་བཞིན་མཚོར། །ཁྲུས་ཀྱི་སླད་དུ་འཇུག་འདོད་བཞིན། །༥ དེ་མཐོང་གདུང་བས་མཚམས་སྤྲིན་ལྟར། །དམར་བའི་བཞིན་ལྡན་གེ་སར་ཅན། །ཡལ་གའི་ལག་བརྐྱངས་ལྗང་སྔོན་གྱི། །ལོ་མའི་གོས་ཀྱིས་གཡོགས་པ་བཞིན། །༦ རི་བོང་ཅན་གཟུགས་དྭངས་པའི་མཚོར། །སྣང་ལས་མཛའ་བོར་འཁྲུལ་བ་ཡིས། །ཀུན་ད་ལྟར་དཀར་ངང་མོའི་ཁྱུ། །ཕན་ཚུན་རྒྱུ་ཞིང་འབོད་སྒྲོག་བྱེད། །༧ ཨནཌ་རྙིལ་ལྟར་རབ་དྭངས་ཤིང༌། །ཡ་མཚན་མང་བོའི་གཟུགས་བརྙན་བཀྲ །ནགས་ཀྱི་པད་མའི་སྐེད་ངོས་སུ། །དྭངས་བསིལ་མེ་ལོང་དེ་མཐོང་གྱུར། །༨
    སླར་ཡང་ཚིགས་སུ་བཅད་པས་དྭངས་བསིལ་མཚོ་ལ་བསྔགས་པ་སྟེ། དོན་ཇི་བཞིན་པ་ནི། དེའི་ཚེ་བསོད་ནམས་དང་ལྡན་པ་དེ་དག་གི་མིག་ལམ་དུ་མཛེས་སྡུག་ལྡན་པའི་དྭངས་གཙང་གི་མཚོ་མོ་ཞིག་སྣང་བར་གྱུར་བ་ནི། རབ་མཛེས་ལྦུ་བ་དཀར་པོའི་ཚོགས་ཀྱིས་ཀུན་ཏུ་བརྒྱན་པ། བུང་བས་འཕུར་ལྡིང་དང་བཅས་བསེར་བུས་བསྐྱོད་པའི་རླབས་གཉེར་དག་ན་དར་དིར་སྒྲོག་ཅིང༌། སྔོ་ལྗང་ཀུ་ཤ་གསར་བའི་རྩེ་མོ་ལས་ཆུ་ཐིགས་འཐོར་བ། ལོ་འདབ་མཛེས་པའི་མེ་ཏོག་སྡོང་བུ་ཕྲ་ལ་རིང་བ་ཅན་དག་དང༌། ཟེའུ་འབྲུ་དང་བཅས་དམར་བའི་མདོག་ལྡན་ཆུ་སྐྱེས་ལོ་འདབ་སྔོན་པོས་མཛེས་པ་ཅན། མཚན་མོར་ཡང་ཟླ་སྐར་གྱི་གཟུགས་རིས་འཕོས་པའི་གཞིར་ངང་བའི་ཁྱུ་དག་དབྱངས་སྙན་དང་བཅས་དགའ་བས་རོལ་བ་སོགས་ཡ་མཚན་མང་བོའི་གཟུགས་བརྙན་བཀྲ་བའི་དྭངས་བསིལ་མཚོ་མོ་ཞིག་ནགས་རི་པད་མ་ཅན་གྱི་སྐེད་ངོས་སུ་འཁྱིལ་བ་མཐོང༌། ཞེས་པའོ། །
    རྒྱན་ནི། ༡ ཏིང་འཛིན་དཔེ་རྒྱན་ཏེ། རིམ་བཞིན་ཆོས་དཔེ་དང་ཏིང་འཛིན་རབ་རྟོག འབྲུ་མང་སྡུད་དཔེ། ༢ རྟོག་ཅན་དཔེ། ༣ གཟུགས་ཅན་རྟོག་པ་ཅན། ༤ བརྟེན་པའི་རབ་སྤེལ། རིམ་བཞིན་ཆོས་དཔེ་དང་ཏིང་འཛིན་རབ་རྟོག གཟུགས་ཅན། སླར་ཡང་རྟོག་པ་ཙམ་པོ་བ་བཅས་པས་སོ། །༥ གཟུགས་ཅན་རྟོག་པ་ཅན་ཏེ། མཐའ་དག་གཟུགས་ཅན་དང་རྟོག་པ་ཙམ་པོ་བ། ༦ སྟོབས་མཚུངས་རབ་སྤེལ་ཏེ། རིམ་བཞིན་ཆོས་དཔེ་དང་གཟུགས་ཅན། རྟོག་པ་ཙམ་པོ་བ་བཅས་སོ། །༧ སེམས་ལྡན་རབ་རྟོག ༨ སྟོབས་མཚུངས་རབ་སྤེལ་ཏེ། རིམ་བཞིན་དཔེ་དང་རང་བཞིན་བརྗོད་པ་གཟུགས་ཅན་བཅས་སོ། །སྤྱིའི་ཆ་ནས་རྨད་བྱུང་དང་སྒེག་པའི་ཉམས་ལྡན་རྒྱན་ནོ། །

ཁ༽ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་བསྟན་པ། དེ་ལའང་ཐོག་མར་གདུལ་བྱ་འདུལ་བའི་དུས་མཁྱེན་ཅིང་ཤེར་ཕྱིན་ལ་འཇུག་པར་བསྐུལ་བའི་ཚུལ་ནི།

