(དུས་དེབ་གོང་མའི་འཕྲོ།)   ཨེ་པ་བསོད་ནམས་རིན་ཆེན།

    དེ་ཡང་གླང་གི་ལུས་སྤྱི་དང༌། མགོ། རྭ། རྣ། སུག་བཞི། ཕོ་བ། སོ་མཚུལ་བཅས་ཀྱི་ཁ་དོག་དང༌། ཁ་དང་མཇུག་མའི་རྣམ་འགྱུར། གླང་གྲངས་ཞེས་གླང་མང་ཉུང༌། གཞན་ཡང༌། གླང་རྫིའི་ན་ཚོད་དང༌། གོས་མདོག །ལྟག་སྐྲའི་འཇོག་ཚུལ། ཞྭ་ལྷམ་གྱོན་མིན། དལ་བྲེལ། ལྕགས་ཚན། ས་ལ་གླང་དང༌། ནམ་མཁར་གཡུ་འབྲུག་གི་གྲངས་མང་ཉུང་བཅས་ལ་ལྟོས་ཏེ་ལོ་རེའི་འཕོ་འགྱུར་རྣམས་གསལ་བར་བྱས་ཡོད་པས། དེ་དག་སོ་སོའི་དཔྱད་གཞི་གང་ཡིན་དང༌། ཇི་ལྟར་དཔྱད་ཚུལ་སྐོར་མདོ་ཙམ་གླེང་བ་ལ།
    ༡། ས་གླང་གི་དཔྱད་གཞི། གཞུང་ལེའི་ནང༌། རྒྱ་ནག་གླང་རྩིས་ཀྱི་འགྲེལ་བཤད་དངོས་གཞིའི་ཐོག་མར། གནམ་ལོ་གང་ཡིན་དེའི་དཔྱིད་དབུགས་རྒྱ་ཟླ་གང་གི་ཚེས་གང་གི་དུས་གང་དུ་ཐོབ་ཡོད་མིན་བཀོད་ཡོད་པ་འདི་ནི་ས་གླང་གི་དཔྱད་གཞི་གཙོ་བོ་དེ་ཡིན། དེ་ཡང་དཔྱད་གཞིའི་གནམ་ལོ་དང༌། ཟླ་བ། ཞག་མ། དུས་ཚོད་བཅས་པ་འཕྱུག་མེད་གཏན་འཁེལ་རྩིས་རྗེས་དེ་དག་སོ་སོའི་འབྱུང་ལོའི་ཁམས་ལ་ལྟོས་ཏེ་ཁ་དོག་དབྱེ་བ་དང༌། ཁ་དོག་མི་འདྲ་བར་ལྟོས་ཏེ་འབྲས་བུ་མི་འདྲ་བའི་བཤད་པ་སྤེལ་ཡོད་པ་དེ་དག་ས་གླང་དང་སྦྱོར་ཚུལ་གཤམ་འཁོད་རེའུ་མིག་ཏུ་གསལ།  དེ་ལ་འབྱུང་བའི་ཁ་དོག་གི་དབྱེ་བ་ནི་འདི་ལུགས་རྩིས་ཀྱི་གཞུང་ན། ཤིང་ལྗང་མེ་དམར་ས་སེར་པོ། །ལྕགས་དཀར་ཆུ་ལ་ནག་པོར་གྲགས། །ཞེས་གསུངས་པ་ལྟར་ལགས།
    རྒྱུན་གཏན་གཞུང་ལེའི་ནང་ས་གླང་གི་རི་མོ་འདི་བཞིན་ཚོན་རིས་ནག་པོས་བྱས་ཡོད་སྟབས། དེའི་ཁ་དོག་རྣམས་ཡིག་ཐོག་ནས་གསལ་བཤད་བྱས་ཡོད་པ། དཔེར་ན། རབ་གནས་ཆུ་གླང་ལོའི་གླང་རྩིས་སྐབས། སྤྱིར་ཁྱུ་མཆོག་སྔོ་བ་ཡིས་ཞེས་གླང་གི་ལུས་སྤྱི་ཁ་དོག་སྔོན་པོར་བསྟན་པ་དང༌། བྱེ་བྲག་རྭ་རྣ་མཇུག་གསུམ་དམར་ཞེས་ཁ་དོག་དམར་པོར་བཤད་པ་ལྟ་བུའོ། །

དྲུག་པ། སོ་ནམ་ལས་རྩིས་བཤད་པ།

    སོ་ནམ་ལས་རྩིས་ཞེས་པ་བོད་ཀྱི་སྲོལ་རྒྱུན་སོ་ནམ་ཞིང་ལས་དང་འབྲེལ་བའི་རྩིས་དཔྱད་གལ་ཆེ་ཞིག་ཡིན། ས་བཅད་འདིའི་ནང༌། ས་ཞིང་འདེབས་འཛུགས་སྔ་ཕྱིའི་དུས་ཀྱི་བཟང་ངན་དང༌། ཞིང་ཆུ་འདྲེན་དུས། སོ་ནམ་ལས་སྣེ་གཏོད་པའི་རྟེན་འབྲེལ་བརྩི་བར་མེད་དུ་མི་རུང་བའི་ཏྲི་ཤུལ་འཁོར་ལོ་དང༌། ཐོང་གཤོལ་འཁོར་ལོའི་རྩིས། རྟ་བོང་སྒ་རྒྱག་ཅོ་བྲེག་བྱ་དུས་ཀྱི་ཚེས་ཆ་བཟང་ངན་བཅས་པ་གསལ་སྟོན་གྱིས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཀྱིས་བལྟ་བདེར་བཀོད་ཡོད་པས། འདི་ཉིད་མཁྱེན་རྟོགས་ཀྱིས་ལག་ལེན་དོན་འཁྱོལ་ཐུབ་ན། རྩི་ཤིང་ལོ་ཏོག་སོགས་ས་སྟེང་སྨིན་པའི་འབྲས་བུ་འབྲུའི་རིགས་དང༌། ལ་ཕུག་ཉུང་མ་སོགས་ས་འོག་སྨིན་པའི་རྩ་བའི་རིགས་ལ་ཕྱི་རོལ་འབྱུང་བཞིའི་གནོད་པས་མི་འཚེ་ཞིང༌། འཚེ་ཡང་ཉེན་ཆུང་བ། སྨིན་པའི་དུས་གཞན་ལས་ལེགས་པའི་དགེ་ཚན་ལྡན་ལ། ས་ཞིང་འདེབས་ལས་མཁན་གྱི་མི་ཕྱུགས་ལ་བར་ཆད་དང༌། ངལ་བས་མི་འཚེ་བ་སོགས་བཟང་འབྲས་ཁོ་ནའི་དགེ་མཚན་མངོན་དུ་གྱུར་པས་འདི་ཉིད་ལ་ས་མཐོའི་ངལ་རྩོལ་པ་རྣམས་ཀྱིས་སྔར་ནས་ལྟ་ཞིབ་ལག་ལེན་ནན་ཆེར་བྱེད་པ་ཡིན་ནོ། །
    སྐབས་སུ་བབས་པ་འདིར། སོ་ནམ་ལས་རྩིས་ཀྱི་རིམ་པ་དེ། ས་ཞིང་འདེབས་སྔ་ཕྱིའི་དུས་བརྟག་ཚུལ་དང༌། སོ་ནམ་དང་ཐོང་གཤོལ་འཁོར་ལོ་གཉིས་དང་བསྟུན་པའི་གཉའ་སྤྲོད་བྱ་ཚེས། གཞན་ཡང་རྟ་བོང་སྒ་རྒྱག་ཅོ་བྲེག་བྱ་ཚེས་བཅས་གསུམ་དུ་དབྱེ་སྟེ་ངོ་སྤྲོད་པ་ལ།

དང་པོ། སོ་ནམ་ལས་རྩིས་ལས་ས་ཞིང་འདེབས་པའི་དུས་བཤད་པ།

   གཞུང་ལེའི་ནང་སོ་ནམ་ལས་རྩིས་ཀྱིས་ཐོག་མར་མྱོས་ལྡན་སོགས་སྟོད་འགྲེལ་ལུགས་ལས་གསུངས་པའི་གནམ་ལོའི་འབྲས་བུ་མདོར་བསྡུས་བཀོད་ཐོག ཟླ་འདིའི་ཚེས་འདི་ནས་འདི་བར་ཞེས་སྐྱུང་ཞག་དང་ཤེ་མོ་ཞག་དགུ་ལ་ཁ་ཆར་བྱུང་མིན་དང་བསྟུན་ས་ཞིང་འདེབས་ཚོད་བྱ་ཕྱོགས། གཞན་ཡང༌། འདེབས་སྔ་ཕྱིའི་དུས་གང་དུ་འཁེལ་མིན་བཅས་གསལ་བར་བཀོད་ཡོད།

