བཀྲ་བཟང་གིས་བསྒྱུར།

སྤྲོ་སྣང་ལྡན་པའི་ངང་རིག་སྟོབས་གསོ་སྐྱོང་བྱེད་པ།
གནད་བསྡུས།

    ཕྲུ་གུ་གསོ་སྐྱོང་དང་ཁོང་ཚོར་སློབ་གསོ་རྒྱག་རྒྱུ་ནི་ཁོང་ཚོའི་སྤྱོད་བཟང་གསོ་བའི་ལས་ཀ་ཞིག་ཡིན་པས་ཐོག་མར་ཕྲུ་གུར་ཡིད་ཆེས་ཡོད་དགོས། གསོ་སྐྱོང་དང་སློབ་གསོ་ཧྲིལ་པོའི་དམིགས་ཡུལ་ནི་ཁོང་ཚོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང༌། ཁོང་ཚོ་མི་གཞན་ལ་ཕན་ཐོགས་པ་དང་རང་ཉིད་ཀྱང་སྤྲོ་སྣང་ཆེ་ལ་ཕུན་སུམ་ཚོགས་པའི་མི་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་ཡིན། ད་ལྟ་ང་ཚོས་གནས་ལུགས་འདི་འདྲ་ཞིག་ཤེས་ཀྱི་ཡོད་པ་སྟེ། ཡུན་རིང་སྤྱོད་སྒོ་ཆེ་པའི་ཅ་དངོས་ཤིག་ཡིན་ཕྱིན་དེ་ནི་ཐོག་མར་སེམས་ནུས་ངེས་ཅན་ཞིག་བཏོན་ངེས་པས་ཡིན། ངག་གཏམ་དུ་གྲགས་པའི་ཡོང་བ་སླ་ལ་འགྲོའང་བདེ་ཞེས་པ་ནི་རྒྱུ་ནོར་ཙམ་མ་ཟད་ཤེས་ཡོན་ཐོག་ཏུ་ཡང་སྤྱད་འཐུས་ཀྱི་གཏམ་ཞིག་ཡིན་ནོ། །