    དེ་ལྟར་ཡིད་བཞིན་གྱི་མཚོ་རབ་ཏུ་དྭངས་པ་དང་བསིལ་ཞེས་བྱ་བ་དེའི་འགྲམ་དུ། ལྗོན་ཤིང་ཡལ་ག་དང་ལོ་འདབ་རབ་ཏུ་རྒྱས་པའི་དྲུང་ན། ཟླ་བ་ཆུ་ཤེལ་གྱི་ནོར་བུའི་རྡོ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་ཡེ་ཤེས་བློ་གྲོས་དེ་ཉིད་བཞུགས་ཤིང༌། འཁོར་རྣམས་ཀྱང་འདུས་ཏེ་ཕྱག་འཚལ་ནས་འཁོད་པར་གྱུར་ཏོ། །
    སྒེག་པའི་ཉམས་ཀྱི་རང་བཞིན་བརྗོད་པའོ། །
    དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་ཡེ་ཤེས་བློ་གྲོས་ཀྱི་ཉི་མས་༡ཤེས་བྱའི་དཀྱིལ་འཁོར་རབ་ཏུ་གསལ་བའི་(བས)གདུལ་བྱ་རྣམས་ཀྱི་ཁམས་དང་དབང་བོ་དང༌། བསམ་པ་དང༌། བག་ལ་ཉལ་བ་དང༌། རང་བཞིན་ཇི་ལྟ་བར་ཐུགས་སུ་ཆུད་དེ། འདུལ་བར་བབས་པའི་དུས་མཁྱེན་པ་དེ་ཉིད་ཀྱིས་གཞོན་ནུ་དེ་དག་མ་རིག་པའི་གཉིད་༢ལས་ཡང་དག་པར་སློང་བ་ལ་བསྐུལ་བའི་ཕྱིར་ཚངས་པའི་རྒྱལ་པོ་ལྟ་བུའི་གསུང་གིས་འདི་སྐད་ཅེས་བཀའ་བསྩལ་པ།༣
    ༡དང་༢ མ་བསྡུས་གཟུགས་ཅན། སྐབས་འདིའི་མ་རིག་པ་ནི་བདག་འཛིན་ལའོ།། ༣ དངོས་དཔེ་སྟེ་མཚུངས་ཆོས་ནི་སྙན་པ་སོགས་ཡན་ལག་དྲུག་ཅུའི་དབྱངས་སོ། །
    ཀྱེ་གཞོན་ནུ་དག གང་གི་རྒྱུད་ནི་བསམ་གཏན་ཆུ་ཡིས་རབ་བརླན་དགེ་བ་ཡི། །ས་བོན་བཏབ་ལས་བྱང་ཆུབ་ལྗོན་པའི་མྱུ་གུ་ལེགས་འཁྲུངས་པ། །བརྩོན་འགྲུས་རྐང་པས་ཐར་པའི་ལམ་ནི་བགྲོད་གང་གདམས་པ་ཡི། །བཅུད་ཀྱིས་སུ་ཞིག་ཡེ་ཤེས་ཁམས་ནི་བརྟས་པར་གྱུར་པ་སྨོས། །
    དོན་ནི། སྐལ་ལྡན་གང་དག་གི་སེམས་རྒྱུད་ལ་བསམ་གཏན་བསྒོམས་པའི་དགེ་བའི་མཐུས་སྡིག་པ་ཅི་བྱང་བ་དང་ཡོན་ཏན་གང་ཆུབ་སོགས་མདོར་ན་བརྩོན་འགྲུས་ཀྱིས་ཐར་པའི་ལམ་བཟང་བགྲོད་ལ་བདག་གི་ད་བར་གསུང་བའི་ཆོས་ཀྱི་གདམས་པ་དག་གིས་སུ་དང་སུ་ལ་ཡེ་ཤེས་ཀྱི་ཁམས་དོན་དམ་བདེན་པའི་ཉམས་རྟོགས་ཀྱི་ཡོན་ཏན་བཟང་པོ་ཅི་སྐྱེས་ཤོད་ཅིག ཅེས་པ་སྟེ། ངག་དོན་གཟུགས་ཅན།
    དེ་ནས་གཞོན་ནུ་དེ་དག་གིས་ཕྱག་འཚལ་ཏེ་མུན་པ་ཅན་གྱིས་གསོལ་བ། བདག་ནི་བསམ་གཏན་ལ་ཞུགས་ཉིན་མཚན་དུ། །རྟོག་དཔྱོད་མིག་གིས་ཀུན་ཏུ་རབ་བལྟས་ཀྱང༌། །རྟག་ཆད་ཆུ་འཛིན་སྟུག་པོས་ཡོངས་སྒྲིབ་ནས། །ཡང་དག་བདེན་པའི་མཁའ་ནི་ཡོངས་མ་མཐོང༌།།
    དོན་ནི། བདག་གིས་བསམ་གཏན་བསྒོམས་ཏེ་ཉིན་མཚན་ཀུན་ཏུ་ཆོས་རྣམས་ལ་རྟོག་དཔྱོད་བྱས་ཀྱང་རྟག་པ་དང་ཆད་པའི་ལྟ་བས་བསྒྲིབས་ཏེ་ཡང་དག་དོན་དམ་བདེན་པའི་ཆོས་ནི་གང་ཡང་མི་མཐོང་ངོ༌། །ཞེས་པ་འདི་ཆ་ཤས་གཟུགས་ཅན་ནམ་ངག་དོན་གཟུགས་ཅན་ནོ། །
    དྲག་པོས་གསོལ་བ། བདག་ནི་དྲན་པའི་སྐྱེས་བུ་འབད་པ་བརྒྱས། །ཏིང་འཛིན་ལྕགས་ཀྱུས་བཀུག་ཀྱང་ཉོན་མོངས་ཀྱི། །གཡང་སར་མངོན་རྒྱུག་སེམས་ཀྱི་གླང་པོ་འདིས། །འདམ་བུའི་ཚལ་བཞིན་རེ་བ་འཇོམས་པ་སྙམ། །༢
    དོན་ནི། ང་ནི་དམིགས་པ་མི་བརྗེད་པའི་དྲན་པ་བརྟན་པར་གནས་ལ་ཤིན་ཏུ་འབད་མོད་ཉོན་མོངས་པའི་སེམས་བྱུང་དག་གིས་རེ་བ་མེད་པར་བྱེད་དོ། །ཞེས་པ་ནི་དཔེ་གཟུགས་སྤེལ་མ་ཏེ། རྐང་པ་ཐ་མ་ནི་ཆོས་དཔེར་བཅས་པའི་ངག་དོན་གཟུགས་ཅན་ནོ། །
    འདོད་ལྷའི་བུས་གསོལ་བ།    བདག་ནི་དཀའ་ཐུབ་གྲུར་ཞུགས་འདོད་པ་ཡི། །ཆུ་བོ་བརྒལ་ཀྱང་མངོན་ཤེས་རྫུ་འཕྲུལ་དང༌། །ཡེ་ཤེས་རིན་ཆེན་འབྱུང་གནས་ཐར་པའི་གླིང༌། །ཐོབ་
པར་མ་གྱུར་དོན་མེད་ངལ་བས་ལུས། །
    དོན་ནི། ངས་ཀྱང་དཀའ་ཐུབ་ལ་བསྟེན་ནས་འདོད་ཡོན་ལ་ཞེན་པ་ཙམ་སྤངས་མོད། མངོན་ཤེས་དང༌། རྫུ་འཕྲུལ། ཡེ་ཤེས་སོགས་འབྱུང་བའི་ཐར་པའི་ལམ་མ་རྙེད་པར་དོན་མེད་ངལ་བས་ལུས་སོ། །ཞེས་པ་ནི་ངག་དོན་མཐའ་དག་གཟུགས་ཅན་ནོ། །
    གཞོན་ནུ་དགེ་བ་ཅན་གྱིས་གསོལ་བ། བདག་གི་མིག་ནི་ཁྱོད་ཀྱི་ཞབས་སེན་དམར་བའི་ཆུ་སྐྱེས་ལ། །བུང་བ་བཞིན་དུ་རེ་བས་ལྟ་བྱེད་ཡིད་ཀྱི་ཤིང་རྟ་ནི། །བསམ་ཡས་ཡོན་ཏན་རི་བོ་འདི་ལ་རབ་བརྟགས་ལོག་ལྟ་ཡི། །རླུང་གིས་གཡོ་མེད་བསམ་གཏན་མཆོག་ཐོབ་དོན་གཉེར་གཞན་ཅི་མཆིས། །
    དོན་ནི། བདག་གིས་ནི་ཁྱོད་ཀྱི་ཞབས་སེན་ལ་དད་པ་དང་རེ་བ་ཆེན་པོས་བསྟེན་ཞིང་ཡིད་ལའང་བླ་མའི་ཡོན་ཏན་དང་བསམ་གཏན་གྱི་ཕན་ཡོན་དཔག་མེད་དག་བསམས་ཏེ་བླ་མ་དང་ཆོས་ལ་ལོག་ལྟ་བྲལ་ཏེ་ཡིད་བདེའི་བསམ་གཏན་མཆོག་འདི་འདྲ་ཐོབ་པས་ད་ནི་དོན་དུ་གཉེར་འོས་གཞན་ཅི་ཞིག་ཡོད་དམ། ཞེས་པ་ནི་གཟུགས་རྒྱན་དང་དཔེ་རྒྱན་སྤེལ་མའོ། །
    གཞོན་ནུ་མཉེས་གཤིན་བཟང་པོས་གསོལ་བ། ཉོན་མོངས་བུད་ཤིང་སྣ་ཚོགས་ལས་ཀྱི་རླུང་གིས་གཙུབས་པ་ལས། །སྡུག་བསྔལ་རྟ་གདོང་འབར་བས་འགྲོ་འདི་སྲེག་མཐོང་དེ་དག་རྣམས། །ཡོངས་སྐྱོབ་ཉིད་སེམས་དེ་དོན་བརྩོན་པས་རྟག་ཏུ་མི་སྐྱོ་བའི། །བདུད་རྩི་ལས་གཞན་ཁྱད་པར་ཅི་ཡང་བདག་ནི་མི་འཚལ་ཏོ། །
    དོན་ནི། ཉོན་མོངས་སྣ་ཚོགས་དང་ལས་ཀྱི་དབང་གིས་སྡུག་བསྔལ་ཆེན་པོས་མནར་བའི་འགྲོ་བ་རིགས་དྲུག་འདི་དག་ཡོངས་སུ་སྐྱོབ་འདོད་ཉིད་སེམས་ཤིང་དེ་དག་གི་དོན་ལ་རྟག་ཏུ་བརྩོན་ཀྱང་སྐྱོ་ངལ་དང་བྲལ་བའི་བྱང་ཆུབ་ཀྱི་སེམས་བསྐྱེད་འདི་ཉིད་ལས་གཞན་ཁྱད་པར་བའི་ཆོས་ཅི་ཡང་བདག་ནི་མི་ཤེས་སོ། །ཞེས་པ་ནི་ངག་དོན་ལྡན་གཟུགས།
    གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་གསོལ་བ། ཁྱོད་ཀྱི་བཀའ་དྲིན་བདུད་རྩིས་བདག་ཅག་དགེ་བའི་ལུས་བརྟས་གཟུངས་དང་ཏིང་འཛིན་མངོན་ཤེས་ཀྱི། །མིག་ནི་རབ་དྭངས་རྫུ་འཕྲུལ་ཤུགས་ལྡན་རྣམ་མང་རྨད་བྱུང་ཡོན་ཏན་སྣ་ཚོགས་ཡན་ལག་རྒྱས། །ད་ནི་བྱིན་རླབས་འོད་ཟེར་གསལ་བས་བདག་གི་སྙིང་གི་པད་མོ་རབ་ཕྱེ་མ་རིག་པའི། །མུན་པ་བཅོམ་ནས་གདོད་ནས་རྣམ་དག་ཆོས་དབྱིངས་ཡེ་ཤེས་རྟོགས་པའི་གཏེར་མཛོད་བསྟན་དུ་གསོལ། །
    དོན་ནི། ཁྱོད་ཀྱི་བཀའ་དྲིན་གྱིས་བདག་ཅག་གི་དགེ་བའི་ལས་མང་དུ་འཕེལ་ཞིང༌། དྲན་ཤེས་ཁྱད་པར་བའི་གཟུངས་བཞི་དང༌། ཏིང་ངེ་འཛིན་གྱི་སྒོ་དུ་མ། མངོན་ཤེས་དྲུག རྫུ་འཕྲུལ་གྱི་རྐང་པ་བཞི་སོགས་རྣམ་གྲངས་མང་བོའི་ངོ་མཚར་ཡོན་ཏན་སྣ་ཚོགས་འཕེལ། ད་ནི་བདག་བློ་བྱིན་གྱིས་བརླབས་ཏེ་བདག་འཛིན་གྱི་མ་རིག་པ་ཡོངས་སུ་བཅོམ་ནས། རང་བྱུང་ཆོས་སྐུའམ་ཡེ་ཤེས་བརྙེས་པའི་རྟོགས་པའི་མཆོག་སྦྱིན་གནང་བར་ཞུ། ཞེས་པ་ཡང་ངག་དོན་ལྡན་གཟུགས་སོ། །
༢། ཤེར་ཕྱིན་གྱི་གདམས་པ་དངོས་སུ་གནང་བའི་ཚུལ།
    དེ་སྐད་ཅེས་གསོལ་བ་བཏབ་པ་དང༌། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་ཡེ་ཤེས་བློ་གྲོས་དེས་ཡང་དག་པའི་དོན་ཆོས་ཀྱི་རྣམ་གྲངས་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་གདོད་མ་ཉིད་ནས་ཆོས་ཀུན་གྱི། །ངོ་བོ་ཉིད་གནས་དེ་ཉིད་མ་ཤེས་ལས། །འཁོར་བ་ཞེས་གྲགས་རང་བཞིན་ཡོངས་ཤེས་པས། །མྱ་ངན་འདའ་འགྱུར་འདི་ཉིད་ཡོངས་རྟོགས་གྱིས། །
    འདིར་འཁོར་འདས་དབྱེར་མེད་ཀྱི་རྟེན་འབྱུང་སྟོང་ཉིད་ཀྱི་དོན་ཟབ་མོ་ངོ་སྤྲོད་པ་སྟེ། དེ་ཡང་འཁོར་འདས་ཞེས་པ་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་ནས་ཡོད་པའི་ཆོས་ཀུན་གྱི་ངོ་བོའམ་སངས་རྒྱས་ཀྱི་རང་བཞིན་དེ་ཉིད་དོན་ལ་མྱང་འདས་ཡིན་མོད་ཀྱི་ཉོན་མོངས་པས་ཀུན་ནས་ཡོངས་སུ་བསྒྲིབས་པས་རང་ལ་གདོད་ནས་གནས་པ་མ་ཤེས་པ་ལས་སེམས་ཅན་ནམ་འཁོར་བ་ཞེས་སུ་གྲགས་པས། ཆོས་དབྱིངས་དེ་ཉིད་མངོན་སུམ་སུ་རྟོགས་པར་གྱུར་ན་མྱ་ངན་ལས་འདའ་བར་འགྱུར་བའི་གནས་ལུགས་ཟབ་མོ་འདི་ཉིད་ཇི་བཞིན་ཡོངས་སུ་རྟོགས་པར་བྱོས་ཤིག ཅེས་པའི་ལུགས་སམ།
    ཡང་ན། གང་ཞིག་གདོད་མའམ་ཐོག་མ་ཉིད་ནས་འཁོར་འདས་ཆོས་ཀུན་གྱི་ངོ་བོ་ནི་རང་བཞིན་སྟོང་པ་ཉིད་ལ་གནས་པའི་དེ་ཉིད་དམ་ཆོས་ཉིད་ཇི་བཞིན་མ་ཤེས་པ་དེ་ལས། ཀུན་རྫོབ་ཐ་སྙད་དུ་འཁོར་བ་ཞེས་གྲགས་པ་ཅན་འདི་ཉིད་བྱུང་ལ་དེའི་རང་བཞིན་སྟོང་པའི་གནས་ལུགས་ཡོངས་སུ་ཡང་དག་པར་ཤེས་པས། འཁོར་བ་ལས་གྲོལ་ནས་ཞི་བ་མྱ་ངན་ལས་འདའ་བར་འགྱུར་བའི་ཚུལ་འདི་ཉིད་ཡོངས་སུ་རྟོགས་པར་གྱིས་ཤིག ཅེས་ཀྱང་མི་འཐད་པ་མེད་དོ།  བདག་གི་བསམ་ཚོད་ལ་རྟོགས་བརྗོད་འདི་ཉིད་མཛད་པ་པོ་ཀུན་མཁྱེན་དོལ་པོའམ་ཡང་ན་ཁོང་གི་རྗེས་འབྲང་ཞིག་མིན་ནམ་སྙམ་ཏེ། བསྟན་བཅོས་ཀྱི་ཐོག་མར་ཡང་ཁམས་བདེ་གཤེགས་སྙིང་པོ་རྟོགས་ཕྱིར་རྟོགས་བརྗོད་འདི་ཉིད་མཛད་ཚུལ་གསལ་ལ། ལྷག་པར་མཇུག་ཤེས་རབ་ཀྱི་རབ་བྱེད་སྐབས་འདིར་ལྟ་བ་དེ་མཐུན་མང་ཞིང་མཐར་ཁམས་བདེ་གཤེགས་སྙིང་པོ་རྟོགས་ནས་གྲོལ་ཚུལ་ཡང་བསྟན་འདུག་པས་མཁས་པའི་དབང་པོ་ཚོས་དཔྱད་པར་འཚལ། འདི་ལ་ཆོས་ཉིད་རང་བཞིན་བརྗོད་པའི་རྒྱན་ཞེས་བྱའོ། །