    གཉའ་སྤྲོད་བྱ་ཚེས་ཞེས་པ། ལོ་རེའི་ས་ཞིང་འདེབས་ལས་ཀྱི་ཐོག་མར་གཙུག་ལག་རྩིས་ཀྱི་དགོངས་དོན་དང་བསྟུན་པའི་དུས་བཟང་རྟེན་འབྲེལ་དགེ་ཉིན་ས་ཞིང་རྨོ་ལས་བྱེད་པའི་མཛོ་གཡག་རིགས་ལ་གཉའ་ཤིང་ཐོག་མ་བྱས་ཏེ་ལས་ལ་བཀོལ་བའི་བྱེད་སྒོ་ཞིག་ཡིན། ཚེས་ཆ་འདི་ནི་གཙོ་ཆེ་སོ་ནམ་འཁོར་ལོ་དང་ཐོང་གཤོལ་འཁོར་ལོའི་རྩིས་ལ་བརྟེན་ནས་ལས་སྣེ་གཏོད་པར་དུས་ཀྱི་ཚེས་གྲངས་བཟང་ངན་གཏན་འཁེལ་བྱས་པ་ཞིག་ཡིན་ལ། བྱེ་བྲག་ལོ་རེའི་ཀེག་རྩིས་དང༌། བུམ་སྟོང་འཁོར་ལོ། གནམ་ལོའི་ཕྱོགས་དཀར་བཅས་ཀྱི་རྟེན་འབྲེལ་ལ་ལྟོས་ཏེ་སོ་ནམ་ལས་སྣེ་གཏོད་པ་པོའི་ཐོང་མཁན་ལོ་བཟང་ངན་དང༌། ཕྱོགས་དཀར་གསལ་སྟོན་གྱིས་གཉའ་སྤྲོད་ཀྱི་རིམ་པ་རྣམས་བཀོད་པ་ནང་དོན་ཞིབ་ཕྲ་གཞུང་ལེའི་ནང་གསལ་བས་རྒྱས་བཤད་མི་དགོས།

གསུམ་པ།  སོ་ནམ་འཁོར་ལོ་དང་ཐོང་གཤོལ་འཁོར་ལོའི་ངོ་སྤྲོད།

    སོ་ནམ་འཁོར་ལོ་དང་ཐོང་གཤོལ་འཁོར་ལོ་ནི་སོ་ནམ་ལས་སྣེ་གཏོད་པའི་རྟེན་འབྲེལ་བརྩི་བ་ལ་མེད་མི་རུང་བའི་དབྱངས་འཆར་རྒྱུད་དངོས་བསྟན་གྱི་འཁོར་ལོ་ཞིག་ཡིན་ཅིང༌། གཞུང་ལེའི་ནང་འདི་གཉིས་པོའི་གཟུགས་བཀོད་མེད་ཀྱང༌། སྐབས་སུ་གཤམ་འཁོད་འཁོར་ལོ་སོ་སོའི་གཟུགས་དབྱིབས་ལྟར་ངོ་སྤྲོད་མདོར་བསྡུས་བྱ་བ་ལ།
༡། སོ་ནམ་འཁོར་ལོ། སོ་ནམ་འཁོར་ལོ་འམ་ཏྲྀ་ཤུལ་འཁོར་ལོ་ནི་རྩ་བ་གསུམ་དང༌། རྩེ་མོ་དགུ་ཅན་ཉིད་འཕྲེད་དུ་རེ་ཁཱ་གསུམ་གྱིས་བཅད་པའི་འཁོར་ལོ་ཞིག་ཡིན་ཅིང༌། གཡས་གཡོན་ཡན་ལག་དང༌། སྟེང་རྩེ་མོ། འོག་ལ་རྩ་བའི་ཐ་སྙད་བྱས་པའི་གནས་སོ་སོའི་སྟེང་བཀོད་པའི་ཨང་ཀི་རྣམས་ནི་རྒྱུ་སྐར་ཉེར་བདུན་ཡིན་པས། བརྟག་དཔྱད་དངོས་གཞིའི་སྐབས་ལས་སྣེ་གཏོད་ཉིན་ཉི་མ་ཁྱིམ་གར་གནས་ཀྱི་ཉི་སྐར།ཉི་སྐར། ཟླ་སྐར་ཞེས་པ་གཤམ་དུ་ངོ་སྤྲོད་རྒྱུ།དེ་དབུས་ཀྱི་རྩེ་མོ་བར་པའི་སྟེང་བཞག་སྟེ་རིམ་པ་རྒྱུ་སྐར་ཨང་ཀིའི་གོ་རིམ་ལྟར་རྒྱུ་སྐར་ཉེར་བདུན་འདི་ནི་ཉི་སྐར་དབུས་ཀྱི་རྩེ་མོ་བར་པར་བཞག་སྟེ་བཀོད་པའི་རིམ་པའོ།།རྫོགས་པར་བཀོད་རྗེས། དེ་ཉིན་ཟླ་བས་འཁྱུད་པའི་སྐར་མ་དེ་རྩ་བ་སོགས་འཁོར་ལོའི་གནས་གར་ཡོད་པ་ལ་ལྟོས་ཏེ་འབྲས་བུ་བཟང་ངན་བརྩི་བ་སྟེ། དེ་ལ་ཟླ་སྐར་རྩེ་མོ་དགུར་སོང་ན་ལོ་ཏོག་འཕེལ་བ་དང༌། རྩ་བ་གསུམ་ལ་སོང་ན་འབྲས་བུ་མེད། བར་འཛོམས་བཞི་སྟེ་དབུས་སུ་སོང་ན་བཏང་སྙོམས། ཡན་ལག་ལ་སོང་ན་བདེ་ལེགས་འབྱུང་བར་ལུང་བསྟན་པ་ཡིན་ནོ། །
 ༢། ཐོང་གཤོལ་འཁོར་ལོ།   ཐོང་གཤོལ་འཁོར་ལོ་ནི། གཉའ་ཤིང་དང་ཐོང་གཤོལ་གཉིས་ལས་གྲུབ་པའི་འཁོར་ལོ་ཞིག་ཡིན་ཅིང༌། དེ་ལ་གཉའ་ཤིང་ཞེས་པ་མཛོ་གཡག་སོགས་ཐོང་གཤོལ་འདྲུད་མཁན་གྱི་ཕྱུགས་ཀྱི་གཉའ་བར་འགེལ་བྱེད་ཀྱི་ཤིང་ཡིན་པ་དང༌། ཐོང་གཤོལ་ནི་ས་ཞིང་རྨོ་བྱེད་ཀྱི་ཞིང་ཆས་གཙོ་བོ་ཞིག་ཡིན། དེ་ལ་དབྱེ་ན་རྩེ་མོ་དང་ས་མཐོང༌། མི་མཐོང༌། འཆང་བཟུང༌། གཤོལ་མདའ་བཅས་ཡོད།
༡། རྩེ་མོ་ནི།  ས་སློག་བྱེད་ཀྱི་ལྕགས་རྣོ་ངར་ཅན་ཏེ་གཤོལ་ལྕགས་ཞེས་ཀྱང་འབོད།
༢། ས་མཐོང༌།  ས་སློག་སྐབས་གཤོལ་ལྕགས་དང་ལྷན་དུ་ས་འོག་འཛུལ་བའི་ཆ་སྟེ་ས་མཐོང་བའི་གནས། རྒྱུ་སྐར་ཨང་ཀི་༣༤༥ བཀོད་པའི་གནས་ལ་བརྗོད།
༣། མི་མཐོང༌། རྒྱུ་སྐར་ཨང་ཀི་༦༧༨ བཀོད་པའི་གནས་ཏེ་ས་མི་མཐོང་བའི་ཆའོ།།
༤། འཆང་བཟུང༌། ཐོང་མཁན་གྱིས་ལག་པ་འཆང་སའི་གནས་སྟེ་རྒྱུ་སྐར་ཨང་ཀི་ ༩ ༡༠ བཀོད་པའི་ཆ་དེའོ། །
༥། གཤོལ་མདའ།   གཉའ་ཤིང་དང་འབྲེལ་བྱེད་ཀྱི་ཤིང་མདའ་ལྟར་དྲང་ལ་རིང་བ་དེ་ཡང་རྒྱུ་སྐར་ཨང་ཀི་༡༠ ནས་༢༠ བར་བཀོད་པ་དེའོ། །
    ཐོང་གཤོལ་འཁོར་ལོ་འདིར་ཡང་གོང་བཞིན་ཉི་མས་འཁྱུད་པའི་སྐར་མ་དེ་གཤོལ་ལྕགས་ཀྱི་རྩེ་མོར་བཀོད་ཐོག་ཟླ་སྐར་གནས་གང་དུ་སོང་ཟིན་ལ་བརྟགས་ཏེ་བཟང་ངན་གྱིས་་བཤད་པ་འབྱེད་པ་སྟེ། ཟླ་སྐར་ལྕགས་རྩེ་ལ་སོང་ན། ལོ་ཏོག་བཙའ་ཡིས་འཁྱེར་བ་དང༌། ས་མཐོང་དུ་སོང་ན་ལོ་ལེགས་ཀྱང་སྲོག་ཆགས་སྡང༌། མི་མཐོང་ལ་སོང་ན་འབྲུ་འཕེལ་ལེགས། འཆང་བཟུང་ལ་སོང་ན་ལོ་ནད་འོང༌། གཉའ་ཤིང་ལ་སོང་ན་ལོ་ཏོག་དགྲས་འཇོམས། གཤོལ་མདར་སོང་ན་བཏང་སྙོམས་ཞེས་པ་དང༌། གཞན་ཡང་འཆང་བཟུང་ལ་སོང་ན་ཐོང་མཁན་དང་གཉའ་ཤིང་ལ་སོང་ན་ཕྱུགས་ལ་ངན་ཚུལ་སོགས་ཀྱི་བཤད་པ་བྱ་ཚུལ་སྣ་ཚོགས་ཡོད་དོ། །