ཁྱེད་ཀྱི་ཕྲུ་གུའི་རིག་པར་ཡིད་ཆེས་གནང་དང༌།

    ངའི་བསམ་པར་རིག་པ་ཆེས་རྟུལ་བ་དང་དེ་མིན་སྐྱེས་སྟོབས་ཀྱི་ཁྱད་ཆོས་མི་འདྲ་བ་ཙམ་ལས་རིག་པ་ལེགས་ཉེས་ཐད་ཁྱད་པར་དེ་ཙམ་མ་མཆིས།
    ཕྲུ་གུ་གསོ་སྐྱོང་དང་ཁོང་ཚོར་སློབ་གསོ་རྒྱག་སྐབས་ཐོག་མར་ཕྲུ་གུར་ཡིད་ཆེས་ཡོད་དགོས། གསོ་སྐྱོང་དང་སློབ་གསོ་ཧྲིལ་པོའི་དམིགས་ཡུལ་ནི་ཁོང་ཚོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཐུབ་པ་དང༌། ཁོང་ཚོ་མི་གཞན་ལ་ཕན་ཐོགས་པ་དང་རང་ཉིད་ཀྱང་སྤྲོ་སྣང་ཆེ་ལ་ཕུན་སུམ་ཚོགས་པའི་མི་ཞིག་ཏུ་འགྱུར་བར་བྱ་རྒྱུ་དེ་ཡིན།
    ངས་ཕ་མ་ཚོར་གཤམ་གསལ་གྱི་བསམ་འཆར་དང་ལེན་གནང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན་ཏེ།
༡༽     དུས་རྒྱུན་དུ་ཁྱེད་ཀྱིས་ཕྲུ་གུར་ལྟ་ཞིབ་ནན་ཏན་གནང་སྟེ་ཁོང་ཚོའི་མི་མངོན་པའི་འཇོན་ཐང་དང་ཁྱད་ཆོས་མཁྱེན་པ་གནང་དགོས།
༢༽     ཕྲུ་གུ་ཚོའི་མི་མངོན་པའི་འཇོན་ཐང་ཕྱིར་མངོན་ཚེ། ཁྱེད་ཀྱིས་འཕེལ་རྒྱས་གཏོང་འདོད་ཀྱང་དེར་བཀག་འགོག་མཐའ་གཅིག་ཏུ་གནང་རྒྱུ་མེད་པར་མ་མཐར་ཡང་ཁོ་ཚོར་དེའི་ཐད་ཀྱི་དགའ་སྣང་ཡོད་ཆོག
༣༽    མི་མངོན་པའི་འཇོན་ཐང་གང་ཞིག་ཡིན་ནའང་དེའི་རིན་ཐང་འཁྱོག་བཤད་གནང་རྒྱུ་མེད།
༤༽     ཕྲུ་གུས་གནས་སྐབས་བཏོན་མ་ཐུབ་པའི་འཇོན་ཐང་ཡང་རིམ་བཞིན་གསོ་སྐྱོང་བྱེད་ཐུབ་ངེས་རེད།
༥༽     ཕྲུ་གུའི་གཏམ་གླེང་དང་གཏན་ཚིགས། རྩིས་རིག་ཐད་དང༌། དེ་བཞིན་རང་གཞན་ལ་ངོས་འཛིན་བྱེད་པའི་འཇོན་ཐང་དེ་གཞི་རྩའི་འཇོན་ཐང་ལ་རྩིས་ནས་སྔོག་འདོན་དང་གསོ་སྐྱོང་བྱེད་དགོས།
༦༽     ཕྲུ་གུར་ཕྱོགས་ཤིག་གི་ཐད་འཇོན་ཐང་ཡོད་པ་མཁྱེན་ཚེ་དུས་རིམ་མི་འདྲ་བའི་འཆར་འགོད་ཞིག་བཟོ་བ་དང་ལག་ལེན་བསྟར་དགོས། དེ་ནི་ཕྲུ་གུའི་འཇོན་ཐང་དེ་གོང་འཕེལ་གཏོང་ཐུབ་མིན་གྱི་འགག་རྩ་ཡིན།
    ཕྲུ་གུའི་དགའ་སྣང་ལ་བརྟེན་ནས་ཁོང་ཚོ་སྤྲོ་སྣང་ལྡན་པའི་ངང་སློབ་སྦྱོང་བྱེད་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། དགའ་སྣང་ནི་སློབ་སྦྱོང་དང་ཤེས་བྱ་སྦྱོང་འདོད་ཀྱི་སྒུལ་ཤུགས་ཆེ་ཤོས་ཡིན་ཞེས་པའི་གནའ་གཏམ་དེ་ད་ལྟ་ཙམ་མ་ཟད་འབྱུང་འགྱུར་ཡང་འགྱུར་བ་འགྲོ་མི་སྲིད། དེ་ནི་ཐབས་ཤེས་ཙམ་ཡིན་པ་མ་ཟད། དེའི་ནང་མིའི་རིགས་ཀྱིས་རང་ལ་ཤེས་བྱ་ཐོབ་པར་བྱེད་པའི་ཐད་དུས་སྔ་ལ་ཤེས་རབ་ཀྱིས་ཕྱུག་པའི་ངེས་སྲོལ་ཞིག་ཚུད་ཡོད། དེ་དང་འདྲ་བར་བློ་འགུགས་རིག་སྐྱེད་ནི་ཕྲུ་གུར་སློབ་གསོ་དང་ཁོང་ཚོ་གསོ་སྐྱོང་བྱེད་པའི་ཐབས་ཤེས་ཡག་ཤོས་ཤིག་ཡིན། གཏམ་དེ་ཡང་གོང་གི་གཏམ་དང་འདྲ་བར་ད་ལྟ་ཙམ་མ་ཟད་འབྱུང་འགྱུར་འགྱུར་བ་འགྲོ་མི་སྲིད།
    ད་ལྟ་ངས་ཐེ་ཚོམ་སྤུ་ཙམ་མེད་པར་ཕ་མ་ལྷན་རྒྱས་ལ་ཞུ་རྒྱུར། ཕྲུ་གུ་རེས་བྱ་དངོས་མི་འདྲ་བར་དགའ་སྣང་རེ་བྱེད་སྲིད་ལ་དགའ་སྣང་རེ་རེ་ཡིས་ཕྲུ་གུ་སོ་སོའི་མི་མངོན་པའི་འཇོན་ཐང་རེ་མངོན་ཐུབ།
    ཕྲུ་གུའི་དགའ་སྣང་དེ་བེད་སྤྱོད་ཀྱི་ཁྲིད་སྟོན་ཡང་དག་ལ་བརྟེན་ནས་ཁོང་ཚོའི་བློ་སྒོ་འབྱེད་པ་དང་རིག་སྟོབས་གསོ་སྐྱོང་བྱེད་རྒྱུའི་ཐད་ངས་གཤམ་གསལ་གྲོས་འགོ་འདོན་རྒྱུ་སྟེ།
༡༽     ཕྲུ་གུས་བྱ་དངོས་ཤིག་ལ་དགའ་སྣང་སྐྱེས་པའི་སྐབས་ང་ཚོས་དེ་ནི་ཕན་མེད་རེད་སྙམ་ནས་འཕྲལ་དུ་སྐྱོན་འཛུགས་དང་འཁྱོག་བཤད་བྱེད་མི་རུང༌།
༢༽     དགའ་སྣང་དེ་བེད་སྤྱད་ན་ཕྲུ་གུར་སྤྲོ་སྣང་དང་ཁོང་ཚོས་དེའི་ཐོག་བློ་རྩེ་གཅིག་སྒྲིམ་ཐུབ་ནས་དགའ་སྣང་དེ་དང་འབྲེལ་བ་ཡོད་པའི་ཤེས་བྱ་ཤེས་ཐུབ།
༣༽     ཕྲུ་གུ་ཚོར་ཁྲིད་སྟོན་བྱས་ནས་དཔྱད་ཡིག་བཙལ་འཚོལ་དང་གཞན་ལ་སྐད་ཆ་འདྲི་བར་བརྟེན་ནས་ཤེས་བྱ་ཐོབ་པ་བྱེད་དགོས།
༤༽     ཟིན་ཐོ་བཀོད་རྒྱུ་ནི་ཤེས་བྱ་གསོག་འཇོག་ཐུབ་པ་ཙམ་མ་ཟད། ཡི་གེ་དང་རི་མོ། དཔེ་དེབ་སོགས་བེད་སྤྱོད་བྱེད་པའི་ཐབས་ལམ་ཡག་པོ་ཞིག་རེད།
༥༽     ཡིག་ཐོག་ནས་ཟིན་ཐོ་བཀོད་མ་ཐུབ་པའི་ཕྲུ་གུར་ཕ་མས་ཟིན་དེབ་གྲ་སྒྲིག་བྱས་ཏེ་རྩོམ་བྱང་འབྲི་རུ་བཅུག་ནས་ཤོད་དུ་འཇུག་དགོས།
༦༽     ལས་འགན་རང་བཞིན་གྱིས་བཀོད་སྒྲིག་མ་བྱས་པར་དེ་ལས་དགའ་སྣང་ཡོད་པ་ཞིག་ནས་འགོ་འཛུགས་དགོས།
    ཕྲུ་གུའི་རིག་སྟོབས་གསོ་སྐྱོང་བྱེད་པའི་ནང་ལྗང་པ་འཐེན་ནས་ལོངས་ཐབས་བྱེད་པའམ་ཡང་ན་བདག་མེད་ལིང་སྐྱུར་བྱེད་པའི་ཐབས་ཤེས་གཉིས་ཀ་དགེ་མཚན་མེད་པ་ཞིག་ཡིན་ལ། དེ་ལས་གནོད་འཚེ་ཆེ་བ་ནི་ཉེས་ཆད་གཏོང་བ་དང་རྩུབ་བཅུན་བྱེད་པ་དེའོ། །དེ་ཡང་ལྷབ་ལྷུབ་ཏུ་འགུལ་བའི་ཤོག་བུའི་ཐོག་མིག་ལམ་དུ་མཛེས་པའི་རི་མོ་འབྲི་མི་ཐུབ་པ་ལྟར་འདར་སིག་སིག་བྱེད་པའི་སེམས་ཁམས་སུ་གོ་ཆོད་པའི་ཤེས་བྱ་ཞིག་འཇོག་མི་ཐུབ།