    ཇི་ལྟར་ནམ་མཁའ་བལྟར་མེད་གཟུང་བྱ་མིན། །དབུས་མཐའ་མི་མངོན་བྱུང་མིན་ཟད་པའང་མིན། །དངོས་པོར་མ་གྲུབ་དངོས་མེད་ཉིད་མ་གྲུབ། །དངོས་ཀུན་གོ་སྐབས་འབྱིན་བྱེད་གོས་པའང་མེད། །དེ་བཞིན་ཆོས་ཀུན་གདོད་ནས་སྐྱེ་འགག་མེད། །གང་དུའང་གནས་མིན་རྟག་ཆད་མཐའ་དང་བྲལ། །སྣང་མིན་སྟོང་མིན་གཉིས་མེད་མིན་གཞན་མིན། །ཆོས་ཅན་ཆོས་ཉིད་དབྱེར་མེད་དེ་བཞིན་ཉིད། །
    ཡང༌། ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཚུལ་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་ན། ཇི་ལྟར་ནམ་མཁའི་ཁ་དོག་གཟུགས་ནི་མིག་གིས་བལྟ་རྒྱུ་མེད་ལ་གཟུགས་མེད་པས་ན་གཟུང་བར་བྱ་བའམ་རེག་བྱའི་ཡུལ་ཡང་མིན། སུས་ཀྱང་ནམ་མཁའི་དབུས་འདི་དང་མཐའ་འདིའོ་ཞེས་བལྟས་ནས་མི་མངོན་ཞིང༌། ནམ་མཁའ་འདི་ཉིད་གང་ནས་བྱུང་བ་མིན་ལ་གང་དུ་ཟད་པར་འགྱུར་པའི་ཆོས་ཤིག་ཀྱང་མིན། དོན་བྱེད་ནུས་པའི་དངོས་པོར་མ་གྲུབ་ཅིང་དངོས་པོར་མེད་པ་ཉིད་དུའང་མ་གྲུབ། འདིས་དངོས་པོ་ཀུན་འབྱུང་བའམ་བསྐྱེད་པའི་གོ་སྐབས་འབྱིན་པར་བྱེད་མོད་དོན་དམ་པར་དགོས་པ་སྒྲུབ་པའང་མེད་དོ། །དཔེ་དེ་བཞིན་དུ་ཆོས་ཀུན་གདོད་མ་ནས་རང་བཞིན་དུ་སྐྱེ་བ་དང་འགག་པ་མེད་པ་སྟེ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །ཅེས་གསུངས་པའི་དོན་བཞིན་དང༌། གཞན་ཡང་ཀུན་བྱེད་ལས། མ་སྐྱེས་ནམ་མཁའ་ལྟ་བུའི་སེམས་ཉིད་འདི། །མི་སྐྱེ་འགགས་པ་མེད་པའི་ངང་དུ་ཞོག །ཅེས་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང༌། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་སྤྱིར་ཆོས་ཀུན་དང་བྱེ་བྲག་སེམས་ཀྱི་ངོ་བོ་ལ་སྦྱར་ནས་ཀྱང་གོ་བ་འཚོལ་དགོས་པར་སྣང་ངོ༌། །དེ་བཞིན་དུ་རང་བཞིན་གྱིས་གང་དུའང་གནས་པའང་མིན་ཞིང་རང་བཞིན་གྱིས་བདེན་པར་གྲུབ་པའི་རྟག་པ་དང་ཐ་སྙད་དུ་མེད་པའམ་མ་གྲུབ་པའི་ཆད་པའི་མཐའ་གཉིས་དང་བྲལ་བ། འཁྲུལ་བའི་བློ་ངོར་སྣང་བ་བཞིན་དུ་རང་བཞིན་གྱིས་ཡོད་པ་མིན་ལ་རྟེན་ཅིང་འབྲེལ་བར་འཆར་བས་སྟོང་པའང་མིན། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་ཉི་ཟླ་ཁ་སྦྱོར་ལས་གསུངས་པ་བཞིན་དུ་སྣང་སྟོང་གཉིས་མེད་ཀྱང་མིན་ལ་དེ་ལས་གཞན་ཞིག་ཀྱང་མིན་པ། ཀུན་རྫོབ་ཆོས་ཅན་དང་དོན་དམ་ཆོས་ཉིད་དབྱེར་མེད་རོ་གཅིག་པའི་དེ་བཞིན་ཉིད་དོ། །ཞེས་པ་འདི་ནི་ངག་དོན་བཞིན་སྒྲ་གཅིག་པ་ཅན་ལས་ཤིན་ཏུ་རིང་བའི་ངག་དོན་རྒྱུན་གཅིག་པ་སྟེ། ཚིགས་བཅད་སྔ་མ་དཔེའི་ངག་དོན་དང་ཕྱི་མ་དཔེ་ཅན་དོན་གྱི་ངག་དོན་ནོ། །
    ཇི་ལྟར་དག་པའི་མཁར་ཡང་གློ་བུར་གྱི། །སྤྲིན་ཚོགས་སྣང་ཡང་དེ་ཡིས་གོས་མིན་ཞིང༌། །མཁའ་དང་ཆུ་འཛིན་ཐ་དད་གྱུར་པ་མེད། །དེ་བཞིན་དག་པའི་སེམས་ལས་གློ་བུར་གྱི། །མ་རིག་ལས་དང་ཉོན་མོངས་སྡུག་བསྔལ་ཚོགས། །མེད་བཞིན་སྣང་མོད་སྣང་བཞིན་ཡོངས་མ་གྲུབ། །ཆོས་དབྱིངས་འགྱུར་མེད་དེ་དང་ཐ་དད་མེད། །
    འོ་ན་རང་བཞིན་གྱིས་མ་གྲུབ་པའམ་གདོད་ནས་དག་པ་ཡིན་ན་མ་དག་པའི་འཁོར་བ་ཇི་ལྟར་གྲུབ། དེ་མྱང་འདས་དང་མི་འགལ་ལམ་སྙམ་ན། ཇི་ལྟར་རང་བཞིན་གྱིས་གཡའ་དག་པའི་ནམ་མཁར་ཡང་རླུང་གི་རྐྱེན་བཅས་གློ་བུར་གྱི་སྤྲིན་ཚོགས་སྟུག་པོ་སྔར་མེད་པ་རབ་ཏུ་འཁྲིགས་ནས་སྔོ་ནག་སོགས་ཁ་དོག་དང་དབྱིབས་སྣ་ཚོགས་སྣང་བར་འགྱུར་ན་ཡང་དེ་ཡིས་ནམ་མཁའི་རང་བཞིན་ལ་སྐྱོན་གྱིས་གོས་པ་མིན་ཞིང༌། མཁའ་དེ་དང་ཆུ་འཛིན་འདིའོ་ཞེས་སོ་སོར་ཐ་དད་དུ་གྱུར་པའང་མེད། དཔེ་དེ་བཞིན་དུ་ཡེ་ནས་དག་པའི་འོད་གསལ་གྱི་སེམས་ལས་ཀྱང་གློ་བུར་གྱི་མ་རིག་པ་དང་དེས་བསགས་པའི་ལས་དང་ཉོན་མོངས་དེའི་འབྲས་བུ་སྡུག་བསྔལ་སྣ་ཚོགས་པ་འབྱུང་བར་འགྱུར་ན་ཡང༌། བློ་ཀུན་རྫོབ་པར་རང་བཞིན་དུ་སྣང་བ་ལྟར་གྲུབ་མོད་ཀྱང་རང་བཞིན་ལ་དོན་དམ་ཚད་མས་དཔྱད་ན་ཇི་ལྟར་སྣང་བ་དེ་བཞིན་དུ་ཚུགས་ཐུབ་ཏུ་ཡོངས་སུ་མ་གྲུབ་ཅིང༌། དེ་ཉིད་ཆོས་དབྱིངས་སྟོང་པ་རང་བཞིན་འགྱུར་མེད་དམ་རྟག་པ་ཆོས་སྐུ་དེ་དང་ཐ་དད་དུ་གྱུར་པའང་མེད་དེ། སྣང་ཚུལ་ཇི་ལྟར་ན་ཡང་རང་བཞིན་ནམ་ཆོས་ཉིད་གཅིག་ལས་མེད་པས་འཁོར་འདས་མཉམ་པ་ཉིད་དོ། །དེ་ཡང་མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཅེས་གསུངས་སོ། །ཞེས་པ་འདི་ཡང་གོང་མཚུངས་རྒྱན།
    ཇི་ལྟར་སྤྲིན་དང་བྲལ་ཚེ་དྭངས་པའི་མཁར། །ཉི་ཟླ་སྐར་ཕྲེང་གཟུགས་བརྙན་སྣ་ཚོགས་བཀྲ །དེ་དག་མཁའ་ལས་གཞན་དུ་གནས་མིན་ཅིང༌། །འོད་ཟེར་མཐའ་ཡས་མཁའ་དང་དབྱེར་མེད་འཇུག །དེ་བཞིན་སྒྲིབ་པ་བྲལ་ཚེ་དག་པ་ཡི། །དབྱིངས་སུ་ཡེ་ཤེས་འཕྲིན་ལས་སྣ་ཚོགས་པ། །སྨོན་ལམ་གདུལ་བྱའི་དབང་གིས་དཔག་མེད་དག །ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པར་འཆར། །
    འོ་ན། ཆོས་ཀྱི་དབྱིངས་ལས་འཁོར་བའི་དོན་བྱེད་ཚུལ་ཇི་ལྟ་བུ་སྙམ་ན། ཇི་ལྟར་སྤྲིན་གྱི་ཚོགས་དང་ཡོངས་སུ་བྲལ་བའི་ཚེ་ན་གསལ་ཞིང་དྭངས་པའི་མཁའ་ལ། ཉི་ཟླ་སྐར་མའི་ཕྲེང་བའི་གཟུགས་བརྙན་སྣ་ཚོགས་པ་བཀྲ་བར་འགྱུར་ལ། དེ་དག་ནམ་མཁའ་དེ་ཉིད་ལས་གཞན་ཞིག་ཏུ་ལོགས་སུ་གནས་ཡོད་པ་མིན་ཅིང༌། དེ་དག་གི་འོད་ཟེར་མཐའ་ཡས་པ་ནི་ནམ་མཁའ་ཉིད་དང་དབྱེར་མེད་དུ་འཇུག་པ་ཉིད་དོ། དཔེ་དེ་བཞིན་དུ་ཡང་ཉོན་མོངས་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་ཕྲ་མོ་དང་བཅས་པ་ཡོངས་སུ་སྤངས་ཏེ་བྲལ་བའི་ཚེ་ན། རང་བཞིན་དག་པའི་ཆོས་ཀྱི་དབྱིངས་དེ་ཉིད་ལས་ཡེ་ཤེས་དང་འཕྲིན་ལས་ཉེར་བདུན་ནམ་སྣ་ཚོགས་པ་དག རྒྱལ་བ་དེ་དག་གི་ཐུགས་རྗེའི་སྨོན་ལམ་མཐའ་ཡས་པ་དང་གདུལ་བྱའི་ལས་ཚུལ་གྱི་ཁམས་དང་མོས་པའི་དབང་གིས་སྐུའི་སྤྲུལ་བ་དཔག་ཏུ་མེད་པ་དག རང་བཞིན་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པའམ་དེ་ལས་མ་འདས་པར་འཆར་བའམ་སྟོན་པར་འགྱུར་བའོ། །དེ་ཡང་མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པ་བཞིན་ནོ། །འདིའང་གོང་མཚུངས་རྒྱན།
    གང་ཞིག་ཁྱིམ་ནང་མུན་པ་ལོ་སྟོང་དུ། །བསགས་པའང་ཁྱིམ་བྲལ་སྐད་ཅིག་སྣང་བས་ཁྱབ། །མུན་པ་གར་ཡང་སོང་མིན་སྣང་བ་ནི། །བསྐྱེད་པ་མེད་ཀྱང་དེ་ལྟར་མཐོང་བར་འགྱུར། །མ་རིག་འཐིབས་པོ་བཅོམ་ཚེ་འཁོར་བ་ཡི། །འཁྲུལ་བ་ཀུན་བྲལ་ཡེ་ཤེས་སྣང་བ་རྒྱས། །འཁྲུལ་བ་འགག་མིན་ཡེ་ཤེས་འཐོབ་མེད་ཀྱང༌། །འཁོར་བ་མྱ་ངན་འདས་ཞེས་ཐ་སྙད་འཇུག །
    འོ་ན་སྒྲིབ་བྲལ་ཡེ་ཤེས་བརྙེས་པ་ཤིན་ཏུ་དཀའོ་སྙམ་པ་དང་དེ་ཡང་གོང་ནས་སྐྱེ་མེད་འགག་མེད་ཅེས་པ་དང་མི་འགལ་ལམ་སྙམ་ན། གང་ཞིག་གིས་ཁང་ཁྱིམ་ལྟ་བུར་མུན་པ་སྟུག་པོ་ལོ་སྟོང་ཕྲག་རིང་ལ་འཐིབ་ཏུ་བཅུག་ནས་བསགས་པའང༌། ནམ་ཞིག་ཁང་པ་ཞིག་ནས་ཁྱིམ་དང་བྲལ་བའི་ཚེ་སྐད་ཅིག་དེ་ཉིད་ལ་འོད་སྣང་གིས་ཡོངས་སུ་ཁྱབ་པར་འགྱུར་ཞིང༌། དེའི་ཚེ་སྔར་གྱི་མུན་པ་དེ་གར་ཡང་སོང་བ་མིན་ལ་སྣང་བ་དེ་ཡང་གང་གིས་བསྐྱེད་པ་མེད་ཀྱང་སོང་བ་དང་འོང་བ་ལྟ་བུར་མཐོང༌། དཔེ་དེ་བཞིན་དུ་ཡང་ཐོག་མ་མེད་པ་ནས་བསགས་པའི་མ་རིག་པའི་མུན་པ་འཐིབས་པོ་དེ་ཡང་ཐབས་ཕུན་སུམ་ཚོགས་པ་དང་ལྡན་པའི་བདག་མེད་མངོན་སུམ་དུ་རྟོགས་པས་བཅོམ་པའི་རྣམ་མཁྱེན་སྐད་ཅིག་མའི་ཚེ་ན་འཁོར་བ་ཡི་བདག་འཛིན་འཁྲུལ་བ་ཀུན་ཡོངས་སུ་བྲལ་ཅིང་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་འགྱུར། དེ་ཡང་མངོན་རྟོགས་རྒྱན་ལས། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པ་ཡི། །དེ་ཉིད་སྐད་ཅིག་གཅིག་གིས་མཐོང༌། །ཞེས་གསུངས་སོ། །དེ་ཡང་སྔར་གྱི་བློ་འཁྲུལ་བ་དེ་འགག་ནས་གང་ཞིག་ཏུ་ལུས་པའམ་སོང་བ་མིན་ལ་སྔར་མེད་པའི་ཡེ་ཤེས་ཤིག་གཞན་ནས་འོངས་ཏེ་གསར་དུ་ཐོབ་པའང་མེད་ཀྱང༌། བློ་འཁྲུལ་བའི་གནས་སྐབས་སུ་འཁོར་བ་དང་ཡོངས་སུ་དག་པའི་ཚེ་ན་མྱ་ངན་ལས་འདས་པ་ཞེས་པའི་ཐ་སྙད་འཇུག་པ་མི་འགལ་ལོ། །འདི་ནི་ཤིན་ཏུ་རིང་བའི་ངག་དོན་ཟླ་བོ་དངོས་དཔེ་སྟེ། ཚིགས་བཅད་སྔ་མ་དཔེ་དང་ཕྱི་མ་དཔེ་ཅན། འདི་ལ་མཚུངས་སྒྲ་མེད་པར་ཚིག་འགྲོས་གོང་འོག་མཐུན་པས་སོ། །