བཞི་པ།   རྟ་བོང་སྒ་རྒྱག་དང་ཅོ་བྲེག་བྱ་ཚེས།

    དེ་ཡང་སྔོན་གྱྀ་དུས་སུ་དངོས་ཟོག་དབོར་འདྲེན་དང་ཐག་རིང་བགྲོད་པ་སོགས་ལ་སྣུམ་འཁོར་སོགས་འཕྲུལ་ཆས་རིགས་མེད་སྟབས། ཡུལ་ལུང་ཕལ་ཆེ་བས་རྟ་བོང་སོགས་རྨིག་ཟླུམ་ནོར་ལ་བརྟེན་ཏེ་དངོས་ཟོག་དབོར་འདྲེན་དང་འགྲུལ་བཞུད་བྱ་ཡི་ཡོད་སྟབས། མི་དང་དངོས་པོ་འཁུར་མཁན་རྟ་བོང་གཉིས་ཚད་ལྡན་འགྲོས་ལེགས་ལྡན་པ་ཞིག་གསོ་སྐྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་ཞིག་ཡིན། དེ་ལ་རྟ་བོང་སྒ་རྒྱག་ཅོ་བྲེག་ཅེས་པ་རྟ་བོང་འཚར་ནས་མི་དང་དངོས་ཟོག་ཁུར་དུས་ཀྱི་ན་ཚོད་ལ་སླེབས་སྐབས་ཐོག་མར་རྟེན་འབྲེལ་བྱེད་སྒོའི་རིམ་པ་ཞིག་ཡིན་ཅིང༌། དེ་ཡང་རྟ་བོང་གི་ན་རིམ་ལ། ཐོག་མར་བཙས་ནས་ལོ་གཉིས་རིང༌། རྟ་ལ་རྟེའུ་དང༌། བོང་བུར་བོང་ཕྲུག་ཅེས་དང༌། དེ་རྗེས་ལོ་གསུམ་པར་ཅོ་ཏོ། བཞི་པར་སྒ་རྒྱག་ཅེས་བརྗོད་སྲོལ་ཡོད་པ་བཞིན་སྒ་རྒྱག་སྔོན་ཅོ་བྲེག་ཅེས་སྒལ་སྤུ་འབྲེག་བཅོས་བྱེད་པ་དང༌། དེ་རྗེས་ལོ་གཉིས་པར་སྒ་རྒྱག་ཅེས་སྒ་བརྒྱབ་སྟེ་རང་གི་ལས་བྱ་བའི་རྟེན་འབྲེལ་བྱེད་པ་ཡིན།
     རྟ་བོང་སྒ་རྒྱག་དང་ཅོ་བྲེག་པ་ལ་རྟེན་འབྲེལ་བརྩི་བའི་སྲོལ་འདི་ནི་རང་ཡུལ་ཞིང་འབྲོག་ཁུལ་དུ་ལོ་རྒྱུས་རིན་ཐང་རྒྱུན་རིང་ལྡན་པའི་གོམས་སྲོལ་ཞིག་ཡིན་ལ་གཙུག་ལག་རྩིས་རིག་པའི་མ་ཟིན་ནང་ཡང་གསལ་བ་ཞིག་ཡིན་པས། དེ་ཉིད་ཀྱི་ཚེས་ཆ་ཞིབ་པ་གཞུང་ལེའི་ནང་ལོ་དཔྱད་ཀྱི་ཐ་མར་བཀོད་ཡོད་པ་བཞིན་གནའ་སྲོལ་དེང་འཛིན་གྱིས་དེ་དོན་བླང་དོར་མི་འཛོལ་བ་གནང་རྒྱུ་བཅས་གལ་ཆེའོ། །  
སྨྲས་པ། འཇིག་རྟེན་ལས་གང་སྒྲུབ་ཀྱང་ཧོལ་རྒྱུག་རང་མིན་པར། །རྒྱུ་འབྲས་དགེ་སྡིག་སྲུང་བ་རྩ་བ་རུ་བཀུར་ཅིང༌། །གང་བརྩམས་རྟེན་འབྲེལ་བརྩི་བ་མེས་པོ་ཡི་གཤིས་བཟང༌། །རྟེན་འབྲེལ་ཆོས་ལ་དད་པའི་ལག་རྗེས་དེ་མཚར་བྱུང༌། །

ས་བཅད་བཞི་པ།  ཉི་ཟླ་གཟའ་འཛིན།

༄༅། །གཟའ་འཛིན། ཞེས་པའི་ལེ་ཚན་འདི་ནི་ལེ་ཐོ་སྤེལ་ལོ་དེར་མཁའ་ལ་ཟླ་ཉི་གྲིབ་པའི་མངོན་ཚུལ་ཅི་འོང་མ་འོངས་སྔོན་རྩིས་ཀྱིས་གསལ་བརྡ་བྱས་པ་ཞིག་ཡིན། དེ་ཡང་བོད་རྩིས་རིག་པའི་རྩི་ཐབས་ལ་བསྟེན་ནས་ཟླ་ཉི་འགྲིབ་སྔ་ཕྱིའི་དུས་དང༌། གྲིབ་ཆ་ཆེ་ཆུང༌། སོས་དུས་སོགས་ཀྱི་རིམ་པ་རྣམ་གསལ་བར་བརྩིས་ཐོག་ཟླ་ཉི་གྲིབ་པའི་ཡུན་དུས་སོ་སོར་དགེ་ལས་གྲུབ་པའི་འགྱུར་ཁྱད་དང་བརྟག་པ་བྱ་ཚུལ་གྱི་གནད་ཀ་དག་རྒྱ་ཆེའི་མི་དམངས་ལ་ངོ་སྤྲོད་གསལ་སྟོན་བྱས་ཡོད། ང་ཚོས་ལེ་ཚན་འདིའི་ནང་ཟླ་ཉི་གཉིས་པོའི་འཛིན་དུས་སྔ་ཕྱི་དང༌། གྲིབ་ཆ་ཆེ་ཆུང༌། དགེ་བའི་འགྱུར་ཁྱད་སོགས་གཟིགས་རྟོགས་ཐུབ་ན་འགྲིགས་མོད། འོན་ཏེ་དེང་རང་རེའི་སྤྱི་ཚོགས་ནང་ཟླ་ཉི་འཛིན་ཚུལ་སྐོར་གྱི་ཤེས་བྱའི་ཐད་མཁྱེན་རྟོགས་ཐུབ་མཁན་ཉུང་བ་མ་ཟད། འདི་ཐད་བོད་རྩིས་རིག་པའི་དགོངས་དོན་དང་མཐུན་པའི་འགྲེལ་བརྗོད་བྱ་མཁན་ནི་ཤིན་ཏུ་ནས་དཀོན། མི་ཉུང་བ་ཞིག་གིས་ཉི་ཟླ་གཟའ་ཨོག་རལ་གྱིས་འཛིན་བཞིན་ཡོད་པའི་སྔ་མོའི་རིག་བྱེད་ཀྱི་གཏམ་འགའ་བསྲེས་ལྷད་ཀྱིས་བཤད་རྒྱུན་དྲི་མ་ཅན་རེ་ཟུང་ལུང་དྲངས་ཏེ་བོད་རྩིས་རིག་པའི་ངོས་འཛིན་ཀྱང་དེ་ལྟར་མིན་ནམ་སྙམ་པའི་བློ་དོགས་ཟ་བཞིན་ཡོད་པ་སོགས་ཕྱི་ནང་རྐྱེན་འབའ་ཞིག་ལ་ལྟོས་ཏེ་སྐབས་སུ་ཉི་ཟླ་འཛིན་པའི་ལེ་ཚན་ལྟ་སྟངས་དངོས་མ་བཀོད་སྔོན། ཕྱི་ལུགས་དང་བོད་ལུགས་རྩིས་རིག་པ་སོ་སོས་ཟླ་ཉི་གྲིབ་ཚུལ་ཐད་འགྲེལ་བརྗོད་ཇི་ལྟར་བྱ་ཡི་ཡོད་པ་དང༌། བྱེ་བྲག་བོད་རྩིས་རིག་པའི་ཟབ་ཁྱད་ཀྱི་ལྟ་ཚུལ་ཇི་ཡིན་སྐོར་ངོ་སྤྲོད་མདོར་བསྡུས་གླེང་བ་ལ།