ཕྲུ་གུའི་རིག་པ་འཚར་ལོངས་ཡོང་བའི་ཆོས་ཉིད།

    རིག་པ་གསོ་བར་གཏན་འཁེལ་གྱི་མ་དཔེ་ཞིག་ཡོང་མི་སྲིད། སྒེར་གཅོད་ལམ་ལུགས་མེད་པར་གྱུར་རྗེས་ང་ཚོར་ངོས་འཛིན་བྱུང་བར། རིག་པ་གསོ་བའི་ཐད་ལ་རང་བཞིན་གྱི་བརྒྱུད་རིམ་ཞིག་ཡོད་པས་གལ་ཏེ་དེ་ལས་ལྡོག་ཚེ་དེར་གནོད་འཚེ་ཕོག་སྲིད་པར་བརྟེན་ང་ཚོས་རང་གིས་བཟོས་པའི་ཐབས་ལམ་དེ་འཚར་ལོངས་ཡོང་བཞིན་པའི་ཕྲུ་གུའི་རིག་པ་གསོ་བའི་ཐད་ཨུ་ཚུགས་ངང་བེད་སྤྱོད་རྒྱུ་མེད།
    རིག་པ་དང་ལུས་ཁམས་གསོ་སྐྱོང་བྱ་རྒྱུ་གཉིས་ཀ་གལ་ཆེན་པོ་ཡིན། ཇི་ལྟར་བྱས་ནས་ལུས་ཁམས་དང་རིག་པ་གསོ་སྐྱོང་བྱ་རྒྱུའི་ཐད་བསམ་བློ་མང་ཙམ་གཏང་རྒྱུ་དེ་ནི་སློབ་གསོའི་མཆོག་ཏུ་གྱུར་བའི་ཐབས་ལམ་ཞིག་ཡིན་པ་ང་ཚོས་མཐོང་ཐུབ།
    རང་ཉིད་ངོ་མས་ཤེས་བྱ་འཚོལ་རྙེད་ཐུབ་པ་ནི་གཞན་གྱིས་འཁྲིད་པ་ལས་ཕན་ནུས་ཆེ་བ་ཡོད། ད་ལྟ་ང་ཚོས་གནས་ལུགས་འདི་འདྲ་ཞིག་ཤེས་ཀྱི་ཡོད་པ་སྟེ། ཡུན་རིང་སྤྱོད་སྒོ་ཆོད་པའི་ཅ་དངོས་ཤིག་ཡིན་ཕྱིན་དེ་ནི་ཐོག་མར་སེམས་ནུས་ངེས་ཅན་ཞིག་བཏོན་པས་ཡིན། ངག་གཏམ་དུ་གྲགས་པའི་ཡོང་བ་སླ་ལ་འགྲོའང་བདེ་ཞེས་པ་ནི་རྒྱུ་ནོར་ཙམ་མ་ཟད་ཤེས་ཡོན་ཐོག་ཏུ་སྤྱད་འཐུས་ཀྱི་གཏམ་ཞིག་ཡིན་ནོ། །
    ལྟ་ཞིབ་བྱ་རྒྱུ་ནི་སློབ་སྦྱོང་ཡོད་ཚད་ཀྱི་འགོ་འཛུགས་ས་ཡིན། ལྟ་ཞིབ་ཞིབ་ཚགས་བྱ་རྒྱུ་ནི་རླབས་ཆེའི་གྲུབ་འབྲས་ཐམས་ཅད་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། སྒྱུ་རྩལ་མཁས་ཅན་དང་ཚན་རིག་མཁས་ཅན་ལ་དེ་དགོས་པ་མ་ཟད་སྨན་པས་ནད་པ་ལྟ་བ་དང༌། བཟོ་བཀོད་པར་ཡང་དེ་དགོས་གལ་ཆེའོ། །
    སྤྲོ་སྣང་ནི་ཕན་འབྲས་ལྡན་པ་ཞིག་ཡིན། སློབ་གསོའི་འགྱུར་བ་ཡོད་ཚད་ཀྱི་ཁྲོད་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་དགོས་པ་ནི་ཤེས་བྱ་སྦྱོང་རྒྱུ་དེ་སྤྲོ་སྣང་ལྡན་པ་ཞིག་ལ་བརྩི་བ་ལས་ཡིད་མུག་གི་ལས་ཀར་བརྩི་རྒྱུ་མེད་པ་དེ་ཡིན། སློབ་གསོ་མཁས་ཅན་སྐུ་ཞབས་མ་ཤེར་གྱིས། འགྱུར་ལྡོག་འགྲོ་བར་དགའ་བའི་ཕྲུ་གུའི་འདོད་འདུན་སྐོང་དགོས་ལ་འགྱུར་ལྡོག་དང་གོང་འཕེལ་གཉིས་ཟུང་དུ་འབྲེལ་དགོས་ཞེས་དང༌། ཡང་ཁོང་གིས་ད་དུང་བྱིས་པ་རྣམས་ལ་ངལ་དུབ་ཀྱི་སྣང་བ་མ་སླེབས་གོང་སློབ་སྦྱོང་མཚམས་འཇོག་དགོས་ཞེས་གསུངས་ཡོད།
    རང་གིས་རང་ལ་སློབ་གསོ་བྱ་རྒྱུ་ནི་ཚེ་གང་རིང་སྐུལ་འདེད་ནུས་པ་ཐོན་པའི་སྟོབས་ཤུགས་ཡིན། རང་གིས་རང་ལ་སློབ་གསོ་གཏོང་བའི་ཐད་ངའི་བསམ་པར་ཕྲུ་གུ་རྣམས་རང་གིས་རང་འཕེལ་རྒྱས་གཏོང་དུ་འཇུག་དགོས་ཤིང༌། ཕྲུ་གུ་ཚོར་ཤེས་བྱ་འཚཽལ་ཞིབ་དང་རིག་པས་དཔྱད་པ་བྱེད་པའི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། ཁོང་ཚོར་ཉུང་ཙམ་ཤོད་པ་དང་ཁོང་ཚོ་རང་ཉིད་ཀྱིས་འཚོལ་ཞིབ་མང་ཙམ་བྱེད་དུ་འཇུག་དགོས།