    གང་ཞིག་རྩྭ་ཡི་ཞགས་པ་དུག་སྦྲུལ་སྣང༌། །དེ་ལ་སྐྲག་པས་འབྲོས་བརྩོན་ངལ་བ་ཐོབ། །དྲུང་དུ་ཕྱིན་ཚེ་དེ་ཉིད་ཤེས་པས་གྲོལ། །སྦྲུལ་ཞིག་ཕྱི་ནས་ཞགས་པར་གྱུར་པ་མིན། །སེམས་ཀྱི་ཉོན་མོངས་རྟོག་པར་རབ་སྣང་བ། །སྤོང་བར་བརྩོན་པས་རྣམ་གྲོལ་འགྱུར་མིན་ཏེ། །རང་གི་མཚན་ཉིད་ཤེས་པས་ཡོངས་སུ་གྲོལ། །སྔོན་ཆད་མ་དག་ཕྱི་ནས་དག་པའང་མིན། །
    འོ་ན་དེ་ལས་ཇི་ལྟར་གྲོལ་བར་བྱ་སྙམ་ན། སྐྱེ་བོ་གང་ཞིག་གིས་རྒྱང་ནས་རྩྭ་ཡི་ཞགས་པ་དུམ་བུ་ཞིག་མཐོང་ནས་དུག་སྦྲུལ་དུ་སྣང་ནས། དེ་ལ་སྐྲག་པས་འབྲོས་པར་བརྩོན་པས་རང་ཉིད་ངལ་བའི་འབྲས་བུ་ལས་གཞན་མི་འཐོབ་ལ་ད་དུང་དེ་མི་འོང་ངམ་སྙམ་པའི་འཇིགས་པ་ཡོད། དེའི་དྲུང་ངམ་ཉེ་སར་ཕྱིན་ཏེ་གསལ་བར་བལྟས་པའི་ཚེ་ན་དེ་ཉིད་ཞགས་པ་ཡིན་པར་ཤེས་པས་འཇིགས་པ་ལས་ཡོངས་སུ་གྲོལ་བར་འགྱུར། དེ་ནི་དང་པོ་སྦྲུལ་ཡིན་པ་ཞིག་ནས་ཕྱིས་སུ་ཞགས་པར་གྱུར་བ་མིན་པའང་ཤེས་སོ། །དཔེ་དེ་བཞིན་དུ་ཡང༌། སེམས་ནི་ཉོན་མོངས་དང་རྣམ་རྟོག་གིས་གོས་པས་སེམས་བྱུང་འདི་དང་འདི་དག་ནི་ཉོན་མོངས་སོ་ཞེས་རབ་ཏུ་སྣང་བའམ་ངོས་ཟིན་ནས་དེ་དག་འགོག་པའམ་སྤོང་བར་བརྩོན་པས་ལས་ཉོན་ལས་རྣམ་པར་གྲོལ་བར་འགྱུར་བ་མིན་ཏེ། དེ་དག་འབྱུང་སའི་གཞི་རྩ་སེམས་རང་གི་ངོ་བོ་ནམ་མཁའི་མཚན་ཉིད་ཅན་དེ་ཡང་དག་པར་ངོ་འཕྲོད་དེ་ཤེས་པས་སྒྲིབ་པ་ཀུན་ལས་ཡོངས་སུ་གྲོལ་བར་འགྱུར། དེ་ཡང་སྔོན་ཆད་དམ་ཐོག་མ་ནས་སེམས་ཀྱི་རང་བཞིན་མ་དག་པ་དེ་ཕྱི་ནས་རང་བཞིན་དག་པར་གྱུར་བ་དེ་འདྲའང་མིན། དེ་ཡང༌། ཀུན་བྱེད་ལས། རྟོགས་པས་རང་སར་གྲོལ་བའི་ལྟ་བ་ལ། །མ་ཡེངས་རང་བཞིན་བཞག་པས་བྱ་རྩོལ་མེད། །ཀུན་ཀྱང་རང་བྱུང་རང་སར་གྲོལ་བ་ཡིན། །ཞེས་གསུངས་པ་བཞིན་ཉམས་སུ་ལེན་དགོས་པའོ། །འདི་ཡང་གོང་མཚུངས་རྒྱན།
    སྐྱེས་བུ་སྐོམ་པ་གང་ཞིག་སྨིག་རྒྱུའི་ཆུ། །འཐུང་འདོད་རྗེས་བསྙེགས་ལྷག་པར་གདུང་བ་འཕེལ། །དེ་ནི་བཏུང་བྱ་མ་ཡིན་མཁས་པ་རྣམས། །དོན་དུ་མི་གཉེར་ངལ་བ་སྤངས་ཏེ་གནས། །འདི་ནི་ཐར་པའམ་མྱ་ངན་འདས་པའོ་ཞེས། །གང་ཞིག་འཐོབ་འདོད་རྟག་ཏུ་སྲེད་པ་འཕེལ། །ཐོབ་པར་བྱ་མེད་མངོན་པར་རྟོགས་པའང་མེད། །དེ་ལྟར་ཤེས་པས་མྱ་ངན་འདས་ཞེས་བྱ།།
    ཡང༌། དེས་ན་ཐར་པ་དང་མྱང་འདས་ལ་དགའ་བས་ཆགས་པར་བྱ་འོས་སམ་སྙམ་ན། སྐྱེས་བུ་རབ་ཏུ་སྐོམ་པ་གང་ཞིག་སྨིག་རྒྱུའི་ཆུ་འཐུང་འདོད་ཀྱིས་དེའི་རྗེས་བསྙེགས་པས་དེར་སླེབས་པ་མེད་པར་རང་ཉིད་ལྷག་པར་གདུང་བ་འཕེལ་བར་བྱེད་པའི་སྨིག་རྒྱུ་དེ་ནི་ཆུར་སྣང་བ་ཙམ་ལས་བཏུང་བྱ་དངོས་མ་ཡིན་པས་དེ་ཚུལ་ཤེས་པའི་མཁས་པ་རྣམས་ནི་དེ་དོན་དུ་མི་གཉེར་བར་ངལ་བ་སྤངས་ཏེ་བདེ་བར་གནས་སོ། །དཔེ་དེ་བཞིན་དུ། འདི་ནི་ཐར་པའམ་མྱ་ངན་ལས་འདས་པའོ་ཞེས་སྙམ་ན། འབྲས་བུ་གང་ཞིག་འཐོབ་པར་འདོད་པ་ལ་རྟག་ཏུ་སྲེད་པ་རབ་ཏུ་འཕེལ་བས་ན་དེ་ཡང་སྒྲིབ་པའོ། །དེ་བས་ན་ཐར་པ་དང་མྱང་འདས་ཀྱང་རྟེན་ཅིང་འབྲེལ་བའི་འབྲས་བུ་ལས་རང་བཞིན་གྱིས་སྟོང་པས་འཐོབ་པར་བྱ་བ་མེད་ལ་ཐོབ་པར་བསམས་པའི་མངོན་པར་རྟོགས་པའང་མེད། ཚུལ་དེ་ལྟར་ཤེས་པས་ན་མྱ་ངན་ལས་འདས་པ་ཞེས་བྱའོ། །འདི་ཡང་གོང་མཚུངས་རྒྱན།
    གཉིད་སོང་རྨི་ལམ་བདེ་སྡུག་སྣ་ཚོགས་དག །མྱོང་ཡང་མ་གྲུབ་སད་ཚེ་དེ་ལྟར་ཤེས། །འཇིག་རྟེན་འཁྲུལ་བའི་སྣང་བ་སྣ་ཚོགས་པ། །སྣང་བཞིན་མ་གྲུབ་འཕགས་པས་ཡང་དག་རྟོགས།།
    སླར་ཡང་རྨི་ལམ་དང་སྒྱུ་མ། ཆུ་ཀླུང་སོགས་ཀྱིས་ཀྱང་གོང་གི་དོན་རྣམས་གསལ་བར་བྱས་པ་ནི། དཔེར་ན་གཉིད་ཁུག་ནས་རྨི་ལམ་ནང་ལ་སྐབས་རེར་བདེ་དང་མཚམས་རེར་སྡུག་བསྔལ་སྣ་ཚོགས་པ་དག་མྱོང་ནས་དགའ་སྡུག་དུ་མ་ཞིག་སྐྱེས་ཀྱང་དེ་བདེན་པར་མ་གྲུབ་པའི་ཚུལ་ནི་གཉིད་ལས་སད་པའི་ཚེ་དེ་ལྟར་ཤེས་ཀྱི་གཉིད་བཞིན་དུ་ཤེས་དཀའ། འཇིག་རྟེན་འཁོར་བའི་འཁྲུལ་བའི་བདེ་སྡུག་གི་སྣང་བ་སྣ་ཚོགས་པ་འདི་ཡང་དཔེ་དེ་ལས་མ་འདས་མོད། དེ་རང་བཞིན་གྱིས་སྣང་བ་ལྟར་མ་གྲུབ་པའི་ཆོས་ཉིད་མཐར་ཐུག་པ་ནི་འཕགས་པའི་མཉམ་བཞག་གམ་སངས་རྒྱས་ཀྱིས་ཡང་དག་པར་རྟོགས་པ་ལས་སོ་སོ་སྐྱེ་བོས་ཇི་བཞིན་ཡང་དག་པར་མི་མཐོང་ཞེས་སོ། །འདི་ནི་ཟླ་བོ་དངོས་དཔེ།
    སྒྱུ་མ་མཁས་པས་སྒྱུ་མའི་དངོས་མེད་པར། །ཤེས་བཞིན་སྒྱུ་མ་སྣ་ཚོགས་རང་དགར་སྤྲུལ། །འཕགས་རྣམས་གནས་གཞན་གྱུར་པའི་ཡེ་ཤེས་ཀྱིས། །རྣམ་འཕྲུལ་མཐའ་ཡས་བདེན་གཉིས་དབྱེར་མེད་སྟོན། །
    ཡང་དཔེར་ན། སྒྱུ་མ་མཁན་མཁས་པས་སྒྱུ་མས་བྱས་པའི་དངོས་པོ་ངོ་མ་མེད་པར་ཤེས་བཞིན་པའི་ངང་ནས་གཞན་གྱི་སྣང་ངོར་སྒྱུ་མའི་སྐྱེས་བུ་སོགས་སྣ་ཚོགས་རང་དགར་དུ་སྤྲུལ་བར་བྱེད་པ་བཞིན་དུ། འཕགས་པ་སངས་རྒྱས་རྣམས་ནས་ཀྱང་འཁོར་བ་ལས་གནས་གཞན་མྱ་ངན་ལས་འདས་པར་གྱུར་པའི་ཡེ་ཤེས་ཀྱིས་ཀྱང༌། འགྲོ་བའི་དོན་དུ་རྣམ་འཕྲུལ་མཐའ་ཡས་པའི་མཛད་པ་དག་དོན་དམ་ཆོས་དབྱིངས་དང་ཀུན་རྫོབ་བདེན་པའི་ཚུལ་གཉིས་དབྱེར་མེད་རོ་གཅིག་ཏུ་སྟོན་པར་འགྱུར་རོ། །གོང་མཚུངས་རྒྱན།
    ས་སྟེང་ཆུ་ཀླུང་རྣམ་པ་ཐ་དད་པ། །རྒྱ་མཚོར་ཞུགས་ཚེ་དབྱེར་མེད་རོ་གཅིག་འགྱུར། །དད་དང་སྙིང་རྗེ་ཡོན་ཏན་དཔག་མེད་ཚོགས། །དབྱིངས་སུ་རོ་གཅིག་རྟོགས་པ་གཅིག་གིས་གྲོལ། །
    ཡང་དཔེར་ན། ས་སྟེང་གི་ཆུ་ཀླུང་རྣམ་པ་ཐ་དད་པ་གྲངས་མེད་དེ་ཀུན་ཀྱང་རྒྱ་མཚོར་ཞུགས་པའི་ཚེ་སོ་སོར་དབྱེར་མེད་ལ་ལན་ཚའི་རོ་གཅིག་ཏུ་འགྱུར་བ་བཞིན། དད་པ་དང་སྙིང་རྗེ་སོགས་དགེ་བའི་རྩ་བར་གྱུར་པའི་ཡོན་ཏན་དཔག་མེད་ཕུན་སུམ་ཚོགས་པ་དག་ཀྱང་ཆོས་ཀྱི་དབྱིངས་སུ་གཉིས་མེད་རོ་གཅིག་པ་བདག་མེད་ཀྱི་རྟོགས་པ་གཅིག་གིས་གྲོལ་བར་འགྱུར་རོ། །གོང་མཚུངས་རྒྱན།
    འདི་ལ་བདག་མེད་སྲོག་དང་གང་ཟག་མེད། །བྱེད་པོ་ཡོད་མིན་བཅིངས་དང་གྲོལ་བ་མེད། །འབྲས་བུ་དང་ནི་རྒྱུ་མེད་སྟོང་ཉིད་ཀྱི། །རྒྱུ་རྐྱེན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །སྲིད་དང་མྱ་ངན་འདས་ཞེས་ཐ་སྙད་ཙམ། །དེ་ལ་བླང་དོར་དགག་སྒྲུབ་ག་ལ་ཡོད། །གདོད་ནས་དག་པ་ནམ་མཁའི་མཚན་ཉིད་དེ། །ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས། །
    དེ་ལྟའི་ཆོས་ཀྱི་དབྱིངས་འདི་ལ། གང་ཟག་གི་བདག་མེད་ཅིང་སྐྱེས་བུའི་སྲོག་དང་གང་ཟག་རང་ཡང་མེད། བྱ་བ་བྱེད་པ་པོ་ཡོད་པ་མིན་ལ་ཉོན་མོངས་སོགས་ཀྱིས་བཅིངས་པ་དང་དེ་ལས་གྲོལ་བའི་ཐ་སྙད་ཀྱང་མེད་དོ། །དེ་བཞིན་དུ་བྱས་པའི་འབྲས་བུ་དང་སྐྱེད་བྱེད་རྒྱུ་ཡང་མེད་པར་རང་བཞིན་སྟོང་པ་ཉིད་དུ་གྲུབ་ཀྱང༌། རྒྱུ་དང་རྐྱེན་ཚོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡི་སྒོ་ནས་གྲུབ་པའི་ཀུན་རྫོབ་ཀྱི་ཆོས་འདི་ལ་སྲིད་པ་འཁོར་བ་དང༌། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །ཅེས་དབུ་མ་རྩ་ཤེས་ལས་གསུངས་པ་ལྟར་འཁོར་བ་ལས་ཐར་བའམ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ལ་མྱ་ངན་ལས་འདས་པ་ཞེས་པའི་ཐ་སྙད་བཏགས་པ་བ་ཙམ་ལས་འཁོར་འདས་གཉིས་རང་བཞིན་གྱིས་སྟོང་ཚུལ་གཅིག་གོ །དེ་བས་ན་དེ་ལ་དོན་དམ་པར་བླང་དོར་དང་དགག་སྒྲུབ་བྱེད་སའི་གཞི་ཡང་ག་ལ་ཡོད་དེ་མེད་ལ། དེའི་ངོ་བོ་ནི་གདོད་མ་ཡེ་ནས་དག་པ་སྐྱེ་མེད་སོགས་ནམ་མཁའི་མཚན་ཉིད་ཅན་དེ། ཆོས་རྣམས་ཐམས་ཅད་ཀྱང་ཚུལ་དེ་ལྟར་ཁོ་ནས་ཤེས་པར་གྱིས་ཤིག ཅེས་པ་ནི་ཆོས་དཔེ་སྟེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་མཚན་ཉིད་ཇི་ལྟར་མཚུངས་ཚུལ་བསྟན་པའོ། །

ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན།

    ཆོས་ཀྱི་རྣམ་གྲངས་འདི་དག་བསྟན་པ་ན་གཞོན་ནུ་དེ་དག་བདེན་པ་རྣམས་ལ་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་བླ་ན་མེད་པའི་ཡེ་ཤེསཀྱི་མིག་ཐུར་གྱིས་ཆོས་དང་གང་ཟག་ལ་བདག་ཏུ་ལྟ་བའི་ལིང་ཏོག་རབ་ཏུ་བྲལ་ནས་ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་ཤེས་པ་དྭངས་ཤིང་རབ་རིབ་མེད་ལ་གསལ་བ་ཐོབ་སྟེ།༡ ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པས། འཇིག་རྟེན་ལས་ཡང་དག་པར་འདས་པ་འཕགས་པའི་ས་རབ་ཏུ་དགའ་བ་མངོན་སུམ་དུ་ཐོབ་པར་གྱུར་ཏོ། །
    ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་ཀྱི་རྣམ་གྲངས་འདི་དག་བསྟན་པས་གཞོན་ནུ་དེ་དག་ལ་མཐོང་ལམ་བར་ཆད་མེད་ལམ་དང༌། མཐོང་ལམ་རྣམ་གྲོལ་ལམ་གྱི་རྟོགས་པ་རྒྱུད་ལ་འཁྲུངས་ཚུལ་ཏེ་གཞུང་ཆེན་མོ་དག་ལ་མཇལ་བར་ཞུའོ། །༡ ངག་དོན་གཟུགས་ཅན།
    ཡ་མཚན་མང་པོའི་སྐྱེས་འདྲ་བའི། །བསྟན་པ་རིན་ཆེན་དེ་ཐོབ་ནས། །སྲིད་པའི་སྡུག་བསྔལ་ཐམས་ཅད་བཏང༌། །བདེ་བ་ཐམས་ཅད་ཡང་དག་རྫོགས། །༡
    གཞོན་ནུ་དག་གིས་དགེ་བའི་བཤེས་གཉེན་ལས་སྔར་ཐོས་མྱོང་མེད་པའི་ཡ་མཚར་དོན་དམ་བདེན་པའི་ཆོས་ཀྱི་རྣམ་གྲངས་དེ་དག་ཐོབ་ནས་འཁོར་བའི་སྡུག་བསྔལ་སྐྱེད་བྱེད་ཀྱྀ་བྱ་བ་ཚང་མ་བློས་བཏང་ཞིང༌། བདེ་དགའ་གསར་བ་ཇི་སྙེད་ཅིག་ཐོབ་པར་གྱུར་པ་ཡིན་ཏེ། སོར་ཕྲེང་གི་མདོར། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པ་མཆོག་རྣམས་དང༌། ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །ཅེས་པ་ཡིན་ནམ། རྐང་པ་ཐོག་མ་གཉིས་དཔེ་གཟུགས། ལྷག་མ་ཡོན་ཏན་རང་བཞིན་བརྗོད་པའོ། །
    རྟག་ཏུ་འགྲོགས་ལས་མ་རྙེད་པའི། །དབུལ་པོའི་ཁྱིམ་གྱི་གཏེར་མཐོང་ལྟར། །རང་གི་བདག་ཉིད་ཡེ་ཤེས་ནི། །བླ་མའི་བྱིན་རླབས་མིག་གིས་མཐོང༌། །༢
    རྟག་ཏུ་རང་དང་འགྲོགས་པའི་སེམས་ཀྱི་གཤིས་སམ་རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱི་བདག་ཉིད་དམ་སངས་རྒྱས་ཀྱི་རང་བཞིན་དེ་ནི་བླ་མར་མོས་གུས་ཀྱིས་བསྟེན་པའི་བྱིན་རླབས་ལས་ངོ་འཕྲོད་པ་སྟེ་ལ་ལས་ཤེས་མོད་ཀྱི་མཐོང་བར་མི་འགྱུར་བ་དང༌། ལ་ལས་ནི་ཤེས་ལ་ཅུང་ཟད་མཐོང་བ་སྟེ་སེམས་དཔའ་ས་བཅུ་པ་ཐོབ་པའོ། །ཞེས་པའི་དོན་ཡིན་ནམ་ཅི།
    དེ་ཡང་ཚིགས་བཅད་འདིའི་དོན་ཇི་བཞིན་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོར་ཇི་སྐད་གསུངས་པ་ལྟར་ན། དཔེར་ན་དབུལ་པོ་ཞིག་གི་ཁྱིམ་གྱི་ནང་གི་མཛོད་ཀྱི་འོག་གི་ས་ལ་གཏེར་ཆེན་པོ་དབྱིག་དང་གསེར་གྱིས་གང་བ་མཛོད་ཀྱི་ཚད་ཙམ་ཞིག་མི་བདུན་གྱི་སྲིད་ཀྱིས་ས་གཡོགས་པའི་འོག་ན་ཡོད་ལ། གཏེར་ཆེན་པོ་དེས་མི་དབུལ་པོ་དེ་ལ་འདི་སྐད་དུ། ཀྱེ་མི་ང་ནི་གཏེར་ཆེན་པོ་སྟེ་སས་གཡོགས་ཤིང་འདུག་གོ་ཞེས་མི་སྨྲ་སྟེ། འདི་ལྟ་སྟེ་གཏེར་ཆེན་པོ་ནི་སེམས་ཀྱི་ངོ་བོ་ཉིད་ཀྱིས་སེམས་ཅན་མ་ཡིན་པའོ། །མི་དབུལ་པོ་ཁྱིམ་གྱི་བདག་པོ་དེ་ནི་དབུལ་བའི་སེམས་ཀྱིས་རྗེས་སུ་སེམས་ཤིང་དེ་ཉིད་ཀྱི་སྟེང་ན་རྣམ་པར་རྒྱུ་ཡང༌། སའི་འོག་ན་གཏེར་ཆེན་པོ་ཡོད་པ་དེ་མ་ཐོས་མི་ཤེས་མ་མཐོང་ངོ༌། །རིགས་ཀྱི་བུ་དག་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་མངོན་པར་ཞེན་པའི་ཡིད་ལ་བྱེད་པ་ཁྱིམ་ལྟ་བུར་གྱུར་པའི་འོག་ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོབས་དང་མི་འཇིགས་པ་དང་མ་འདྲེས་པ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ཀྱི་གཏེར་ཆེན་པོ་ཡོད་ཀྱང་སེམས་ཅན་དེ་དག་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་ལ་ཆགས་པས་སྡུག་བསྔལ་བས་འཁོར་བ་ན་འཁོར་ཏེ། ཆོས་ཀྱི་གཏེར་ཆེན་པོ་དེ་མ་ཐོས་པས་ཐོབ་པར་མ་གྱུར་ཅིང་ཡོངས་སུ་སྦྱང་བའི་ཕྱིར་བརྩོན་པར་ཡང་མི་བྱེད་དོ། །རིགས་ཀྱི་བུ་དག་དེ་ནས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ། བྱང་ཆུབ་སེམས་དཔའི་ནང་དུ་འདི་ལྟ་བུའི་ཆོས་ཀྱི་གཏེར་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་དག་ཀྱང་ཆོས་ཀྱི་གཏེར་ཆེན་པོ་དེ་ལ་མོས་ནས་རྐོ་སྟེ་དེའི་ཕྱིར་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་བྱ་སྟེ། ཆོས་ཀྱི་གཏེར་ཆེན་པོ་ལྟ་བུར་གྱུར་ནས་སེམས་ཅན་རྣམས་ལ་སྔོན་མ་བྱུང་བའི་གཏན་ཚིགས་ཀྱི་རྣམ་པ་དང་དཔེ་དང་བྱེད་པའི་གཏན་ཚིགས་དང་བྱ་བ་རྣམས་སྟོན་པ་གཏེར་ཆེན་པོའི་མཛོད་ཀྱི་སྦྱིན་བདག་ཆགས་པ་མེད་པའི་སྤོབས་པ་དང་ལྡན་ཞིང་སྟོབས་དང་མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མང་པོའི་མཛོད་དུ་གྱུར་པ་ཡིན་ནོ། །ཞེས་གསུངས་པའི་དོན་དང་སྦྱར་ནས་གོ་བར་བྱའོ། །
    ཐར་པའི་སྒོ་ནི་རབ་ཕྱེ་སྟེ། །ངན་འགྲོར་གཞོལ་བའི་ཐེམ་སྐས་བཤིག །མྱ་ངན་གདུང་བའི་ཆུ་རྒྱུན་བཅད། །མིག་ལ་མཆི་མའི་རྒྱ་མཚོ་བསྐམས། །༣
    གཞོན་ནུ་ལ་ལ་ཞིག་ཐར་བའི་ལམ་དུ་ཞུགས་ཏེ། སླར་ངན་འགྲོར་སྐྱེ་བའི་ལམ་བཀག་ཅིང་སྡུག་བསྔལ་སྤངས་པའི་འབྲས་བུ་ཐོབ་ཅེས་པའི་དོན། ངག་དོན་གཟུགས་ཅན།
    གོས་ཀྱིས་ཕྱིས་ལྟར་རྡུལ་བྲལ་ཞིང༌། །འདམ་ལས་བརྒལ་བཞིན་ངལ་བསོ་བརྟེན། །འཚོ་བ་ཐོབ་བཞིན་དབུགས་འབྱིན་རྙེད། །བདུད་རྩིས་བྲན་བཞིན་ཚིམ་པར་གྱུར། །༤
    གཞོན་ནུ་ལ་ལ་ཞིག་བག་ཆགས་མཐུག་པོའི་དྲི་མ་ཡོངས་སུ་དག་ཅིང་ཁམས་གསུམ་འཁོར་བ་ལས་ཐར་བས་ཡིད་ལ་ངལ་གསོ་ཐོབ་ཅིང་བདེ་དགས་ཁྱབ་ནས་འདོད་པ་ཡོངས་སུ་ཚིམ་ཞེས་པའི་དོན། འཚོ་བ་ཐོབ་སོགས་ནི་སུ་ཞིག་བཀྲེས་ལྟོགས་སམ་དགྲ་བོའི་གནོད་པ་ལས་ཐར་ཏེ་སླར་ཡང་སྲོག་འཚོ་བའི་སྐལ་བཟང་ཐོབ་པ་ལྟ་བུའི་དགའ་བདེ་ལ་གོ་དགོས། འདི་ནི་ངག་དོན་དུ་མའི་དཔེ་སྟེ། བཞིན་སྒྲ་དུ་མའི་ངག་དོན་དང་མི་འདྲ་བར་ངག་དོན་མི་འདྲ་བ་དུ་མ་དང་ལྡན་པའོ། །
    ཤེལ་བས་རབ་ཏུ་དྭངས་པ་དང༌། །ནོར་བུ་བས་ཀྱང་ཡོན་ཏན་རྒྱས། །ཧ་རི་ཙན་དན་བས་ཀྱང་བསིལ། །ནམ་མཁའ་བས་ཀྱང་དྲི་མེད་ཐོབ། །༥
    གཞོན་ནུ་ལ་ལ་ཞིག་ལ་ཤེས་རབ་རབ་ཏུ་དྭངས་པ་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་རྟོགས་པའི་ཡོན་ཏན་མང་པོ་དང༌། ཉེ་བར་ཞི་བའི་བདེ་བ་དང༌། དྲི་མེད་ཡེ་ཤེས་རྒྱས་པ་ཞེས་པའི་དོན་མིན་ནམ་སྙམ། འདི་དཔེ་ཅན་ལྷག་པའི་སྡུར་དཔེའོ། །
    བརྒལ་དཀའ་རབ་བརྒལ་རྙེད་དཀའ་རྣམས། །རྙེད་ལས་རབ་དགའ་རྒྱས་པ་དེ། །འདོད་པའི་བདེ་བ་མ་ལུས་པས། །ཆ་ཙམ་དོ་ཟླ་མིན་པར་གྱུར། །༦
    དེ་ལྟར་གཞོན་ནུ་དེ་དག་བརྒལ་དཀའ་བའི་ངན་སོང་གསུམ་དང༌། ཤིན་ཏུ་བརྒལ་དཀའི་ཁམས་གསུམ་འཁོར་བ་ལས་རབ་ཏུ་བརྒལ་ཞིང་རྙེད་དཀའ་བ་མངོན་མཐོ་དང༌། ཤིན་ཏུ་རྙེད་དཀའ་བ་ཐར་པའི་གོ་འཕང་ཐོབ་པའི་དགའ་བདེ་ཆེན་པོ་དེ་ལ། འདོད་པའི་ཁམས་ཀྱི་བདེ་བ་མ་ལུས་གཅིག་ཏུ་བསྡུས་ཀྱང་ཆ་ཤས་ཙམ་ལའང་འགྲན་མི་ཐུབ་ཅེས་པའི་དོན་སྟེ། འདི་ནི་སྡུར་བའི་རྒྱན་དུ་འཐད་དོ། །
    དེ་ཡི་གྲགས་པ་ཟླ་འོད་ལྟར། །དཀར་བས་ཕྱོགས་ཀུན་དང་བྱས་ཏེ། །ལག་པ་ཟུམ་པའི་ཅོད་པན་གྱིས། །ལྷར་བཅས་འཇིག་རྟེན་ཕྱག་འཚལ་བྱེད། །༧ རིན་ཆེན་སྤོས་སོགས་ཆར་བ་དང༌། །མེ་ཏོག་ཕྲེང་བ་རབ་ལྷུང་ཞིང༌། །མཁའ་ལས་ལྷ་ཡི་རྔ་རྣམས་ཀྱིས། །ཡ་མཚན་ཕྱོགས་སུ་སྒྲོག་པར་བྱེད། །༨ དེ་མཐོང་དགའ་བའི་སྤུ་ལོང་ལྟར། །རྦ་རླབས་གོས་རྒྱས་རི་བདུན་གྱི། །སྐ་རགས་མཛེས་ལྡན་ཆུ་ཡི་གཏེར། །སྔོ་སངས་གར་ལ་ཆགས་བཞིན་གཡོས། །༩ རིན་ཆེན་བཞི་ཡི་འོབས་ཀྱི་ནི། །རོལ་མཚོ་ཡོངས་སུ་འཁྲུགས་པ་ལས། །ལྷུན་པོ་གསེར་གྱི་ལྟེ་བ་ཅན། །ནོར་འཛིན་འཁོར་ལོ་རིང་ཞིག་འདར། །༡༠ ལྷ་ཡི་གཞལ་མེད་ཁང་རྒྱན་དག །སིལ་སིལ་ཁྲོལ་བྱས་ལྷུན་པོ་བསྐྱོད། །འཆི་མེད་དབང་བོས་མཆོད་པའི་ཕྱིར། བདུད་རྩིའི་རྒྱ་མཚོ་བསྐྲུན་འདོད་བཞིན། །༡༡ དགེ་སྡུག་རི་མོ་རྣམ་བཀྲ་བའི། །ལས་ཀྱི་གཞི་ལྟར་ཡངས་པའི་ས། །ལུས་ཅན་ཀུན་གྱི་བདེ་སྡུག་གི །གནས་སྐབས་བཞིན་དུ་མཐོ་དམན་གྱུར། །༡༢
    དོན་ཇི་བཞིན་པ་ནི། དེ་ལྟའི་གོ་འཕང་ཐོབ་པ་དེ་དག་གི་མཚན་སྙན་ཕྱོགས་ཀུན་ཁྱབ་པས་དགའ་བས་དད་པའི་ཐལ་མོ་སྦྱོར་གྱིན་ལྷ་དང་བཅས་པའི་འགྲོ་བ་དག་གིས་ཕྱག་འཚལ་བར་བྱེད་པ་དེའི་ཚེ་ན། ནམ་མཁའ་ནས་རིན་པོ་ཆེའི་རིགས་དང་དྲི་ཞིམ་པའི་སྤོས་སོགས་དང༌། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་ལྷུང་ཞིང༌། ལྷའི་རྔ་བོ་ཆེས་གཞོན་ནུ་དག་གི་ངོ་མཚར་ཡོན་ཏན་ཕྱོགས་སུ་སྒྲོག་པར་བྱེད། གསེར་རི་བདུན་གྱི་སྐ་རགས་ཅན་རླབས་ལྡན་སྔོ་བསངས་རྒྱ་མཚོ་ཆེན་པོའང་གཡོ་ཞིང་འཁྱོམ་པ་དང༌། རིན་ཆེན་སྣ་བཞིས་གྲུབ་པའི་འོབས་ཆེན་པོའི་རོལ་བའི་མཚོ་བདུན་པོའང་འཁྲུགས་པས་རི་རབ་ལྷུན་པོའི་ལྟེ་བ་ཅན་གྱི་ས་གཞི་ཆེན་པོ་འདི་ཡང་འདར་བར་གྱུར། དེའི་ཚེ་ན་རི་རབ་ཀྱི་རྩེ་མོའི་ལྷ་ཡི་གཞལ་མེད་ཁང་བཟང་ཡང་འགུལ་ནས་རིན་པོ་ཆེའི་རྒྱན་དག་སིལ་སིལ་སྒྲ་སྙན་འཁྲོལ་བར་གྱུར། ས་ཆེན་པོ་འདི་ཡང་ཤར་མཐོ་ལ་ནུབ་དམའ་བར་འགྱུར་བ་སོགས་རྣམ་པ་དྲུག་ཏུ་གཡོ་བའི་ལྟས་དག་བྱུང༌། ཞེས་འདིར་གཞོན་ནུ་དེ་དག་ལ་མཆོག་གི་གོ་འཕང་གང་དག་བརྙེས་པའི་མཐུས་ལྟས་བཟང་དུ་མ་བྱུང་ཚུལ་ལ་བསྔགས་པའོ། །
    རྒྱན་ནི། ༧ དཔེ་གཟུགས་སྤེལ་མ་སྟེ་གཉིས་ཀ་ངག་དོན་ནོ། །༨ རྨད་བྱུང་ཉམས། ༩ བརྟེན་པའི་རབ་སྤེལ་ཏེ། དངོས་དཔེ་དང་གཟུགས་ཅན། དེ་ཡང་རྟོག་པ་ཙམ་པོ་བ་བཅས་སོ། །༡༠ རྨད་བྱུང་ཉམས། ༡༡ རྟོག་པ་ཙམ་པོ་བ། ༡༢ རྐང་པ་དང་པོ་གཟུགས་ཅན། གཉིས་པ་ཆོས་དཔེ། ཧྲིལ་པོའི་ཆ་ནས་སླར་ཡང་ངག་དོན་དཔེ་སྟེ། དགེ་སྡིག་གི་ལས་ཤིན་ཏུ་རྒྱ་ཆེ་བས་སེམས་ཅན་ཀུན་ལ་བདེ་སྡུག་གི་གནས་སྐབས་མི་འདྲ་བ་ཆེན་པོ་འབྱུང་བ་དེ་བཞིན་དུ། ས་ཆེན་འདི་ཡང་ཕྱོགས་འགའ་མཐོ་ཞིང་ཕྱོགས་འགའ་དམའ་བར་གྱུར་ཅེས་པའི་དོན།