དང་པོ། སྔོན་གླེང༌།

    སྤྱིར་ཉི་ཟླ་གཟའ་གཉིས་ནི་ངེད་མིའི་རིགས་འཚོ་བའི་ས་ཡི་གོ་ལ་འདི་དང་འབྲེལ་བ་ཆེས་ཉེ་བའི་སྐར་ཁྱིམ་གྱི་གོ་ལ་ཞིག་ཡིན་པར་མ་ཟད། དམིགས་བསལ་འགྲོ་བ་མིའི་རིགས་ཀྱི་ལུས་ཁམས་ཀྱི་བདེ་སྡུག་དང་ཐད་ཀར་རྟེན་ལྟོས་ཀྱི་འབྲེལ་བ་ཡོད་པའི་གཟའ་སྐར་གཙོ་བོའི་གྲས་ཤིག་ཀྱང་ཡིན། བོད་རྩིས་རིག་པའི་ནང་ཟླ་ཉི་སོ་སོའི་དཀར་ཆའི་འཕེལ་འགྲིབ་དང༌། འབྱུང་ཁམས་བགྲོད་ཚུལ་སོགས་རྩ་བའི་ཤེས་བྱ་རྣམས་སྤྱི་བསྡོམས་ཀྱི་ཚུལ་དུ་གསུང་བ་ཙམ་ལས། བྱེ་བྲག་དངོས་པོའི་གྲུབ་ཚུལ་འདི་དང་འདི་ཡིན་ཞེས་ཕྱི་ལུགས་གནམ་རིག་ཚན་རིག་པས་འགྲེལ་བརྗོད་བྱས་པ་ལྟར་གསལ་ཁ་མེད་ཅེས་གླེང་ཆོག དེང་ཕྱི་རོལ་དངོས་པོ་གཙོར་འཛིན་གྱི་རིག་པ་སྨྲ་བའི་ཚན་རིག་མཁས་པ་དུ་མས་ཟླ་ཉི་གཉིས་པོའི་སྐོར་ཤེས་རྟོགས་བྱུང་བ་ནི་སྤྱིར་བཏང་ཞིག་མ་ཡིན་ལ། ལྷག་པ་ཨ་རི་དང༌། འཇའ་པཎ་མཁའ་བསྐྱོད་གནམ་རིག་པས་སྔ་ཕྱིར་ཟླ་བའི་ནང་འཕུར་བསྐྱོད་ཀྱིས་ཟླ་བའི་གནས་སྟངས་ལ་ཞིབ་འཇུག་གང་ཟབ་བྱེད་བཞིན་ཡོད་པ་མ་ཟད། ཉེ་བའི་ཆར་ཟླ་བའི་ནང་ཆུ་ཡོད་མེད་འཚོལ་ཞིབ་ཀྱིས་ཐེངས་དང་པོར་ཚན་རིག་པ་འགའ་གནས་བཅས་ཏེ་རྒྱུ་སྐར་གཞན་དང་གཞན་ལ་ཤེས་རྟོགས་ཀྱིས་འགྲོ་བ་མིའི་རིགས་ལ་འཚོ་གནས་གསར་པ་ཞིག་བསྐྲུན་ཐུབ་པའི་རེ་བའི་མིག་འབུར་ཟུམ་པ་མེད་པར་བར་སྣང་སྟོང་པར་ཕྱོགས་བཞིན་འདུག འོན་ཏེ་དོན་དངོས་ཉི་ཟླ་གཉིས་དང་ས་ཡི་གོ་ལ་དེ་བཞིན་སྐར་ཁྱིམ་གཞན་བར་གྱི་རྟེན་འབྲེལ་གྱི་ཚུལ་ལ་ཞིབ་འཇུག་བྱ་རྒྱུ་ཕྱི་ཐལ་ཐག་རིང་དུ་ལུས་ཡོད་པ་ལྟ་ཅི། དེ་དག་དང་ནང་བཅུད་ཀྱི་འགྲོ་བའི་བར་གྱི་བདེ་སྡུག་གི་འབྲེལ་བའི་སྐོར་ལ་མཚོན་ན་ང་ཚོའི་མེས་པོ་གོང་མ་རྣམས་ཀྱིས་མི་ལོ་ཉིས་སྟོང་དང་བརྒྱ་ཕྲག་དུ་མའི་སྔོན་ནས་གསུངས་པའི་སྟོན་པ་ཚད་མའི་སྐྱེས་བུ་གང་གིས་བསྟན་པའི་གསུང་ཚད་མར་བཟུང་སྟེ་བརྟག་ཐབས་དང༌། སྒོམ་ལམ་གྱི་རྣམ་རིག་བེད་སྤྱད་དེ་ཕྱི་གཟའ་སྐར་གྱི་བགྲོད་པ་བརྩི་བའི་རིག་པར་གསར་གཏོད་དང་དར་འཕེལ་ཞིབ་འཇུག་གནང་ཡོད་ལ། ཕྱིའི་གཟའ་སྐར་གྱི་ཚོགས་དང་ནང་མིའི་ལུས་ཁམས་བར་གྱི་འབྲེལ་བ་ནི་ཆེས་རིན་ཐང་ལྡན་པ་ཞིག་ཏུ་ངོས་འཛིན་ཐོབ་སྟེ་ཕྱིའི་གཟའ་སྐར་ལ་བརྟེན་པའི་ནང་མིའི་བདེ་སྡུག་གི་རྣམ་བཤད་གཏན་ལ་ཕབ་ཡོད། ལྷག་པར་དུས་རྟེན་ཁྱད་པར་བ་དེ་ཉིད་བརྩི་བ་ལ་བརྟེན་ཏེ་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་མཐུན་རྐྱེན་ཇི་ལྟར་བསྐྲུན་པའི་དགེ་མཚན་རྨད་དུ་བྱུང་བའི་རིག་པའང་ལག་ལེན་ཐོག་ནས་ངོ་སྤྲོད་གནང་ཡོད།