        དམར་ཁྲིད་སློབ་གསོའི་གལ་ཆེའི་རང་བཞིན།

    དམར་ཁྲིད་སློབ་གསོ་དེ་ཕྲུ་གུ་དམར་འབྱར་གྱི་དུས་སུ་དགོས་པ་ཆེ་ལ་ལོ་ན་ཆེ་ཙམ་གྱི་ཕྲུ་གུ་དང་གཞོན་ནུའི་ཁྲོད་དུའང་དམར་ཁྲིད་སློབ་གསོར་མཐོང་ཆེན་བྱེད་དགོས། ཁྱིམ་ཚང་ཙམ་མ་ཟད་སློབ་ཁང་ནང་དམར་ཁྲིད་ཀྱི་ཡོ་བྱད་དགོས་ལ། དམར་ཁྲིད་སློབ་གསོའི་གཞི་ཁྱོན་དེ་བས་ཆེ་རུ་གཏོང་དགོས།
    རི་མོ་བྲི་རྒྱུ་ནི་ཐོག་མའི་སློབ་གསོའི་ཆ་ཤས་ཤིག་ཡིན། རི་མོ་བྲི་རྒྱུ་ནི་རིག་སྟོབས་གསོ་སྐྱོང་བྱེད་པའི་ཆ་ཤས་ཤིག་ཡིན་ཞིང་ཕྲུ་གུ་ཚོར་ཐོག་མའི་སློབ་གསོ་གཏོང་བའི་སྐབས་དེ་བས་གལ་ཆེར་སྣང༌། རི་མོ་ནི་སྤྱིར་ན་ཕྲུ་གུ་ཚོས་རང་ཉིད་ཀྱི་ནུས་པར་བརྟེན་ནས་ལེགས་གྲུབ་བྱུང་བ་ཞིག་ཡིན་པར་བརྟེན་དེ་ཡང་སྤྲོ་སྣང་ལྡན་པའི་ངང་རང་གིས་རང་ལ་སློབ་གསོ་གཏོང་བའི་གོ་རིམ་ཞིག་ཡིན། རི་མོ་བྲི་རྒྱུར་དགའ་བ་དེ་ཕྲུ་གུར་མཚོན་ན་ཡུན་རིང་འགྱུར་བ་མི་འགྲོ་བས་དེའི་ཕྱོགས་སུ་འཕེལ་རྒྱས་འགྲོ་མིན་ལ་མ་ལྟོས་པར་དགའ་སྣང་དེར་སྐུལ་ལྕག་དང་དེ་གསོ་སྐྱོང་བྱ་རྒྱུ་ནི་ཕན་འབྲས་ལྡན་པ་ཞིག་རེད།

    ཇི་ལྟར་བྱས་ནས་ཕྲུ་གུ་ཚོའི་རང་འགུལ་ངང་སློབ་སྦྱོང་དང་རང་གིས་རང་ལ་སློབ་གསོ་གཏོང་བའི་ནུས་པ་གསོ་སྐྱོང་བྱེད་དགོས།
གནད་བསྡུས

  