བླ་མའི་ཡོན་ཏན་ལ་བསྔགས་པ།

    དེ་ནས་ངང་པའི་རྒྱལ་པོ་བཞིན། །ཏཱ་ལ་བདུན་སྲིད་ནམ་མཁར་འཕགས། །དུ་མར་བསྐོར་ཞིང་རབ་བཏུད་ནས། །བསྟོད་དབྱངས་སྙན་སྤྲིན་སྤྲོ་བར་བརྩོན། །༡༣ གང་ཞིག་འགྲོ་རྣམས་ཡུན་རིང་གོམས་པའི་རྨོངས་པ་སྐད་ཅིག་ཉིད་ཀྱིས་འཕྲོག་བྱེད་ཅིང༌། །སྔོན་མེད་བདེ་བ་རབ་ཏུ་རྒྱས་པ་བདུད་རྩིའི་དགའ་སྟོན་གསར་དུ་སྦྱིན་པར་བྱེད། །ཐུབ་པར་དཀའ་བ་བདུད་ཀྱི་ལས་ནི་འཕྲལ་དུ་སྐྱེངས་པས་ཞུམ་ལ་རབ་བཀོད་དེ། །ཉམ་ཐག་སྐྱེ་བོ་སྡུག་བསྔལ་ལས་བསྒྲལ་བླ་མེད་ཆོས་ཀྱི་རྒྱལ་སྲིད་ཆེ་ལ་བཞག །༡༤ ཁྱོད་ནི་ཉི་མ་མིན་ཡང་གཅིག་པུས་འགྲོ་ལ་སྣང་བྱེད་རི་བོང་གཟུགས་ལྡན་པའི། །བསིལ་ཟེར་ཅན་མིན་ཀུན་དགའི་འོད་དཀར་ཕྱོགས་སུ་རབ་སྤྲོ་བུང་བའི་རྣ་རྒྱན་ནི། །ཉེ་བར་འཁོར་ལྡན་གཉིས་འཐུང་མིན་ཡང་ཉོན་མོངས་འདམ་བུའི་ཚལ་འཇོམས་རལ་པ་ཡི། །འཁྲི་ཤིང་གྱེན་དུ་འཕྱུར་བཅས་སེང་གེ་མིན་ཡང་ལྟ་ངན་རི་དྭགས་སྐྲག་པར་བྱེད། །༡༥ ས་ནི་སྐྱེ་འགྲོ་ཀུན་གྱི་ཁུར་ཆེན་འཛིན་བཟོད་དྲི་མེད་གང་གཱའི་ཆུ་རྒྱུན་ནི། །ཀུན་ཏུ་རྒྱུ་བས་མི་ངལ་ཆུ་འཛིན་ཆུ་ནི་མང་པོ་སྤྲོ་བས་སྐྱོ་བ་མེད། །དཔག་བསམ་ཤིང་ནི་འགྲོ་ལ་ཅི་འདོད་སྦྱིན་ལས་ལན་ཡང་རེ་བ་མེད་པ་སྟེ། །དེ་བཞིན་ཁྱོདཀྱང་རྟག་ཏུ་གཞན་ཕན་ལ་དགྱེས་ནམ་ཡང་གཡེལ་བ་ཡོད་མ་ཡིན། །༡༦ བློ་གྲོས་རབ་ཡངས་ཡོན་ཏན་འདབ་གཤོག་རྣམ་རྒྱས་མཁས་པའི་གཙུག་གིས་ལེགས་སྟེན་པས། །ཁྱོད་ནི་རྒྱུ་སྐར་ལམ་དང་མཁའ་ལྡིང་དབང་པོ་ཡང་ན་ནོར་བུའི་ཅོད་པན་མཚུངས། །ཉེས་པའི་གོ་སྐབས་མི་འབྱེད་གཡེང་བའི་རླུང་གིས་མི་བསྐྱོད་གདེངས་ཅན་བདག་པོ་ཡི། །དབང་གྱུར་མིན་སླད་ཀུན་ནས་མཚུངས་མིན་ཁྱོད་ནི་སྐྱོན་མེད་ཡོན་ཏན་རྒྱས་པ་ལགས། །༡༧ ཨུལ་ལྟར་ཡངས་སྤྱན་ནི་བློ་མིག་ལྡོང་ལ་ལམ་མཁན་ཡལ་འདབ་རབ་རྒྱས་པའི། །ཆུ་སྐྱེས་བཞིན་མཛེས་ཕྱག་གཉིས་གདུང་བས་ཉེན་པའི་འགྲོ་ལ་ཡོངས་སྐྱོབས་གྲིབ་བསིལ་གྱིས། །ལྗོན་པའི་ཆོས་མཚུངས་རྒྱ་མཚོ་ལྟར་ཟབ་ཐུགས་མཛོད་ཆོས་ཀྱིས་ཕོངས་ལ་བདུད་རྩིའི་གཏེར། །ཉི་གཞོན་ལྟ་བུར་དམར་བའི་ཞབས་སེན་དབང་པོར་བཅས་པའི་སྐྱེ་རྒུའི་ཅོད་པན་ཉིད། །༡༨ ཁྱོད་ནི་ཆགས་པ་ཀུན་དང་བྲལ་ཕྱིར་ཉམ་ཐག་འགྲོ་ལ་བུ་གཅིག་བཞིན་དུ་ཆགས། །འཁོར་བའི་འདམ་ལས་ཡོངས་སུ་བརྒལ་ནས་གཞན་གྱི་དོན་སླད་སྲིད་མཚོར་མངོན་པར་དགྱེས། །བདག་གི་བདེ་ལ་སྲེད་པ་བཏང་ནས་སྐྱེ་འགྲོའི་སྡུག་བསྔལ་མ་ལུས་དང་དུ་ལེན། །ཁྱོད་ཀྱི་ཡོན་ཏན་བརྗོད་བརྩོན་འགྲོ་འདིས་ཡོན་ཏན་མཐའ་ནི་ནམ་ཡང་རྟོགས་ནུས་མིན། །༡༩
    དོན་མདོར་དྲིལ་ན། དེ་ནས་གཞོན་ནུ་དེ་དག་ཤིང་ཏཱ་ལ་བདུན་གྱི་མཐོ་ཚད་ཀྱི་ནམ་མཁར་འཕགས་ཏེ་བླ་མ་ལ་སྐོར་བ་དུ་མས་གུས་པས་བཏུད་ཅིང༌། བཀའ་དྲིན་ཆེ་ཞུའི་བསྟོད་དབྱངས་ཀྱི་མཆོད་པ་ཕུལ་བ་འདི་ལྟར། གང་གིས་འགྲོ་བ་རྣམས་ཀྱི་འཁོར་བ་ཐོག་མ་མེད་ནས་གོམས་པའི་བདག་འཛིན་རྨོངས་པ་ཆེན་པོའང་སྐད་ཅིག་ལ་སེལ་ཞིང༌། ཐོབ་མྱོང་མེད་པའི་སྔོན་མེད་འཕགས་པའི་བདེ་བ་གསར་དུ་སྦྱིན། འདུལ་དཀའ་བདུད་ཀྱི་ལས་སྣ་ཚོགས་ཀྱང་འཕྲལ་དུ་བཅོམ་ནས་བདག་ཅག་ཉམ་ཐག་སྐྱེ་བོ་ཀུན་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་ཀྱི་གོ་འཕང་དམ་པར་བཀོད་དོ། །བླ་མ་ཁྱོད་ནི་དམ་ཆོས་སྣང་བས་ཐར་ལམ་སྟོན་མཁན། ཀུན་ལ་བརྩེ་བའི་བདག་ཉིད་ཅན། སྐྱེ་བོའི་ཉོན་མོངས་དང་ལྟ་ངན་འཇོམས་ཤིང༌། རྟག་ཏུ་གཞན་ཕན་ཁོ་ནར་དགྱེས་ཏེ་དུས་ལས་གཡེལ་མེད་འགྲོ་དོན་རྒྱ་ཆེན་མཛད། བློ་གྲོས་ཡངས་ལ་ཡོན་ཏན་རབ་རྒྱས་མཁས་པ་རྣམས་ཀྱང་གཙུག་གིས་ལེགས་བསྟེན་ཁྱོད་ནི་ནམ་ཡང་ཉེས་པ་ཕྲ་མོས་གོས་པའི་སྐབས་མེད། གཡེང་བ་ཙམ་ཡང་མེད་པ་སྐྱོན་མེད་ཡོན་ཏན་རྣམ་པར་རྒྱས་པ་ཉིད་དོ། །རྨོངས་པ་རྣམས་ཀྱི་ལམ་སྟོན། ཉམ་ཐག་འགྲོ་བ་སྐྱོབ་པའི་མགོན། ཐུགས་ཟབ་ཆོས་ཀྱི་རྒྱལ་པོ་ཆེན་པོ་གང་གི་ཞབས་སེན་ནི་ལྷར་བཅས་འགྲོ་བའི་གཙུག་རྒྱན་ཉིད། ཁྱོད་ཀྱི་ཐུགས་ནི་ཆགས་པ་ཀུན་དང་བྲལ་ཡང་འགྲོ་ལ་བརྩེ་བས་ཆེས་ཆེར་ཆགས་ཤིང༌། རང་ཉིད་འཁོར་བ་ལས་ཡོངས་སུ་ཐར་ཀྱང་འགྲོ་བའི་དོན་དུ་སྲིད་པའི་གནས་ལ་དགྱེས། རང་བདེའི་སྲེད་པ་རིང་ནས་སྤངས་ཀྱང་སྐྱེ་འགྲོའི་སྡུག་བསྔལ་མ་ལུས་དང་བས་ལེན། དེ་ལྟར་བདག་ཅག་འགྲོ་བ་ཀུན་གྱིས་ཁྱོད་ཀྱི་ཡོན་ཏན་བསྔགས་ལ་རྟག་ཏུ་བརྩོན་ཀྱང་ཕྱི་ནང་གསང་བའི་ཡོན་ཏན་མཐའ་ནི་ནམ་ཡང་རྟོགས་ནུས་མིན། ཞེས་པའོ། །
    རྒྱན་ནི། ༡༣ སྦྱར་བའི་ངག་དོན་དཔེ། ༡༤ ཡོན་ཏན་རང་བཞིན་བསྔགས་པ།
༡༥ ཆོས་ཅན་བཀག་ནས་ཆོས་མཚུངས་བརྗོད་པའི་དཔེ་ཞིག གཟུགས་ཅན་རེ་ཡང་འདྲེས་སོ། །༡༦ མང་པོའི་ངག་དོན་དཔེ། ༡༧དཔེ་རྒྱན་སྤེལ་མ་སྟེ། རིམ་ཅན་རྒྱུ་དཔེ་དང་རིམ་ཅན་ལྡོག་པའི་དཔེ་ངོ་མཚར་བ་ཞིག་གོ །རྩ་བ་ལྟར་ན་རིམ་ཅན་རྒྱན་དང་ལྡོག་པ་ཅན་རྒྱན། དཔེ་རྒྱན་དང་བཅས་པས་བརྟེན་པའི་རབ་སྤེལ་ཏུ་འཇོག་འོས་མོད། དེ་དག་ཡང་དཔེར་འགོད་སྟངས་ཀྱི་རྣམ་པ་ཙམ་ལས་རྒྱན་གཞན་དུ་གྱུར་བ་མིན་པས་ན་དཔེ་རྒྱན་སྤེལ་མར་འཐད་དོ། །༡༨ དཔེ་གཟུགས་སྤེལ་སྟེ། དེ་ཡང་རྐང་པ་དང་པོ་ནི་ཐོག་མར་དཔེ་དང་དེ་ནས་སླར་ཡང་གཟུགས་བཀོད། དེ་སླར་ཡང་ཁྱད་གཞི་ལ་ལྟོས་པའི་གཟུགས་སུ་བྱས་པ་ཞིག་དང༌། རྐང་པ་གཉིས་པ་ཐོག་མར་དཔེ་དང་དེ་ནས་སླར་ཡང་ཁྱད་གཞིར་ལྟོས་པའི་གཟུགས་སུ་བྱས། གསུམ་པར་དཔེ་གཉིས་དང་དེ་ནས་གོང་མཚུངས་གཟུགས་ཅན། བཞི་པ་ནི་གཉིས་པ་བཞིན་ནོ། །དེ་ལྟར་དཔེ་གཟུགས་སྤེལ་མ་ངོ་མཚར་ཞིག་གོ །༡༩ བརྟེན་པའི་རབ་སྤེལ་ཏེ། རིམ་བཞིན་དཔེ་དང༌། གཟུགས་ཅན་གཉིས། བྱ་བ་རང་བཞིན་བརྗོད་པ་དང༌། དེ་དག་ཡང་བྱ་བ་འགལ་བ་དང་བཅས་པའོ། །