གཉིས་པ། ཟླ་ཉི་ཇི་ལྟར་སྒྲིབ་པའི་རྒྱུ་རྐྱེན་བཤད་པ།

   ཟླ་ཉི་ཇི་ལྟར་སྒྲིབ་པའི་རྒྱུ་རྐྱེན་ནམ། ཟླ་བ་དང་ཉི་མ་གཉིས་པོ་གཟས་འཛིན་པའི་སྣང་ཚུལ་བྱུང་བཞིན་པ་དེའི་རྒྱུ་མཚན་གང་འདྲ་ཡིན་སྙམ་ན། འདིའི་ཐད། ཕྱི་ལུགས་དང་རང་ལུགས་གཉིས་ཀྱིས་བཤད་པ་བྱ་ཚུལ་མི་འདྲ་ལ། རང་ལུགས་ལའང་རིག་བྱེད་དང་མདོ་འགྲེལ། དུས་འཁོར་སོགས་མདོ་རྒྱུད་གསུང་རབ་ཀྱི་དགོངས་པ་འདྲ་མིན་ཡོད།
   དང་པོ།  ཕྱི་ལུགས་པས་ཟླ་ཉི་འཛིན་པའི་རྒྱུ་རྐྱེན་གཙོ་བོ་ནི་ཟླ་བ་དང༌། ཉི་མ། སའི་གོ་ལ་གསུམ་པོའི་རང་འགྲོས་ཀྱི་རྒྱུ་ལམ་འཕྲེད་ཐིག་གཅིག་གི་སྟེང་འཁེལ་བ་ལས་འབྱུང་བར་བཤད་ཅིང༌། བྱེ་བྲག་ཟླ་བ་ཉི་མ་དང་གོ་ལའི་བར་དུ་སླེབས་པའི་སྐབས་ཟླ་གཟུགས་ཀྱིས་ཉི་འོད་འགྲིབ་པས་སར་ཉི་འཛིན་གྱི་སྣང་བ་འབྱུང་བར་བཤད་པ་དང༌། གོ་ལ་ཟླ་ཉི་གཉིས་པོའི་བར་དུ་བགྲོད་པའི་ཚེ་གོ་ལའི་གཟུགས་ཀྱིས་ཉི་འོད་འགྲིབ་པས་ཉི་མའི་འོད་དེ་ཟླ་གཟུགས་སྟེང་འཕྲོད་མི་ཐུབ་པའི་སྣང་ཚུལ་ལས་སར་ཟླ་འོད་འགྲིབ་པ་སྟེ་ཟླ་འཛིན་གྱི་མངོན་ཚུལ་འབྱུང་བར་བཤད་པ་ཡིན།
   གཉིས་པ།  རང་ལུགས་ཟླ་ཉི་སྒྲིབ་པའི་རྒྱུ་རྐྱེན་ཐད་རིག་བྱེད་དང༌། དུས་འཁོར་སོགས་ཀྱི་འཆད་ཚུལ་འགའ་ཞིག་ཡོད་པ་ལས་འདིར་མདོ་དང་རིག་བྱེད་སོགས་དཔེ་མཚོན་འགའ་སྤྱིར་བཤད་པ་དང༌། དུས་འཁོར་དགོངས་འགྲེལ་བོད་རྩིས་རིག་པའི་ལྟ་ཚུལ་འཁྲུལ་བྲལ་བྱེ་བྲག་ཏུ་བཤད་པའོ། །
  ཀ༽  དྲང་དོན་དྲན་པ་ཉེ་བར་བཞག་པའི་མདོ་ལས། སྔར་རི་རབ་ཁོངས་ན་གནས་པའི་ནགས་ཚལ་གྱི་ཀློང་ན་ལྷ་རྣམས་རྩེད་འཇོར་རོལ་བའི་སྐབས། སེང་གེ་མོའི་བུ་སྒྲ་གཅན་ཞེས་པ་བལྟ་བར་འདོད་པས། ཉི་མའི་འོད་ཀྱིས་མིག་ལ་གནོད་དེ་མ་མཐོང་བས། ཁོ་ཁྲོས་པས་ལག་པ་གཉིས་ཀྱིས་བཀབ་པས་ནོར་བུའི་རྒྱན་གྱི་གཟིས་ཉི་མའི་དཀྱིལ་འཁོར་འགྲིབ་པས་ཉི་འཛིན་བྱུང་བ་དང༌། དེ་བཞིན་ལྷ་མོར་ཆགས་པས་རེག་འདོད་པའི་ཕྱིར་ཟླ་དཀྱིལ་ཀྱང་འགྲིབ་པས་ཟླ་འཛིན་བྱུང་བར་བཤད།
  ཁ༽ ཉི་ཟླའི་མདོར། ལྷའི་བུ་ཉི་ཟླ་གཉིས་ལྷ་མིན་སྒྲ་གཅན་གྱིས་བཟུང་བའི་རྗེས་དྲན་པས་སྐྱབས་བྱས་ཏེ་སངས་རྒྱས་ལ་འབོད་པས་སངས་རྒྱས་ཀྱིས་སྒྲ་གཅན་ལ་ཚིགས་བཅད་གསུང་བའི་རྐྱེན་བྱས་བདེན་པ་མཐོང་སྟེ་བཏང་བས་སྔར་གྱི་གཟུགས་བསྒྱུར་བར་བཤད།
   ག༽ ཐུན་མོང་རིག་བྱེད་གཏམ་རྒྱུད་དུ།  སྔོན་རྫོགས་ལྡན་གྱི་མཇུག་ཏུ་བདུད་རྩི་ས་ཞག་ལ་སོགས་པའི་ཟས་ཟོས་པས་རྫུ་འཕྲུལ་དང་ལུས་ཀྱི་འོད་ཉམས་ནས་མིའི་འཇིག་རྟེན་དུ་མུན་པ་བྱུང་བའི་ཚེ། འོ་མའི་མཚོ་དབུས་ནས་བཅུད་ཀྱིས་གང་བའི་ཆུ་ཤེལ་གྱི་བུམ་པ་ཞིག་ཡོད་པ་སྒྲ་གཅན་གླིང་བཞིར་རྒྱུ་སྐབས་མཐོང་བས་ལྷ་དང་ལྷ་མིན་རྣམས་ལ་དེ་ལྟར་སྨྲས་པས། དེ་དག་གིས་རི་རབ་ཀྱིས་སྲུབ་ཤིང་དང་ཀླུ་ནོར་རྒྱས་ཀྱིས་བསྲུབ་ཐག་བྱས། མེས་པོ་ཚངས་པས་སྤྱི་བོ་མནན། འོག་ཏུ་རུས་སྦལ་གྱི་རྒྱབ་རྟེན་བྱས་ཏེ་རྒྱ་མཚོ་བསྲུབས་པར་རིམ་པས་ཉི་མ་དང༌། ཟླ་བ། ཡོངས་འདུ། ལྷ་མོ་དཔལ་མོ། ནག་པོ་བརྩེགས་པ། བདུད་རྩི་རྣམས་བྱུང་བ་ལས། བདུད་རྩི་ལྷ་མ་ཡིན་གྱིས་འཁྱེར་བས་ལྷ་རྣམས་ཡིད་མུག་པའི་ཚེ་ཁྱབ་འཇུག་བུད་མེད་དུ་སྤྲུལ་ཏེ་ལྷ་མ་ཡིན་རྣམས་ཀྱི་དྲུང་དུ་སོང༌། དེ་ཚེ་ལྷ་མ་ཡིན་རྣམས་ཀྱི་ཁྱབ་འཇུག་ཁོ་བོ་ཅག་གི་བུད་མེད་དུ་འཁྲུལ་ཏེ་བདུད་རྩི་སྲུང་མར་བཞག་པས་དེས་བདུད་རྩི་བརྐུས་ཏེ་ལྷའི་གནས་སུ་འཁྱེར། དེར་སྒྲ་གཅན་ལྷའི་ཆ་ལུགས་སུ་བསྒྱུར་དེ་བདུད་རྩིའི་སྐལ་བ་སློང་དུ་སོང་བས། བདུད་རྩི་ཐོབ་པ་དང་ཟླ་བས་མཐོང་སྟེ་དེ་ནི་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ནོ་ཞེས་སྨྲས་པས། དེ་མ་ཐག་སྒྲ་གཅན་བྲོས་པ་ན་ཁྱབ་འཇུག་གིས་འཁོར་ལོ་འཕངས་པས་སྐེ་བཅད་དེ་ལུས་བྱིངས་ཤི་བར་གྱུར་ཀྱང་བདུད་རྩི་ཐོབ་པའི་མཐུས་མགོ་བོ་མ་ཤི་བར་གནས་ཅིང་ཟླ་བས་བྱ་བཏང་བའི་འཁོན་འཛིན་གྱིས་བཅོ་ལྔའི་དུས་ཟླ་བ་སྒྲིབ་པར་བཤད།