  སློབ་ཕྲུག་ཚོས་རང་ངོ་མའི་རྩོལ་བར་བརྟེན་ནས་ཐོབ་པའི་ཤེས་བྱ་དང་རང་ངོ་མས་ཐག་གཅོད་བྱས་པའི་གནད་དོན་ཞིག་ཡིན་ཕྱིན་དེ་ནི་རང་ཉིད་ཀྱི་རིག་པ་དང་བློ་སྟོབས། རྩོལ་བ་བཅས་ལས་བྱུང་བ་ཞིག་ཡིན་པས་ཇི་སྲིད་བར་ཁོང་ཚོ་རང་ཉིད་ལ་བདག་པའོ། །

སྤྲོ་སྣང་ཆེ་ལ་ཇི་སྲིད་བར་གནས་པའི་རང་གིས་རང་ལ་སྐུལ་འདེད་གཏོང་ཐབས།

    ངའི་ངོས་འཛིན་ལྟར་ན་ཐོག་མར་བྱིས་པའི་རིག་སྟོབས་གསོ་སྐྱོང་བྱ་རྒྱུ་དེ་ཁོང་ཚོ་ན་གཞོན་དུས་ལ་སླེབས་པའི་སྐབས་དང་འདྲ་བར་རང་རྟོགས་ངང་སློབ་སྦྱོང་དང་རང་གིས་རང་ལ་སློབ་གསོ་བྱ་རྒྱུ་གཉིས་ཟུང་དུ་འབྲེལ་བའི་བརྒྱུད་རིམ་ཞིག་ཡིན།
    བརྒྱུད་རིམ་ཧྲིལ་པོའི་ནང་རང་གིས་རང་ལ་སློབ་གསོ་གཏོང་བའི་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་སྲོག་ཤིང་བྱེད་དགོས་ཤིང་དེ་ལས་བྱུང་བའི་སེམས་ཁམས་ཀྱི་བྱེད་སྒོ་ནི་ཕྲུ་གུ་ཚོས་དང་ལེན་བྱེད་པར་དགའ་བ་ཡིན།
    དེས་གཅིག་ནས་བག་ཆགས་མངོན་གསལ་དོད་པོ་དང་ཡུན་རིང་གཞག་རྒྱུ་འགན་སྲུང་བྱེད་ཐུབ། སློབ་ཕྲུག་ཚོས་རང་ངོ་མའི་རྩོལ་བར་བརྟེན་ནས་ཐོབ་པའི་ཤེས་བྱ་དང་རང་གིས་ཐག་གཅོད་བྱས་པའི་གནད་དོན་ཞིག་ཡིན་ཕྱིན་དེ་ནི་རང་ངོ་མའི་རིག་པ་དང་རྩོལ་བ་ལས་བྱུང་བ་ཞིག་ཡིན་པས་ཇི་སྲིད་བར་ཁོང་ཚོ་རང་ཉིད་ལ་བདག་པའོ། །
    གཉིས་ནས་རང་གིས་རང་ལ་སློབ་གསོ་གཏོང་བའི་སྦྱོང་བརྡར་དེས་རང་ལ་ཐོབ་པའི་ཤེས་བྱ་རྣམས་ཟམ་མི་ཆད་པར་བསྡུ་རུབ་དང་བེད་སྤྱོད་བྱེད་ཐུབ་ཅིང་དེ་རིང་ཐོབ་པའི་ཤེས་བྱ་དེ་རྗེས་མའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཤེས་སུ་འགྱུར་བ་དང་རྗེས་མའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་གནད་དོན་གསར་པ་ཐག་གཅོད་བྱེད་པའི་སྔོན་འགྲོར་གྱུར་ཡོད། དེ་ལྟ་བུའི་ཤེས་བྱ་ཁོང་དུ་ཆུད་ཚེ་ཕྲུ་གུའི་ནུས་པར་འགྱུར་རྒྱུ་རེད།
    གསུམ་ནས་སྦྱོང་བརྡར་དེ་རིགས་ཀྱིས་ཕྲུ་གུའི་བློ་རྩ་དང་སྤྱོད་ལམ་གསོ་སྐྱོང་བྱེད་རྒྱུའི་ཐད་ལ་ནུས་པ་ཆེན་པོ་ལྡན་ཡོད་ཅིང༌། ཁོ་པར་དཀའ་ངལ་ཁྱད་བསད་བྱེད་པའི་བློ་སྟོབས་དང་གོམས་གཤིས་ལྡན་པ་མ་ཟད། ངང་རྒྱུད་རིང་ལ་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ། ཕམ་ཉེས་བྱུང་ཡང་མུ་མཐུད་འབད་བརྩོན་བྱེད་པའི་གཤིས་རྒྱུད་དེ་ཕྲུ་གུའི་འབྱུང་འགྱུར་གྱི་འཚོ་བར་ཡང་གལ་ཆེའི་རིན་ཐང་ལྡན་ཡོད་པས་ཁོང་ཚོས་སྙན་གྲགས་ལ་བརྩི་མཐོང་བྱེད་ཐུབ།
    གཞན་ཡང་དེ་ནི་ཕྲུ་གུའི་སེམས་ཁམས་དབུས་སུ་སྤྲོ་སྣང་སྐྱེས་ཐུབ་པའི་ཐབས་ཤེས་ཤིག་ཡིན་ཏེ། དེ་ཡང་ཕྱི་རོལ་གྱི་གཟིགས་བཟོས་ཐོབ་པ་ཙམ་གྱིས་སྤྲོ་སྣང་སྐྱེས་པ་ཙམ་མ་ཡིན་པར་བྱེད་སྒོ་དེ་རང་ལ་སྤྲོ་སྣང་ལྡན་པས་སོ། །