འབྲས་བུ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཚུལ།

    དེ་ལྟར་དགའ་བ་མང་པོས་བསྟོད་ཅིང་མཆོད་པ་ཀུན་གྱིས་བཤེས་གཉེན་དམ་པ་མཆོད། །སྣ་ཚོགས་ཐབས་ཀྱིས་འགྲོ་རྣམས་སྲིད་དང་ཐར་བའི་བདེ་ལ་སྐྱོ་བ་མེད་པར་བཀོད། །ཇི་ལྟ་ཇི་ལྟར་བསོད་ནམས་མི་ཟད་གཏེར་གྱིས་རྒྱུད་ནི་ཡོངས་སུ་གང་གྱུར་པ། །དེ་ལྟ་དེ་ལྟར་ཟབ་མོའི་ཡེ་ཤེས་ཡར་ངོའི་ཟླ་ལྟར་མཆོག་ཏུ་ཡང་དག་འཕེལ། །༢༠ དེ་དག་མི་ཟད་ཡེ་ཤེས་མཆོག་ལ་མངའ་བརྙེས་ལུས་ནི་བྱ་བ་མང་པོར་མངོན་སྤྲུལ་སྐད་ཅིག་རེར་ཡང་ཕྱོགས་བཅུའི་ཞིང་མང་མཐའ་ཡས་རྣམས་སུ་བགྲོད། །མཆོད་སྤྲིན་རྒྱ་མཚོ་དུ་མས་རྒྱལ་བ་ཉི་མ་རྣམས་མཆོད་དེ་དག་གསུང་རབ་རྒྱ་མཚོ་ཡོངས་འཛིན་དཔག་མེད་ཆོས་ཀྱི་སྒོ་ལ་རང་དབང་ལྡན་པར་འཇུག །བདེ་འགྲོར་གནས་རྣམས་འདོད་ལ་མངོན་པར་སྐྱོ་བྱེད་ངན་འགྲོར་ལྷུངས་རྣམས་སྡུག་བསྔལ་ཉེ་བར་ཞི་བྱེད་སྐལ་བ་ཇི་བཞིན་ཐེག་གསུམ་ལམ་ལ་ཡོངས་སུ་འདྲེན། །དེ་ལྟར་བརྩོན་ལས་ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན་ཐོབ་རིམ་གྱིས་དྲི་མ་ཀུན་སྦྱངས་ཚོགས་གཉིས་རྫོགས་ནས་བླ་ན་མེད་པའི་བྱང་ཆུབ་མངོན་དུ་གྱུར། །༢༡
    ཚིག་དོན་གོ་བདེ་ཡང༌། བྱང་ཆུབ་སེམས་དཔས་རླབས་ཆེན་འགྲོ་དོན་མཛད་ཚུལ་དང་ཐུན་མིན་གྱི་ཡོན་ཏན་དག་ལ་མངའ་བརྙེས་ཚུལ་བརྗོད་པས་ནང་དོན་ཟབ་ཅིང་རྒྱ་ཆེ་བས་རྒྱས་པར་ཤེས་འདོད་ན་གཞུང་ཆེན་མོར་མཇལ་བར་ཞུའོ། །༢༠ སྟོབས་མཚུངས་རབ་སྤེལ་ཏེ། རང་བཞིན་བརྗོད་པ་དང་གཟུགས་ཅན་དཔེ་དང་བཅས་པའོ། །༢༡ རང་བཞིན་
བརྗོད་པ་དང་གཟུགས་ཅན་སྤེལ་མའོ། །

མཇུག་གི་དོན་བསྔོ་བ།

    དེ་ལྟར་བསོད་ནམས་ཡོངས་རྫོགས་ཟླ་བ་དག་གི་རི་མོ་འདི་ནི་བདག་གི་བློ་གྲོས་དགེ་བ་ཡི། །ཚོན་གྱིས་རབ་བརླན་ཀུན་རྟོག་པིར་གྱིས་ལེགས་བྲིས་ཀུན་དགའ་རབ་བསྐྱེད་བདུད་རྩི་ཉིད་དུ་བྱས་འདི་ནི། །ཇི་སྲིད་ཉི་མ་སྟོང་ཕྲག་ལྡན་ཞིང་ནོར་འཛིན་གཞི་ནི་ཆུ་གཏེར་གཡོ་བའི་གོས་དང་མ་བྲལ་ལ། །འཇིག་རྟེན་འདིར་ཡང་མཐར་བྱེད་རླུང་གིས་དུས་མཐར་མ་བྱས་དེ་སྲིད་དམ་པའི་གནས་སུ་སྤྱོད་གྱུར་ཅིག །༡
    དོན་ནི། དེ་ལྟར་རང་གཞན་གྱི་བསོད་ནམས་འཕེལ་བའི་གཞི་དམ་པའི་ཆོས་ཀྱི་ལམ་གསལ་བར་བྱས་པའི་རྟོགས་པ་བརྗོད་པ་འདི་ནི་སྙན་དངགས་པ་བདག་གི་བློ་གྲོས་དགེ་བའི་རང་བཞིན་ཅན་གྱིས་ཀུན་ནས་བསླངས་ཤིང་ཀུན་རྟོག་སྣ་ཚོགས་ཀྱིས་བཅོས་སྒྲིག་ལེགས་པར་བྱས་ཏེ་ཚུལ་འདིར་དོན་གཉེར་ཅན་གྱི་བློ་ལྡན་ཀུན་ལ་དགའ་བ་བསྐྱེད་ཕྱིར་བརྩམས་པ་འདི། ཇི་སྲིད་ཉི་མ་ས་གཞི་རྒྱ་མཚོ་བཅས་པའི་འཇིག་རྟེན་འདི་ཉིད་འཇིག་པར་མ་གྱུར་བ་དེ་སྲིད་དུ་སྐལ་ལྡན་དམ་པའི་གནས་རྣམས་སུ་སྤྱོད་པར་ཤོག ངག་དོན་གཟུགས་ཅན་གྱི་ཤིས་བརྗོད།
    སྤྲིན་རྣམས་དུས་སུ་ཆར་འབེབས་པ་ནི་ལོ་ཏོག་སྨིན་པ་སྦྱིན་ལ་ཡོངས་སུ་སྐྱོ་བ་མེད་པ་དང༌། །མི་སྲུན་གྱ་གྱུའི་སྦྱོར་བ་མཐའ་དག་རབ་ཞི་ལུས་ཅན་རྣམས་ནི་རྟག་ཏུ་ཆོས་ཀྱིས་འཚོ་དང་ལྡན། །ཕོངས་པའི་གདུང་བ་བཅོམ་སྟེ་ཅི་འདོད་བདེ་བ་བྱིན་ནས་ཐུབ་པའི་བསྟན་པ་དབང་གི་རྒྱལ་པོ་འདི། །སྐྱེ་འགྲོ་ཀུན་གྱི་སྤྱི་བོས་མཆོད་ཅིང་བརྟན་གཡོའི་འཇིག་རྟེན་དགེ་བ་རྣམས་ཀྱིས་རྟག་ཏུ་འབྱོར་གྱུར་ཅིག །༢
    ཆར་ཆུ་དུས་སུ་བབས་ནས་རྩི་ཤིང་ལོ་ཏོག་རྒྱས་པ་དང༌། མ་རུངས་སྐྱེ་བོའི་གཡོ་སྒྱུའི་བྱ་ངན་སྣ་ཚོགས་ཡོངས་སུ་ཞི་ཞིང༌། མི་རྣམས་རྟག་ཏུ་ཆོས་མཐུན་གྱི་འཚོ་བར་གནས་ཤིང༌། དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་རང་དབང་ཅི་འདོད་ཀྱི་བདེ་བ་ཐོབ་ནས། ཐུབ་པའི་བསྟན་པ་འདི་ཉིད་སྐྱེ་འགྲོ་ཀུན་གྱིས་མཆོད་ཅིང་བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན་འདི་ཀུན་རྟག་ཏུ་ཞི་བདེ་དགེ་བའི་དཔལ་ལ་ལོངས་སུ་སྤྱོད་པར་ཤོག ༢ ཆ་ཤས་ཅན་གཟུགས་ཀྱི་ཤིས་བརྗོད།
    ཡེ་ཤེས་དཀྱིལ་འཁོར་རྣམ་རྒྱས་རྟོགས་པའི་འོད་སྟོང་འཕྲོ་བས་མ་རིག་མུན་པ་སེལ། །ཤེས་བྱའི་མཁའ་ལ་རབ་མཛེས་རྣམ་དཔྱོད་ཚ་ཟེར་རྣོ་བས་ལོག་རྟོག་གངས་རི་འཇོམས། །གདུལ་བྱའི་པད་ཚལ་ལེགས་སྐྱོང་འཇིག་རྟེན་རྣམས་ནི་རྟག་ཏུ་ཉིན་མོར་བྱེད་པ་ཡིས། །སྐྱེ་འགྲོའི་ལམ་སྟོན་མཛད་པའི་ཤེས་རབ་ཉི་མ་དེ་ནི་ལྕེ་བརྒྱས་བསྔགས་པར་འོས། །༣
    ཡེ་ཤེས་རྣམ་པར་རྒྱས་པའི་རྟོགས་པའི་ཡོན་ཏན་གྱིས་མ་རིག་པ་ཐམས་ཅད་ཞི་ནས་ཤེས་བྱ་མཐའ་དག་ལ་རྣམ་པར་དཔྱོད་པའི་བློས་ལོག་པར་རྟོག་པ་ཀུན་བསལ་ནས་གདུལ་བྱ་རྣམས་ལེགས་པར་སྐྱོང་ནུས་པ། འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་ཐར་ལམ་གསལ་བར་བྱེད་པའི་ཤེས་རབ་ཉིད་ནི་བསྔགས་འོས་དམ་པའོ། །མཐའ་དག་གཟུགས་ཅན་ནམ་ངག་དོན་གཟུགས་ཅན་རྒྱན་ནོ། །
    དེ་ལྟར་འཇིག་རྟེན་ན་རྨོངས་པའི་མུན་པ་ནི་ཡེ་ཤེས་ཀྱི་ཉི་མས་ཀུན་ཏུ་འཕྲོག་པར་བྱེད་པ་ཉིད་དོ་ཞེས་ཤེས་རབ་རྨད་དུ་བྱུང་བ་བསྔགས་པ་དང༌། ཡང་དག་པའི་དགེ་བའི་བཤེས་གཉེན་གུས་པས་བསྟོད་ན་དེའི་དྲིན་ལས་ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་འགྱུར་རོ་ཞེས་དགེ་བའི་བཤེས་གཉེན་གྱི་ཆེ་བ་བརྗོད་པ་དང༌། འདི་ལྟར་གདམས་པའི་ཆོས་ནི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་དང་གླིང་དུ་གྱུར་པ་ཡིན་ནོ་ཞེས་ཀྱང་བྱའོ། ། རབ་ཏུ་བྱེད་པ་བདུན་པའོ།། །།
རབ་བྱེད་འདིའི་ནང་དོན་གནད་བསྡུས་ཏེ་གོ་སླའོ། །
    སྨྲས་པ།
    ར་རི་ལས་ཉོན་མཐུག་པོའི་རྡུལ་སྤྲིན་གྱིས། །ལ་ལུང་ཀུན་ཁྱབ་གཉུག་སེམས་ནམ་མཁའི་འོད། །
    ཤ་མ་སྒོ་ངའི་པགས་པས་བཏུམས་འདྲ་འདི། །ས་ལམ་རིམ་བགྲོད་མཐུ་ཡིས་བརྟོལ་གྱུར་ཅིག །