གཉིས་པ།  དུས་འཁོར་དགོངས་འགྲེལ་རང་ལུགས་བོད་རྩིས་ལུགས་ལས་ཟླ་ཉི་སྒྲིབ་པའི་རྒྱུ་རྐྱེན་ལ་ཕྱི་ནང་གཞན་གསུམ་ལས།
དང་པོ། ཕྱི་ལྟར་ན་སྒྲ་གཅན་ཞེས་པ་ལུས་ནམ་མཁའ་སྟོང་པའི་རང་བཞིན་སྐར་ཁྱིམ་ཁྱོན་ཀུན་ཏུ་ཁྱབ་པ་ལ་མགོ་མཇུག་བཻཌཱུརྱའི་མདོག་འཛིན་པ་སྐར་ཁྱིམ་གོ་ལའི་ཕྱེད་ཕྱེད་དུ་གནས་པར་གསུངས། དེ་ཡང་བསོད་ནམས་ལྡན་པས་གཡས་སུ་སྐོར་ཞེས་ཟླ་ཉི་སོགས་གཟའ་གཞན་རྣམས་རང་འགྲོས་གཡས་སུ་སྐོར་བ་ལ་སྒྲ་གཅན་ཉིད་གཡོན་དུ་འཁོར་བར་བྱེད། དེས་རྒྱུན་དུ་ལུས་ཀུན་གང་དང་འཕྲད་ཀྱང་ཉི་ཟླའི་འོད་སྒྲིབ་པ་མེད་ལ། མགོ་ལུས་བཻཌཱུརྱའི་རང་བཞིན་གང་རུང་དང་འཕྲད་པ་དེས་ཟླ་ཉི་སྒྲིབ་པར་གསུངས། རྒྱུ་མཚན་དེའི་ཕྱིར་རྩིས་གཞུང་དུ་སྒྲ་གཅན་རླུང་དང་ནམ་མཁའི་ཁམས་སུ་འཇོག་པ་ལ་འདིའི་རང་འགྲོས་ཀྱང་གཡོན་དུ་ལོངས་སྤྱོད་ལྡོག་པའི་ཚུལ་གྱིས་འཕོ་བར་བསྟན་པར་མ་ཟད་དམིགས་བཀར་གཟའ་འདིའི་ལོངས་སྤྱོད་ལས་གཟའ་གཞན་གྱི་ལོངས་སྤྱོད་སྤྲོ་ཚུལ་ཡང་བསྟན་ཡོད་པ་འདི་ནི་ཕྱི་དུས་འཁོར་བོད་ལུགས་སྐར་རྩིས་རིག་པའི་འདོད་ཚུལ་མཐར་ཐུག་ཅིག་ཡིན་ལ། ཕྱི་ནང་གཞན་གསུམ་འགལ་མེད་རྒྱུ་མཚན་ལྡན་པའི་ཤེས་བྱེད་ཀྱི་རྩ་བ་ལྟ་བུའང་ཡིན།
      གཉིས་པ། ནང་མིའི་ལུས་ཁམས་ཀྱི་རྟེན་རྩ་དབུ་རྐྱང་རོ་གསུམ་དང་སྦྱར་བའི་ལུགས་ལྟར་ན། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་གཞུང་ན། ནང་གི་ཉི་ཟླ་སྒྲ་གཅན་ཞེས་ཐོག་མར་མངལ་ཆགས་པའི་སྐབས་ནང་གི་སྲོག་རླུང་དང༌། ཁམས་དཀར་དམར་གྱི་རྟེན་རྩ་དབུ་རྐྱང་རོ་གསུམ་དང་སྦྱར་ཏེ་གསུངས་པའང་དབུ་མའི་ཡས་ཀྱི་རྩེར་ཕ་ལས་བྱུང་བའི་ཁམས་དཀར་ཡུངས་འབྲུ་ཙམ་པའི་ཧཾ་སྒྲ་གཅན་དང༌། མས་རྩེར་མ་ལས་བྱུང་བའི་ཁམས་དམར་ཨ་ཤད་ཅན་དུས་མེ་རྒྱུ་བར་བཤད་ལ། སྙིང་ཁ་ཆོས་འཁོར་གྱི་ཕྱོགས་དང་མཚམས་ཀྱི་རྩ་འདབ་བརྒྱད་ལ་གཟའ་གཞན་བརྒྱད་གནས་པར་བཤད་པའི་བྱེ་བྲག་གཡས་སུ་ཉི་མའི་རྩ་དམར་སེར་ཞེས་རོ་མ་དང་འབྲེལ་བར་རྒྱུ་བ་དང༌། གཡོན་ཕྱོགས་ཟླ་བའི་རྩར་ཨི་ཊ་རྐྱང་མ་དང་འབྲེལ་བ་རྒྱུ་བར་བཤད་པས་དེ་གཉིས་ཀར་སྤྱི་བོའི་ཧཾ་ཁམས་དཀར་དང་རྩ་བའི་ཨ་ཤད་ཁམས་དམར་སྦྱོར་བ་ནང་དུ་སྲོག་གི་རླུང་དེ་དཀར་དམར་སོ་སོ་དང་སྦྱོར་བས་ཕྱི་རོལ་སྒྲ་གཅན་འཇུག་པ་དེ་ཡང་གཉིས་ཀ་ལྷན་ཏུ་སྦྱོར་བས་ཉི་འཛིན་དང༌། ཨི་ཊའི་ཁམས་རྐྱང་མ་དང་སྦྱར་བས་ཟླ་བ་འཛིན་པར་བྱེད་དོ། །དེ་ཡང་དུས་འཁོར་བསྡུས་རྒྱུད་ཡེ་ལེའི་ཕྲེང་འཛིན་བརྒྱ་དང་རེ་གཅིག་ལས། ཟླ་བ་ཉི་མའི་གཟུགས་ནི་ཟོས་ན་མཁའ་ལ་ཉིན་མོ་དང་ནི་མཚན་མོ་ནམ་ཡང་མུན་པ་ཉིད། །ཐུན་མཚམས་དེ་ནི་ལུས་ཀྱི་དབུས་སུ་རྣལ་འབྱོར་རྣམས་ཀྱིས་དུས་ཀུན་བདུད་རྩིའི་གོ་འཕང་ལ་གནས་པའོ། །ཞེས་དང༌། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉིས་ཀ་ཡི་ཡང་སྲོག་གི་རླུང་ནི་ཆེན་པོ་འགག། ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །ཞེས་གསུངས་པ་ལས་རྟོགས་ལ། གཞན་ཡང་ནང་ལུས་ཐོག་མར་ཆགས་དུས་ཟླ་ཁམས་དཀར་པོ་དང༌། ཉི་ཁམས་དམར་པོ། རྣམ་ཤེས་སྒྲ་གཅན་ཏེ། རྣམ་ཤེས་ཕ་ཡི་རྡོ་རྗེའི་ལམ་བརྒྱུད་པའི་མངལ་གྱི་པདྨ་དཀར་དམར་ཁམས་གཉིས་དང་ལྷན་དུ་རྒྱུ་བས་ལུས་གྲུབ་པར་བཤད་ལ། ལུས་གནས་སུ་རྩ་དཀར་ཟླ་བ་དང༌། རྩ་ནག་ཉི་མ། རླུང་རྒྱུ་སྒྲ་གཅན་རིགས་སུ་བཤད་པ་ཡིན་ནོ།།
   གསུམ་པ། གཞན་བསྐྱེད་རྫོགས་རྣལ་འབྱོར་དང་སྦྱར་ན། ཉི་ཟླ་སྒྲ་གཅན་གསུམ་ག་ཡབ་ཡུམ་གྱི་གདན་དུ་འབྱུང་བ་དེ་ལས་ཞབས་ཀྱིས་རོ་རྐྱང་སྟེ་ཟླ་ཉི་གཉིས་དང༌། རྫོགས་རིམ་མཐར་ཐུག་སྐབས། རོ་རྐྱང་རླུང་གཉིས་དྷུ་དྷིའི་ནང་ཞུགས་ཚེ་སངས་རྒྱས་ཐོབ་དང་ཕྱིར་རོལ་ཟླ་ཉི་འཛིན་པར་གསུངས་སོ། །