ཕྲུ་གུའི་རང་འགུལ་ནུས་པ་དང་གོམས་གཤིས་འཇགས་རྒྱུར་རོགས་རམ་བྱེད་དགོས།

    ངས་སྔར་ནས་མི་རྣམས་ཀྱིས་ཁྱེའུ་སི་པིང་སད་བྱིས་པ་སྐྱེས་སྟོབས་ཤེས་རབ་ཅན་ཞིག་ཏུ་ངོས་འཛིན་བྱེད་རྒྱུའི་རེ་བ་བྱེད་ཀྱི་མེད། གང་ལགས་ཤེ་ན། ངས་ཁོ་བའི་བསམ་བློ་དང་འཇོན་ཐང་ཇི་ལྟར་བྱུང་བ་གསལ་ཤོས་ཤེས་ཀྱི་ཡོད། དེ་བཞིན་ཕ་མ་རྣམ་པས་ཀྱང་མཐའ་མཇུག་གི་འབྲས་བུ་མཐོང་འདོད་པ་ཙམ་ལས་ཕྲུ་གུའི་རིག་པ་གསོ་བའི་ཡུན་རིང་བའི་བརྒྱུད་རིམ་དེར་སློབ་སྦྱོང་མི་བྱེད་པ་གཏན་ནས་བྱ་རྒྱུ་མེད། དོན་དངོས་ཐོག་དེ་ནི་ཡུན་རིང་བའི་རྒྱང་བསྐྱོད་ལྟ་བུ་ཞིག་ཡིན་ཞིང་སྤྲོ་སྣང་གིས་ཁེངས་ལ་ངང་རྒྱུད་དང་ཤེས་རབ་ལྡན་དགོས་པ་ཞིག་ཡིན།
    དགའ་སྣང་ལ་བརྟེན་ནས་ཕྲུ་གུ་ཚོས་རང་གིས་རང་ལ་སློབ་གསོ་གཏོང་རྒྱུར་རོགས་རམ་བྱེད་དགོས། ཕྲུ་གུའི་དགའ་སྣང་གི་འདོད་བློ་ཚིམ་དུ་འཇུག་པ་ལས་ལྷག་པའི་ཡིད་འགུག་གི་ནུས་པ་ཤིག་མེད་ལ་དཀའ་ངལ་སོགས་བཟོད་བསྲན་ཐུབ་པ་བྱེད་པར་ཡང་དེ་ལས་ལྷག་པའི་ཐབས་གཞན་མེད།
    ངའི་བསམ་པར་ཕྲུ་གུའི་དགའ་སྣང་དེ་ཕན་མེད་ཁྱད་མཚར་གང་ཡིན་ལ་མ་ལྟོས་པར་དེ་ནི་ཁོ་ཚོའི་ཚེ་གང་པོར་དོན་སྙིང་རླབས་པོ་ཆེ་ལྡན་པའི་རང་གིས་རང་ལ་སློབ་གསོ་གཏོང་རྒྱུ་དང་འབྲེལ་ཡོད། ནུས་པ་དང་གོམས་གཤིས་དེ་ལྡན་ཚེ་ཁོ་པ་ཕུལ་བྱུང་བ་དང་ཡོན་ཏན་ཅན་ཞིག་ཏུ་འགྱུར་བར་ཁྲིད་སྟོན་བྱེད་ཐུབ་ངེས་རེད། གལ་ཏེ་ཟས་རིགས་གཡོས་སྦྱོར་ལ་དགའ་སྣང་ཡོད་ཚེ་དེ་ནས་འགོ་འཛུགས་དགོས་པ་དང༌། གལ་ཏེ་ཤིང་བཟོ་བའི་ལས་ལ་དགའ་སྣང་ཡོད་ཚེ་ཤིང་བཟོ་བའི་ལས་ནས་འགོ་འཛུགས་དགོས།
    ཕྲུ་གུ་རྣམས་ཀྱིས་རང་གིས་རང་ལ་སློབ་གསོ་གཏོང་བའི་ཐད་ཀྱི་དགོས་ངེས་ཆ་རྐྱེན་གྲ་སྒྲིག་བྱེད་རོགས་བྱེད་དགོས། གལ་ཏེ་ཕྲུ་གུ་སྐྱེ་དངོས་ལ་དགའ་སྣང་ཡོད་ཚེ་ཁོ་པས་སྐྱེ་དངོས་ལ་མཆེ་བ་ཇི་ལྟར་གཏོང་བ་དང༌། ཡལ་ག་ཇི་ལྟར་ཐོན་པ། མེ་ཏོག་ཇི་ལྟར་བཞད་པ། འབྲས་བུ་ཇི་ལྟར་ཐོགས་པ་སོགས་ལ་རིག་པ་སྒྲིམ་ནས་རྟོག་ཞིབ་བྱེད་ངེས་ཡིན།
    དེར་བརྟེན་ཕ་མ་རྣམ་པས་ཕྲུ་གུ་ཚོའི་དགའ་སྣང་དང་འབྲེལ་བ་ཡོད་པའི་ལག་ཆ་དང་དཔེ་དེབ་སོགས་གྲ་སྒྲིག་གནང་དགོས། དཔེ་དེབ་རིགས་སྣ་ཚོགས་མི་དགོས། གང་ལགས་ཤེ་ན། དཔེ་དེབ་མང་དྲགས་ན་ཕྲུ་གུས་བདག་གཅེས་མི་བྱེད་པས་འགག་རྩ་ནི་དཔེ་དེབ་ཡག་པོ་ཞིག་བདམ་རྒྱུ་དེ་ཡིན།
    ཕྲུ་གུ་ཚོ་དགའ་སྣང་ཚོ་ཆུང་དང་བྱིས་པའི་མཐུན་ཚོགས་ནང་ཞུགས་འཇུག་དགོས། སེམས་སྡུག་ཡིད་སྐྱོ་རང་གིས་ཁུར། སྤྲོ་སྐྱིད་གཞན་དང་མཉམ་དུ་སྤྱོད་ཅེས་པའི་གཏམ་དེ་ཕྲུ་གུས་རང་གིས་རང་ལ་སློབ་གསོ་གཏོང་བའི་ཁྲོད་དུ་འཚམ་པོ་ཡོད། ཕྲུ་གུ་རྣམས་བྱེད་སྒོའི་ཚོ་ཆུང་དང་དགའ་སྣང་ཚོ་ཆུང་བཟོས་ན་ཁོང་ཚོས་ཕན་ཚུན་སྐུལ་ལྕག་དང་ཉམས་མྱོང་སྤེལ་རེས་བྱེད་ཐུབ་ལ་གཞན་ཡང་དགའ་སྣང་དང་ཐུན་མོང་གི་དམིགས་ཡུལ་ཟུང་འབྲེལ་ཐུབ་པ་དང་ཁོང་ཚོ་མཉམ་དུ་བསྡད་ཚེ་འདོད་མཐུན་སྤྱོད་མཐུན་གྱི་གྲོགས་པོ་རྙེད་རྒྱུ་རེད།