མཐའ་དཔྱོད།

    རྟོགས་བརྗོད་འདི་ཉིད་མཛད་པ་པོ་སུ་ཡིན་སྐོར་ལ་དོགས་པ་སྔར་ནས་ཡོད་པ་བཞིན་ད་དུང་ཐག་གཅོད་ཐུབ་མེད་ལ། ཐ་ན་འགྱུར་རྩོམ་དང་བོད་རང་གི་མཁས་པས་མཛད་པའི་གསར་རྩོམ་གང་ཡིན་ལའང་བརྡར་ཤ་གཅོད་དཀའ་བའི་ཚུལ་དུ་ལུས་ཡོད་པས། ཕྲན་གྱིས་རྟོགས་བརྗོད་རང་གི་ཁྱད་ཆོས་གཙོ་བོར་བྱས་ཏེ་གསར་རྩོམ་ཡིན་པར་འདོད་དོ། །
    ལ་ལས། འདི་ཉིད་འགྱུར་རྩོམ་ཡིན་ཏེ། རྩོམ་བྱང་ལ་སྐད་གཉིས་ཤན་སྦྱར་དང༌།
འགྱུར་ཕྱག་ལྟ་བུ་ཡང་ཡོད་པས་ཟེར་ན། དེ་ལ་ངེས་པ་མེད་པ་དེ། ས་སྐྱ་ལེགས་བཤད་དང༌། རྟོགས་བརྗོད་ཟླ་གཞོན་འཛུམ་པའི་ཕོན་པོ་སོགས་སོ། །དེ་ནི་དུས་སྔ་ཕྱིའི་ཁྱད་པར་གྱིས་བྱུང་ཚུལ་སོགས་ཟེར་ཡང་མི་འཐད་དེ། ས་པན་ལྟ་བུས་ཆེད་དུ་ལོ་ཙཱ་བའི་ལུགས་སྲོལ་ལས་འགལ་བར་ག་ལ་བྱེད། ཡང་འདི་འགྱུར་ཕྱག་ཡིན་ཏེ་རྟོགས་བརྗོད་འདི་ཉིད་འདུལ་བའི་སྤྱོད་ཚུལ་གཙོ་བོར་བསྟན་ཚུལ་ཟེར་ཡང་མི་འཐད་དེ། འདིའི་རབ་བྱེད་རེ་རེ་ནས་ཕར་ཕྱིན་རེ་རེའི་དོན་བསྟན་པས་བསླབ་པ་གསུམ་ལས་གཅིག་གཙོ་བོར་དགར་དགོས་དོན་མེད་པས་སོ།།
    ཡང༌། སྤྱི་ཚོགས་ཀྱི་ཁོར་ཡུག་དང་མི་རིགས་སོགས་ལ་རྒྱ་གར་བའི་ཁྱད་ཆོས་འདུག་པས་ཟེར་ན། དེར་ཡང་ངེས་པ་མེད་དེ། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལྟ་བུའོ། །སྤྱིར་བོད་ཀྱི་མཁས་པ་སྔོན་མ་དག་གིས་གཞུང་མེ་ལོང་མ་སྦྱངས་པ་དང་ལྷན་དུ་སྙན་དངགས་ཀྱི་ལྟ་ཀློག་དེབ་ཡང་འགྱུར་རྩོམ་རིགས་ཡིན་པས་ལད་ཟློས་ཀྱི་སྐྱོན་ཆེ་བ་ནི་ཀུན་གྱིས་མཐོང་ཐུབ་བོ།།
    འགྱུར་རྩོམ་མིན་པའི་བདེན་དཔང་དང་པོ་ནི། རྟོགས་བརྗོད་ཀྱི་རྗོད་བྱེད་ཚིག་གི་སྡེབ་སྦྱོར་ཧ་ཅང་འཚམ་པས་ཀློག་བདེ་གོ་བདེ་བ་མ་ཟད་དོན་སྟོན་གྱི་ཉམས་འགྱུར་ཡང་ཧ་ཅང་བཟང་པ་འདི་འདྲ་འགྱུར་རྩོམ་གཞན་གང་ལ་ཡང་མེད་པ་ནི་ཉམས་མྱོང་ཅན་ཚོས་རྟོགས་སླ།
    དཔང་རྟགས་གཉིས་པ་ནི་མཇུག་ཏུ་འགྱུར་བྱང་མེད་པ་དེ་ཡིན།     ལ་ལས་རྒྱལ་བའི་སྡེས་མཛད་ཅེས་དང༌། ལ་ལས་མཚན་གཞན་ཨུ་མ་པ་ཏི་ཞུ་བ་ཞིག་གིས་ཟེར་མོད། དེ་དག་ནི་ངག་སྒྲོས་ཙམ་ལས་ཁུངས་ཐུབ་འགྱུར་བྱང་དངོས་མིན། ལོ་པཎ་དག་གིས་འགྱུར་གང་ཞིག་ཡིན་ཡང་མཛད་པ་པོ་སུ་ཡིན་སྒྱུར་པ་པོ་སུ་དང་སུ་ཡིན། གང་དུ་བསྒྱུར་སོགས་འགྱུར་བྱང་གསལ་བོར་ངེས་པར་འཁོད་ཀྱིན་ཡོད་ལ། ལྷག་པར་འདི་འདྲའི་སྙན་དངགས་དམ་པ་ཞིག་ལ་འགྱུར་བྱང་མེད་པ་ཅི་ལ་སྲིད། སུ་ཞིག་གིས་བསམ་བཞིན་དུ་བྱས་ན་མ་གཏོགས་འགྱུར་བྱང་གཅིག་པུ་ཆད་པའམ་བརླགས་ཀྱང་དཀའ་བའི་གནས་སོ། །
    རྒྱུ་མཚན་གཞན་ཞིག་ནི། བོད་དུ་འགྱུར་བ་གང་ཡིན་ཡང་རྒྱ་གར་བའི་སྔ་མོའི་གྲགས་རྩོམ་རིགས་ཡིན་པས། དེ་དག་དེང་སང་ཡང་རྒྱ་གར་དུ་མང་ཆེ་བ་ཡོད་མོད། གལ་ཏེ་རྒྱ་གཞུང་ཞིག་ཡིན་ན་མ་མཐར་ཡང་འདི་ལྟའི་རྟོགས་བརྗོད་ལེགས་པོ་ཞིག་གི་མིང་ཙམ་ཡོད་དགོས་ཀྱང་མ་ཐོས་སོ། །
    འོ་ན་རྩོམ་པ་པོའི་མཚན་ཡང་མེད་པ་ཅི་ཞེ་ན། བདག་གིས་འདི་ལ་དགོས་པ་རྒྱུ་མཚན་ཆེན་པོ་གཞན་ཞིག་མཐོང་སྟེ། གཞན་ཕན་ཁོ་ནའི་ཀུན་ནས་བསླངས་པའི་དམ་པ་རྣམས་ཀྱིས་བསྟན་བཅོས་འདི་ལྟར་མཛད་ངེས་ཏེ། རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ་སོགས་སྔ་རབས་དམ་པའི་གསུང་རྩོམ་མཚན་བྱང་མེད་པ་དག་ཡོད་ལ། ལྷག་པར་རྟོགས་བརྗོད་འདི་ཉིད་དམ་པའི་ཆོས་གསལ་ཕྱིར་སྙན་ངག་བྱའོ། །ཞེས་པའི་སྟོན་པས་ནང་པའི་སྙན་དངགས་མཁན་དག་ལ་བསྐུལ་བའི་དགོངས་དོན་དང་ཡོངས་སུ་མཐུན་ཏེ། འཁོར་བའི་སྡུག་བསྔལ་དང་ལམ་གྱི་རིམ་པ་སྒྱུ་རྩོམ་གྱི་ཐབས་ལམ་ནས་ཚང་བར་བསྟན་པའོ། །དེ་བས་ན་འདི་འདྲའི་བསྟན་བཅོས་ཀྱི་འཕྲིན་ལས་རྒྱས་ཕྱིར་འདི་ཉིད་རྒྱ་གཞུང་གི་ཚུལ་དུ་མཛད་ཅིང་མཚན་མ་འཁོད་པ་ཡིན་སྙམ། རང་རེའི་བོད་ཀྱི་མཁས་པ་ཆེན་པོ་སུ་ཞིག་གིས་མཛད་ཀྱང་ཆོས་བརྒྱུད་དང་ཕྱོགས་ཞེན་ཆེ་བས་བསྟན་བཅོས་ཀྱི་འགྲོ་དོན་ཡང་རྒྱ་གཞུང་ལྟར་མི་འོང་པ་ནི་ཚང་མས་ཤེས། རྒྱ་གར་བའི་མཁས་པ་ཞིག་གི་རྩོམ་དུ་བྱས་ན་རིས་མེད་ཀྱིས་གལ་ཆེར་བརྩི་བའི་ལུགས་སྲོལ་ལམ་གཤིས་ཀ་འདིར་རྒྱུས་ཡོད་པའི་སྦས་པའི་སྙན་དངགས་མཁན་གང་གིས་ཆེད་དུ་འདི་ལྟར་གནང་བར་བསམས་སོ། །
    སྒྱུ་རྩལ་མཚོན་ཐབས་ཀྱི་ཆ་ནས། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་བོ་དུས་བཞིའི་འགྱུར་བས་རིམ་པར་བསྟན་ཞིང༌། ཕར་ཕྱིན་དྲུག་པོ་དོན་གྱི་བྱུང་རིམ་དྲུག་གིས་རིམ་པར་བསྟན་པ། སྤྱིར་སྐྱེ་བོ་རྣམས་ལ་གཏི་མུག་དང་འདོད་ཆགས་ཞེ་སྡང་བཅས་ཤུགས་ཆེ་བས་གཞོན་ནུ་སྤུན་རྒན་པ་གསུམ་གྱིས་མཚོན་ཞིང༌། ངེས་འབྱུང་དང་ལྷག་བསམ། ཤེས་རབ་ཀྱི་ནུས་པ་རང་བཞིན་གྱིས་ཉམ་ཆུང་བས་སྤུན་གཞོན་པ་གསུམ་གྱིས་བསྟན་པ་དང༌། དེ་དག་ཀྱང་འཚོ་བ་དངོས་ཀྱི་གསོན་ཉམས་ཅི་ཐོན་གནང་འདུག་པས། ཆོས་ཀྱི་གཞུང་དོན་མི་གོ་མཁན་སྤྱིར་བཏང་ཀློག་པ་པོ་ཞིག་ལ་མཚོན་ནའང་ཡ་རབས་མ་རབས་དང་དགེ་སྡིག་བླང་དོར་གྱི་ལེགས་ཉེས་གསལ་བར་བསྟན་པ་གོ་ཐུབ་ཅིང་དགེ་བའི་བག་ཆགས་གང་འཚམ་འཇོག་ཐུབ་པ་ཞིག་ཡིན་ལ། ལམ་རིམ་ལྟ་བུའི་གཞུང་དོན་འཆད་ཉན་པ་དག་ལ་མཚོན་ནའང་ངལ་གསོའི་ཀློག་དེབ་ཏུ་ཧ་ཅང་བཟང་སྟེ། སྐྱེ་རྒ་སོགས་ཀྱང་དོན་སྤྱི་ཙམ་མ་ཡིན་པར་གཟུགས་ཅན་བཞིན་དུ་སྣང་བས་བློ་བསྐྱེད་ཐོན་པར་ཡང་ཕན་སྙམ། མ་མཐར་ཡང་གཞུང་དོན་གྱི་གནད་མི་གོ་བ་ཚོར་སྒྲུང་འདི་དང་སྦྱར་ནས་སློབ་ཁྲིད་གནང་ན་སློབ་ཚན་ལ་སུན་སྣང་མི་སྐྱེ་བར་གནས་ལུགས་རགས་པ་རེ་ཅིས་ཀྱང་ངོ་འཕྲོད་ངེས།
    གཞན་ཡང༌། གཞོན་ནུ་དྲུག་གི་ལྟ་སྤྱོད་ཙམ་ལ་དཔྱད་པ་ནི་ཁ་ཕྱི་བལྟས་ཀྱི་དགེ་སྐྱོན་ལ་གཙོ་བོར་དམིགས་པ་ཡིན། དེ་དང་མཉམ་དུ་གལ་ཆེ་ཤོས་ཁ་ནང་བལྟས་ཀྱིས་སོ་སོའི་ནང་གི་གཞོན་ནུ་དྲུག་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དག་དང༌། དེ་དག་གི་གཉེན་པོ་འདོད་པར་ཞེན་ལོག་གི་ངེས་འབྱུང་དང༌། བྱམས་སྙིང་རྗེ་བཟོད་པ། བསམ་གཏན་དང་ཤེས་རབ་བཅས་ཀྱི་དགྲ་གཉེན་གྱི་མཐུ་གང་ཆེ་དང༌། མགོ་ཇི་ལྟར་གནོན་ཐབས། ཚད་ཇི་འདྲར་སླེབས་མིན་སོགས་ལ་བྱ་ར་དང་བསམ་གཞིགས་ཀྱིས་སྤུན་རྒན་པ་གསུམ་གྱི་མགོ་གནོན་ཐབས་ལ་བརྩོན་འགྲུས་རྩོམ་རྒྱུ་འདི་ནི་གཞོན་ནུ་དྲུག་གི་རྟོགས་བརྗོད་ངོ་མ་རང་ཡིན་པའང་མཁྱེན་ལྡན་རྣམ་པའི་ཐུགས་འཇགས་འཚལ་ལོ། །

    ཧ་ཅང་མཁས་པས་མཛད་པའི་རྟོགས་བརྗོད་འདིར། །ཧ་ལས་ཁྱད་ཆོས་དུ་མས་ཕྱུག་གྱུར་མོད། །
    ཨ་མདོའི་བུ་ལ་ཨ་གསར་ཙམ་ཞིག་ལས། །ཨཱ་དོན་གསལ་བའི་ནུས་པ་མེད་པས་ནོངས། །

    གང་གི་སོར་མོ་འཕྲུལ་གྱི་ཚངས་སྲས་མས། །ཆོས་ཚུལ་ཟབ་མོའི་སྣང་བརྙན་གླུར་བླངས་པ། །
    སླར་ཡང་བདག་སོར་དུས་ཀྱི་ཕོ་ཉ་མོས། །བློ་ལྡན་རིག་པའི་བུ་ལ་བརྡ་ཞིག་བཏང༌། །

    དགེ་ཅན་ཚུལ་གནས་སྦྱིན་པའི་ལག་ཡངས་མས། །འདོད་ལྷའི་བུ་ལ་ཆགས་བྲལ་འོ་ཡིས་འཁྱུད། །
    མཉེས་གཤིན་བཟང་པོ་ལྷ་མོ་འཛུམ་ཡག་མས། །དྲག་པོའི་སྙིང་ལ་ཞི་བའི་ངལ་གསོ་སྦྱིན། །

    ལེགས་པའི་བློ་གྲོས་ཤེས་རབ་ཡུམ་ཆེན་མས། །མུན་པ་ཅན་ལ་བདེ་ཆེན་སྣང་བས་རོལ། །
    དོན་དམ་བདག་ཉིད་འོད་གསལ་རྒྱས་པའི་རིགས། །བདག་གི་མགོན་ཉིད་ཚུལ་བཞིན་མཇལ་བར་སྨོན། །

    བོད་རྒྱལ་ལོ། ༢༡༣༣། ཁྲུམས་སྟོད་དམར་ཕྱོགས་དགའ་བ་གསུམ་པར་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་མཇུག་རྫོགས་པར་བགྱིས་པ་དགེ་ལེགས་འཕེལ།། །།

བསམ་གཞིགས་ཀྱི་དྲི་བ་འགའ།
མི་སྣ་སོ་སོར་དམིགས་བསལ་ཁྱད་ཆོས་གང་དག་ལྡན་ནམ།
མི་སྣ་བཀོད་འབྲི་བྱས་ཚུལ་ལེགས་སམ།
ཡུལ་ལྗོངས་བཀོད་འབྲིའི་བྱས་ཚུལ་འོས་སམ།
སྤྱི་ཚོགས་ཁོར་ཡུག་བཀོད་འབྲི་ཅི་འདྲ་འདུག
དོན་རྐྱེན་གྱི་བྱུང་རིམ་རགས་པ་གང་དག་འདུག
བྱུང་རིམ་ཕྲ་རབ་བྲིས་པ་ཅི་འདྲ་འདུག
མི་སྣའི་སེམས་ཁམས་བཀོད་འབྲི་བྱས་ཚུལ་བཟང་ངམ།
མི་སྣའི་གླེང་མོལ་གྱི་ཐབས་ཚུལ་ཅི་འདྲ་འདུག
རྩོམ་ཁོག་སྒྲིག་གཞི་ལ་དམིགས་བསལ་ཁྱད་ཆོས་འདུག་གམ།
ཚིག་རྒྱན་བཀོལ་སྤྱོད་བྱས་ཚུལ་ཅི་འདྲ་འདུག
སྒྱུ་རྩལ་གྱི་མཚོན་ཐབས་གཞན་དག་ལ་དགེ་མཚན་གང་དག་འདུག
མཛེས་དཔྱོད་ཕུགས་འདུན་ཐད་ནས་ཅི་འདྲ་འདུག
དུས་རབས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་ནམ།
ཞན་ཆའམ་སྐྱོན་ཆ་ཅང་འདུག་གམ།
བདག་གི་འགྲེལ་ཚུལ་ཅི་འདྲ་འདུག
ཁྱོད་རང་གཞོན་ནུ་དྲུག་ལས་གང་ལ་གཏོགས་སམ།   
    (ལྷ་མོ་སྐྱབས་ལགས་ནི། ད་ལྟ་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་དང༌། མདོ་སྨད་ཆོལ་ཁའི་སྤྱི་འཐུས་ལས་ཐོག་བཅས་ཡིན།)

མདུན་ཤོག

Menu