གསུམ་པ། ཟླ་ཉི་ཇི་ལྟར་སྒྲིབ་ཚུལ། 

     བྱེ་བྲག་ཟླ་ཉི་གཟའ་གཉིས་ཇི་ལྟར་སྒྲིབ་ཚུལ་ཐད། རྩིས་རིག་པ་ལས་བརྟག་པ་རྣམ་པ་བདུན།   ༼༡ སྒྲིབ་མིན།  ༼༢ སྒྲིབ་ཆ།    ༼༣ སྒྲིབ་ཡུན། ༼༤ སྒྲིབ་དུས།  ༼༥ སྒྲིབ་ཕྱོགས།  ༼༦ སྒྲིབ་པའི་སྐབས་ཀྱི་མདོག  ༼༧ འགྲིབ་སོས་ཕྱོགས་བཅས་ཀྱི་སྒོ་ནས་སྒྲིབ་ཚུལ་དབྱེ་ཞིབ་ཕྱོགས་བསྡོམས་བྱས་ཡོད་པས་འདི་སྐོར་དངོས་དོན་རྒྱས་པ་རྩིས་རིག་སྨྲ་བ་པོས་གཞུང་ལེའི་ནང་རྒྱས་པར་བཀོད་ཡོད་དོ། །

བཞི་པ། གཟའ་འཛིན་ལྟ་སྟངས་དངོས་བཤད་པ་ལ།

     གཞུང་ལེའི་ནང་ཟླ་ཉི་སོ་སོའི་འཛིན་ཆ་ཆེ་ཆུང་དང༌། དེ་ཉིད་རང་གླིང་ནས།ང་ཚོ་གནས་པའི་གླིང་ལྷོ་གླིང་དབུས་མ།མཐོང་མིན་ལ་མ་ལྟོས་པའི་འཛིན་དུས་རགས་ཞིབ་རེ་བཀོད་ཡོད་པས་ང་ཚོས་དེ་ཉིད་དུས་ནམ་ཞིག་ལ་ཕྱོགས་གང་ནས་ཆ་ཇི་ཙམ་འཛིན་སོགས་གཞུང་ལེའི་ནང་འཁོད་པ་རྣམས་གསལ་རྟོགས་ཐུབ་ཆེད་སྐབས་སུ་ཟླ་ཉི་འཛིན་པའི་དུས་ཚོད་དང་འཛིན་ཡུན་དུས་ཀྱི་དགེ་བའི་འགྱུར་ཁྱད། ཕྱིས་ཀྱི་བརྟག་པ་བྱ་ཚུལ་བཅས་རྣམ་པ་གསུམ་གྱི་སྒོ་ནས་ངོ་སྤྲོད་ཞུ་བ་ལ།
   དང་པོ། ཟླ་ཉི་འཛིན་དུས་ཀྱི་དུས་ཚོད་རགས་པ་ཟླ་ཚེས་ནི་ཟུར་དུ་ཡེ་ལོའི་ཟླ་ཚེས་དང་སྦྱར་ཏེ་བཀོད་ཡོད་པས་གསལ་སྟོན་མི་དགོས་པ་དང༌། བྱེ་བྲག་ཆུ་ཚོད་དང་ཆུ་སྲང་བཀོད་པ་འདི་ཉིད། སྤྱིར་རྒྱ་གར་གྱི་དུས་འཛིན་འཁོར་ལོ་ལག་འདོགས་ཆུ་ཚོད་ལ་སྦྱར་ཏེ་གསུངས་པ་ཤས་ཆེ་ཡང༌། རྩིས་རིག་སྨྲ་བ་པོའི་འདོད་ཚུལ་མི་འདྲ་བའི་རྐྱེན་གྱིས་འགའ་ཞིག་ཐད་ཀར་རྩིས་ཀྱི་ཆུ་ཚོད་དང་སྦྱར་ཏེ་བཤད་པའང་ཡོད།
    ཟླ་ཉི་ཕྱོགས་གང་ནས་སྒྲིབ་མིན་ནི། ཟླ་ཉི་འཛིན་པའི་རི་མོའི་ནང་གསལ་ལྟར་ཟླ་ཉི་རང་ངོས་ནས་བརྩིས་པའི་གཡས་ཤར། གཡོན་ནུབ། སྟེང་ལྷོ། འོག་བྱང་དུ་རྩི་བའོ།།
    ཟླ་ཉི་སྒྲིབ་པ་ཕྱོགས་གང་ནས་མཐོང་བའི་ས་ནི།  ཕྱོགས་གང་ནས་མཐོང་བའི་གླིང་དང་གླིང་ཕྲན་སོ་སོའི་ས་ཚིགས་ངོས་འཛིན་ཚུལ་ཐད།  རང་རེའི་རྩིས་གཞུང་ནས་དུས་འཁོར་ལུགས་ཀྱི་དགོངས་དོན་ལྟར་ཤར་ལྷོ་ནུབ་བྱང་སོ་སོར་གླིང་ཆེན་རེ་དང༌། བྱེ་བྲག་དུམ་བུ་རེ་ཆ་གསུམ་དུ་ཕྱེ་བར་ཤར་ནས་ནུབ་བར། ཤར་གླིང་ལྟ་བུར་མཚོན་ན། ཤར་གླིང་ཤར་མ་དང༌། ཤར་གླིང་དབུས་མ། ཤར་གླིང་ནུབ་མ་ཞེས་ཤར་དབུས་ནུབ་ཏུ་དབྱེ་སྟེ་གླིང་དེ་དང་དེར་དུས་སྦྱོར་ཉི་ཟླ་འཁོར་ཚུལ་གསུང་བ་ལས་རིག་གསར་ས་ཁམས་རིག་པའི་འདོད་ཚུལ་ལྟར་ཞིབ་པ་གླིང་རེའི་ནང་རྒྱལ་ཁབ་གང་དང་གང་ཡོད་མིང་ཇི་བཞིན་སོགས་ནི་ངེད་ཅག་གནས་པའི་ལྷོ་གླིང་དབུས་མ་འདི་མ་གཏོགས་གཞན་ལ་བཤད་པ་མ་མཇལ་བ་དེ་ཉིད་ཀྱི་དགོས་དོན་ཡང་མང་དུ་ལྡན་པས་འདིར་གླེང་བར་མི་བྱ། མཁྱེན་འདོད་ཅན་རྣམས་ཁོ་བོས་བྲིས་པའི་གསོ་རྩིས་དགོངས་དོན་འཛམ་གླིང་ཆེ་ཆུང་གི་རྣམ་བཤད་སྐོར་ལ་གཟིགས་པར་འཚལ།
    དེ་ལ་འདིར་སྐབས་སུ་ང་ཚོས་ཉི་འོད་ཀྱིས་གླིང་སོ་སོར་བྱ་བ་བྱེད་པའི་དུས་ཀྱི་འཁོར་ཚུལ་ལ་ལྟོས་ཏེ། གླིང་གཞན་གསུམ་པོའི་(ཤར་གླིང༌། བྱང་གླིང༌། ནུབ་གླིང༌།)ནང་གནས་པའི་རྒྱལ་ཁབ་ལས་དབུས་གཙོ་གསུམ་དང༌། ལྷོ་གླིང་དབུས་མའི་ཡུལ་དྲུག་ངོས་འཛིན་ཐུབ་ན་རྒྱལ་ཕྲན་གཞན་དང་གཞན་རིགས་བསྒྲེས་རྟོགས་སོ། །དེ་ལ་ཤར་གླིང་དབུས་མའི་ནང་འཇའ་པན་དང༌། ནུབ་གླིང་དབུས་ནང་དབྱིན་ལན། བྱང་གླིང་དབུས་མའི་ནང་ཨ་རི་བཅས་དང༌། ལྷོ་གླིང་དབུས་མའི་ནང་རྒྱ་གར་དང༌། རྒྱ་ནག བོད་བཅས་ཡུལ་ཆེན་པོ་དྲུག་གནས་པར་གསུངས་པ། གཞུང་ལེའི་ནང་གླིང་འདི་དང་འདི་ནས་མཐོང་མི་མཐོང་བཀོད་པ་རྣམས་རགས་ཙམ་མཁྱེན་པར་མཛོད།
གཉིས་པ། འཛིན་ཡུལ་དུས་ཀྱི་དགེ་བའི་འགྱུར་ཁྱད།  དེ་ཡང་མདོ་རྒྱུད་གསུང་རབ་དུ་མ་ནས་ཉི་ཟླ་འཛིན་ཡུན་དུས་སུ་དགེ་བ་སྒྲུབ་ན་ཕན་རླབས་ཤིན་ཏུ་ཆེ་བར་གསུངས་པ་ལ། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས་ཀྱང་རྟེན་འབྲེལ་གྱི་དུས་གནད་འདི་བཟུང་སྟེ་ཆོས་འཁོར་བསྐོར་བ་དང༌། མྱང་འདས་སོགས་འགྲོ་བའི་དོན་མཐའ་ཡས་པ་བརྩམས་པ་གནང་ཡོད་པས་འདི་ལ་ཡིད་གཉིས་ཐེ་ཚོམ་ཅི་ལ་དགོས། དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། གང་ཚེ་ཟླ་ཉིའི་དཀྱིལ་འཁོར་ལ། སྒྲ་གཅན་གྱིས་ནི་ཟིན་པའི་ཚེ། །སྐྱེ་བོས་དགེ་སྡིག་བྱ་བ་གང༌། །བརྩམས་པ་འབུམ་འགྱུར་དུ་གསུངས་ལ།  ཉི་ཟླའི་མདོ་ལས་ཀྱང༌། ཉི་མར་བྱེ་འགྱུར་ཟླ་བ་ལ། །འབུམ་དུ་འགྱུར་ཞེས་གསུངས་པ་དང༌། གཞན་ཡང་ཆོས་རྒྱལ་ཟླ་བ་བཟང་པོས། ཉི་འཛིན་བྱེ་བ་ཕྲག་བརྒྱ་དང༌། །ཟླ་འཛིན་བྱེ་བ་རུ་འགྱུར་ཞེས་གསུངས་པས་དེ་ལྟ་བུའི་དགེ་སྡིག་གི་འགྱུར་བ་འབྱུང་བའི་རྒྱུ་མཚན་ཡང་གསང་སྔགས་རྒྱུད་སྡེ་ཕལ་མོ་ཆེ་ལས། གཡས་གཡོན་ཉི་ཟླའི་ལས་རླུང་དང༌། །ཡེ་ཤེས་དབུ་མ་རོ་གཅིག་ཏུ། །འགྱུར་ཚེ་རྣལ་འབྱོར་རྣམས་ཀྱི་ལས། །རྫོགས་རིམ་ཟབ་མོའང་འགྲུབ་ཅེས་གསུངས་པ་ལས། ཕྱི་ལྟར་ན་ཉི་ཟླ་འཛིན་པའི་དུས་ཡུན་འདིའི་ནང་ཉི་ཟླའི་འོད་སྣང་ལ་བརྟེན་ནས་འཚོ་བའི་སྲོག་ལྡན་འགྲོ་བ་ཕལ་ཆེར་ལ་གནོད་པ་དང༌། མང་ཞིག་འཆི་བར་འགྱུར་བ་གསུངས་པས་དེ་དག་ལ་དམིགས་ཏེ་དགེ་བ་བསྒྲུབ་ན་གཞན་གྱི་དོན་བསྒྲུབ་པ་ཡིན་པས་དགེ་བ་སྟོབས་ཆེ་བར་གསུངས་པ་སོགས་དགོས་ཁྱད་དུ་མར་མཐོང་བས་རེ་ཞིག་བསྡུས་པར་བྱས་ལ། ད་ནི་ཞར་འཕྲོས་སུ་དེང་གི་དུས། རང་རེའི་སྤྱི་ཚོགས་ན་ནང་པའི་ཆོས་ཉམས་སུ་ལེན་པ་པོ་ཕལ་མོ་ཆེས་རང་རང་གི་གྲུབ་མཐའི་སྲོལ་འཛིན་གྱི་བླ་མ་ཆེ་གེ་མོ་འཁྲུངས་འདས་ཀྱི་དུས་རྟེན་དང་དེ་བཞིན་ས་ཟླ་ལྟ་བུ་འཇིག་རྟེན་ན་ཡོངས་སུ་གྲགས་པའི་དུས་བཟང་ཁྱད་པར་ཅན་ཕྱོགས་ཙམ་གལ་ཆེར་བཟུང་སྟེ་ཕྱག་འཚལ་སྐོར་སྦྱོང་དང༌། ཚོགས་མཆོད་ཞབས་བརྟན་སོགས་དགེ་བའི་ཆོས་སྒྲུབ་པ་མང་དུ་སྣང་བ་ལས། དམིགས་བཀར་ཉི་ཟླ་འཛིན་པའི་དུས་འདི་གཙིགས་སུ་འཛིན་ཏེ་དགེ་ལས་ལ་ཞུགས་མཁན་ནི་དམངས་ཁྲོད་ན་དཀོན་པ་བྱེ་མའི་ཀློང་གི་རྡོའི་དཔེ་ཟླར་འགྱུར་བ་ལྟར་ལ།  ལྷག་པར་སྲོལ་རྒྱུན་ལེ་ཐོར་གཟིགས་རྟོགས་དང་མཁྱེན་རྒྱུུས་མེད་པ་འགའ་ཞིག་གིས་ནི་ཉི་ཟླ་འཛིན་བཞིན་ཡོད་པའང་མ་རྟོགས་པ་དང༌། ཡང་ནང་ཆོས་ལ་བློ་དེ་ཙམ་མ་ཕྱོགས་པར་རིག་གསར་བག་མའི་ཕྱི་སྤྱོད་ལ་ཞེན་པའི་གསར་སྐྱེས་འགའ་ཞིག་ནི་མཁའ་ལ་ཉི་ཟླའི་འོད་ཇི་ལྟར་སྒྲིབ་པའི་སྣང་ཚུལ་དེ་ཉིད་མིག་གི་ལོངས་སྤྱོད་ཁོ་ནར་ངོས་འཛིན་གྱིས་བག་མེད་རྣམ་གཡེང་གི་དུས་ཕུད་པ་སོགས་སེམས་ཀྱིས་བཟོད་པར་དཀའ་བའི་ཚུལ་ཇི་སྙེད་མཐོང་བས། ཅི་སྟེ་རང་རེའི་མེས་པོ་རྣམས་ཀྱིས་གཙིགས་སུ་བཟུང་བའི་དུས་རྟེན་ཁྱད་པར་ཅན་འདི་ཉིད་ཆུད་ཟོས་སུ་མ་སོང་བར་གྱིས་ཤིག་ཅེས་རང་གཞན་གཉིས་ཀར་ཡང་དུ་གླེང་བར་འདོད་དོ། །