    ཕྲུ་གུ་རང་ཉིད་ལ་འཆར་གཞི་བཟོ་རུ་འཇུག་དགོས།  ཕྲུ་གུ་སུ་ཡིན་རུང་དུས་ཚོད་ལ་གཅེས་འཛིན་བྱེད་མི་ཤེས། ཁོང་ཚོ་རང་མོས་ལ་འདོད་ཞེན་ཆེ་བ་དང་འཚེར་སྣང་གང་ཡང་མི་ཤེས། གལ་ཏེ་མི་རྒན་པས་དུས་ཚོད་ཐད་མཛུབ་ཁྲིད་མ་བྱས་ཚེ་ཁོང་ཚོས་དུས་ཚོད་འཕྲོ་བརླག་གཏོང་བར་ཕམ་སེམས་ཅི་ཡང་མི་བྱེད། ཡིན་ནའང༌། ཕ་མས་འཆར་གཞི་བཟོས་ན་ཁོང་ཚོས་སུན་སྣང་བྱེད་པའམ་ཡང་ན་འཆར་གཞི་དེར་སྣང་བ་གཏན་ནས་གཏོང་གི་མ་རེད། དེ་ནི་ཕ་མ་རྣམས་ཕྲུ་གུའི་སློབ་གསོར་ཡིད་ཐང་ཆད་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། འཚོ་བའི་ཐད་རང་འགན་རང་ཁུར་ལམ་ཙམ་ཐུབ་པ་ནས་འགོ་འཛུགས་དགོས། སྤྱིར་ན་འཚོ་བའི་ཐད་རང་འགན་རང་ཁུར་གྱི་ནུས་པ་ཞན་པའི་ཕྲུ་གུ་ཞིག་ཡིན་ཕྱིན་རང་གིས་རང་ལ་སློབ་གསོ་གཏོང་བའི་ནུས་པ་ཡང་ཆེན་པོ་མེད་པ་གཏན་འཁེལ་རེད། ངས་ཁྱེའུ་སི་པིང་སད་ཀྱི་ལུས་ཐོག་ནས་དོན་དེར་མྱོང་ཚོར་ཆེན་པོ་བྱུང༌། རང་གིས་རང་ལ་སློབ་གསོ་བྱ་རྒྱུ་དེ་མི་རྣམས་ཀྱིས་བརྩི་མཐོང་ཐོབ་པའི་ཤེས་བྱ་ཞིག་ཁོང་དུ་ཆུད་ཕྱིར་མིན་པར་དེ་ལས་ལྡོག་སྟེ་རང་ཉིད་འཚོ་གནས་ཀྱི་ཤེས་བྱ་ཐོབ་པར་བྱ་རྒྱུ་ཡང་ཚུད་ཡོད། དེར་བརྟེན་ལོ་ཚད་ངེས་ཅན་ཞིག་ལ་སླེབས་སྐབས་ཁོང་ཚོར་འཚོ་གནས་ཀྱི་ཤེས་བྱ་སློབ་དགོས་པ་སྟེ། དཔེར་ན་གྱོན་གོས་བཀྲུ་རྒྱུ་དང་ཁ་ལག་བཟོ་རྒྱུ། གད་འཕྱིས་བྱ་རྒྱུ་སོགས་སོ། །
    འཚོ་བའི་ཐད་རང་འགན་རང་ཁུར་བྱ་རྒྱུ་དེ་ད་དུང་ཕྲུ་གུའི་རང་ཚུགས་ནུས་པ་དང་གཞན་ལ་བརྟེན་ནས་མི་སྡོད་པའི་འདུ་ཤེས། ངལ་རྩོལ་གྱི་གོམས་གཤིས་བཅས་གསོ་སྐྱོང་བྱ་རྒྱུར་ཡང་ཕན་ནུས་ལྡན་ཡོད།
    ཕྲུ་གུ་ཚོར་འཚོ་བ་དང་འབྲེལ་བ་ཡོད་པའི་དོན་དག་ཁ་ཤས་སོ་སོ་རང་གིས་ཐག་གཅོད་བྱེད་དུ་འཇུག་དགོས། གཟའ་མཇུག་ཏུ་སྤྱིར་ན་མི་རྣམས་ཕྱི་རོལ་དུ་སྤྲོ་གསེང་དུ་འགྲོ་རྒྱུར་དགའ་པོ་ཡོད་མོད། གང་ཞིག་ཁྱེར་དགོས་པ་དང་གནད་དོན་གང་ཞིག་ཕྲད་ན་ཇི་འདྲ་བྱེད་དགོས་པ། གང་དུ་ཁ་ལག་བཟའ་རྒྱུ། གང་དུ་ཞག་སྡོད་བྱེད་དགོས་པ། དངུལ་ག་ཚོད་གཏོང་དགོས་པ་སོགས་དོན་མང་ཆེ་བ་མི་རྒན་པས་གཏན་འཁེལ་བཟོ་ཡི་ཡོད། ངའི་བསམ་པར་བྱེད་སྟངས་དེར་འགྱུར་ལྡོག་བཏང་ནས་ཕྲུ་གུ་རྣམས་ལའང་དེའི་ཐད་འགན་བསྐུར་དགོས།
    ཕྲུ་གུས་དཔེ་དེབ་ལྷ་ཀློག་བྱེད་པའི་དགའ་སྣང་གསོ་སྐྱོང་བྱེད་དགོས། མིའི་རིགས་ཀྱི་ཤེས་བྱ་རྒྱུན་འཛིན་པའི་གོ་རིམ་ནང་དཔེ་དེབ་ཀྱི་ནུས་པ་ནི་གལ་ཧ་ཅང་ཆེ་བས་ཕྲུ་གུར་ཡང་དེ་བཞིན་ཡིན།
    གལ་ཏེ་ཁྱིམ་ཚང་ཞིག་གི་ནང་དུ་ཕྲུ་གུར་སློབ་གསོ་གཏོང་བྱེད་ཀྱི་དཔེ་དེབ་གང་འཚམ་མེད་ན་མི་འགྲིག དཔེ་དེབ་མང་པོ་ཡོད་པའི་ཁྱིམ་ཚང་ཞིག་དང་དཔེ་དེབ་མེད་པའི་ཁྱིམ་ཚང་ཞིག་ལ་ཆ་མཚོན་ན་ཕྲུ་གུའི་ཐོག་མའི་སློབ་གསོའི་ཁོར་ཡུག་ཁྱད་པར་ཆེན་པོ་ཡོད།
    གཞན་ཡང་ཕྲུ་གུས་དཔེ་དེབ་ལྟ་ཀློག་བྱེད་པའི་དགའ་སྣང་གསོ་སྐྱོང་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ་བ་ཞིག་ཡིན།
    ཕ་མ་མང་པོ་ཞིག་གི་བསམ་པར་ཕྲུ་གུ་དམར་འབྱར་དུས་སུ་གོ་བ་ལེན་པའི་ནུས་པ་ཞན་པས་ཁོ་ཚོར་དཔེ་དེབ་ཀློག་ཀྱང་དུས་ཚོད་འཕྲོ་བརླག་རེད་སྙམ་གྱི་ཡོད། དོན་དངོས་ཐོག་དེ་འདྲ་གཏན་ནས་མ་རེད།
སྒྱུར་རྩོམ་ཚན་པ་འདི་ནི། བོད་ལྗོངས་སློབ་གསོ། ༢༠༠༦ ལོའི་དུས་དེབ་དང་པོ་ལས་བདམས།