གསུམ་པ། ཕྱིས་ཀྱི་བརྟགས་པ་བྱ་ཚུལ།  འདི་ནི་ཉི་ཟླ་འཛིན་དུས་ཀྱི་གཟའ་སྐར་དང་གནམ་གཤིས་ཀྱི་འགྱུར་བ་གང་བྱུང་ལ་ལྟོས་ཏེ་སར་གནས་པའི་སྐྱེ་དངོས་ཡུལ་སྡེ་བཅས་པར་བཟང་ངན་མཚན་མ་ཇི་འོངས་བརྟག་པ་བྱ་ཚུལ་ཞིག་ཡིན་ཏེ། གཟའ་སྐར་གང་ལ་འཛིན་པའི་བརྟག་པ་རྒྱས་པ་གཤམ་འཁོད་རེའུ་མིག་ལྟར་དང་འདིར་དུས་སྦྱོར་གྱི་འབྲས་བུ་ནི། དུས་སྦྱོར་ལུག་ཁྱིམ་གཟའ་ཡིས་འཛིན། །དམག་མི་མགར་བའི་རིགས་ལ་ངན། །གླང་ལ་ཆོས་སྤྱོད་རྫི་བོ་ཉམས། །འཁྲིག་པར་རྩིས་མཁན་ཆུང་མར་ངན། །ཀཊར་མུ་གེ་འཇིགས་པ་འབྱུང༌། །སཻངྒ་བྲག་རི་ཉམས་པ་འོང༌། །བུ་མོ་སེམས་ཅན་ཡོངས་ལ་གནོད། །སྲང་ལ་བོད་དང་འབྲོག་པ་ཉམས། །སྡིག་པར་དྲག་ཤུལ་ཅན་ལ་གནོད། །གཞུ་ལ་འབྲུ་དང་བོན་པོ་ཉམས། །ཆུ་སྲིན་ཆུར་གནས་སྲོག་ཆགས་ཉམས། །བུམ་པར་གྲོང་ཁྱེར་རྐུན་པོས་བརླག །ཉ་ལ་བོད་པ་རི་དྭགས་ལ་ངན་པའོ། །

༈ ཟླ་ཉི་འཛིན་དུས་དང་བསྟུན་པའི་མ་འོངས་མངོན་མཚན་བརྟག་པའི་རེའུ་མིག
 འཛིན་དུས་སྐར། བརྟག་འབྲས།
  མེ་སྐར་བདུན། གྲོང་ཁྱེར་ནགས་ཚལ་མེ་ཡིས་ཚིགས་དང༌། །ཁྲག་མཁྲིས་ནད་དང་མུ་གེ་ཡིས། །མི་རྣམས་འཚེ་བས་གདུང་བ་དང༌། །བཞོན་མ་རྣམས་ལ་ཞོ་མར་སྐམ། །འགོ་བའི་ནད་རིགས་སྣ་ཚོགས་འབྱུང༌། །ཆོས་ལུགས་ཡུལ་སྲོལ་བཟང་པོ་ནུབ། །རྒྱལ་པོ་ཉམས་ཤིང་བྲན་རྣམས་སྡུག །ཡུལ་འཛིན་ཐལ་ཆར་འབེབས་པ་དང༌།  །ཆུ་བོ་ལྟེང་ཀ་རྫིང་བུ་སྐམ། །ཆར་མེད་རྩི་ཤིང་མེ་ཏོག་སྐམ། །འཁྲུགས་པ་མང་ཞིང་ཡུལ་མི་བདེ། །ས་ནི་གཡོ་བར་བཤད་པའོ། །
 རླུང་སྐར་བདུན། ཡུལ་འཇིག་ཉི་མ་ནུབ་བྱང་ན། ། མུ་གེ་འབྱུང་ཞིང་ཐལ་ཆར་འབེབས། །བྱང་ཕྱོགས་རྒྱལ་ཁམས་ཕལ་ཆེར་འགུམས།  །དགྲ་མང་འབྲུག་སྐད་ཆེ་བར་སྒྲོག །ཡུལ་གྱི་ཁང་ཁྱིམ་རླུང་གིས་འཇིག །དགེ་སློང་བྲམ་ཟེ་སྔགས་བོན་རྣམས། །ནད་རིམ་མཚོན་གྱིས་འཆི་བ་མང༌། །རྒྱལ་པོ་ནང་འཁྲུགས་ནད་ཡམས་འབྱུང༌། །རྐང་བཞིའི་རིགས་ཀུན་ནད་ཀྱིས་ཉེན། །ས་ནི་འགུལ་ཅིང་ཞིག་པའོ། ། 
  ས་སྐར་བདུན། འཇིག་རྟེན་བདེ་ཞིང་འབྲུ་རྣམས་འཕེལ། །འབྲས་བུའི་རིགས་ལེན་ཆར་རྒྱུན་བཟང༌། །འགྲོ་ཀུན་ཆོས་སྤྱོད་བདེ་བར་ཐོབ། །འོན་ཏེ་རི་བོ་ཉིལ་ལ་འཚེ། །
  ཆུ་སྐར་བདུན། མཁའ་ནས་ཆར་འབེབས་ས་བཅུད་རྒྱས། །མེ་ཏོག་མདངས་བཀྲ་རྩི་བཅུད་བཟང༌། །སྦྲང་རྩི་བུ་རམ་ལྷག་པར་འཕེལ། །མདོར་ན་དགེ་བ་འཕེལ་ན་ཡང༌། །ས་ནི་འུར་སྒྲ་སྒྲོག་པ་ཙམ།། 
 གཟའ། ཉི་མ། ཐན་པ་ཆེ་ཞིང་རྩི་བཅུད་སྐམ། །མུ་གེས་ཡུལ་འཇོམས་རྒྱལ་པོ་ཉམས།             
    ཕུར། ཆོས་མཐུན་རིགས་འགྲུབ་ཡོན་ཏན་འཕེལ། །
    ཟླ་བ། འབྲུ་འཕེལ་ནད་དཀོན་སྦྲུམ་མ་བདེ། མིག་དམར། འཁྲུགས་པས་ཡུལ་ཉམས་གནོད་འཚེ་མང༌།   
    སངས། ལོ་ལེགས་མི་སོགས་བདེ་བ་འོང༌། 
   ལྷག་པ། ཆར་རྒྱུན་རན་འབབ་འབྲུ་རྣམས་འཕེལ།    
    སྤེན། ཆར་བཟང་ནད་འཁྲུགས་དར།   
   གཞན་ཡང་ངལ་གསོའི་ཞག་ལ་ནི། ཆར་འབབས་དྲག་པོ་ཆོས་བཞིན་སྤྱོད། གཉིས་མི་གསལ།བཞི་པ་ལས། །དགྲ་དང་འབུད་ཅིང་ལྔ་པ་ལ། མུ་གེ་དྲུག་བདུན་ཕུན་སུམ་ཚོགས། 

མདུན་ཤོག

Menu