མཆན། སི་པིང་སད་(Spencer)ནི། ཕྱི་ལོ་༡༨༢༠ ལོར་དབྱིན་ལན་དུ་འཁྲུངས་ཤིང༌། ཉེ་བའི་དུས་རབས་ཀྱི་ཆེས་ཕུལ་དུ་བྱུང་བའི་ཤེས་ཡོན་སློབ་གསོ་སྨྲ་བ་ཞིག་ཡིན། ཁོང་སྐུ་ན་ཕྲ་མོ་ནས་སློབ་སྦྱོང་གི་སྦྱང་འབྲས་ལེགས་པ་མ་ཟད། སྐུ་ཚེ་ཧྲིལ་པོའི་རིང་སློབ་གསོའི་གཞུང་ལུགས་སྐོར་ལ་ཞིབ་འཇུག་རྒྱུན་མར་གནང་སྟེ། ཕན་ནུས་ངོ་མཚར་ལྡན་པའི་སི་པཎ་སར་གྱི་དགའ་སྤྲོའི་སློབ་གསོའི་གཞུང་ལུགས་ཞེས་ཡོ་རུབ་དང་ཨ་རིས་གཙོས་པའི་འཛམ་གླིང་གི་ཡུལ་གྲུ་གང་སར་དར་ཁྱབ་བྱུང་ཞིང༌། ཁོང་གི་སློབ་གསོའི་གཞུང་ལུགས་ལ་རྒྱལ་ཁབ་༡༡ གི་མཐོ་སློབ་དང་ཚོགས་སྡེ་༣༢ ཀྱིས་གཟེངས་རྟགས་ཕུལ་ཡོད་ཅིང༌། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་འོས་གཞིའི་ནང་ཚུད་ཡོད། རྩོམ་སྒྲིག་པས།

མདུན་ཤོག

Menu