ལྷ་མོ་སྐྱབས།

རབ་ཏུ་བྱེད་པ་དྲུག་པ།

གཙོ་བོ་དབེན་པའི་གནས་ཀྱི་ཡོན་ཏན་ལ་བསྔགས་པ་དང༌། དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་བསྔགས་པ། བསམ་གཏན་བསྒོམས་པའི་ཕན་ཡོན་བསྟན་པ་དང་གསུམ་མོ། །
དང་པོ་ལའང༌།
ཀ༽ ཐོག་མར་འཁོར་བར་སྐྱོ་ནས་དབེན་པའི་གནས་འཚོལ་དུ་ཆས་ཚུལ་ནི།
    དེ་ནས་རེ་ཞིག་གི་ཚེ། གཞོན་ནུ་དེ་དག་འཁོར་བའི་ཉེས་པ་རྣམས་ཀྱིས་ནི་སུན་ཕྱུང་ཞིང། འདོད་པའི་ལོངས་སྤྱོད་ལ་ནི་རྒྱབ་ཀྱིས་ཕྱོགས། ཡིད་སྐྱོ་བས་ངེས་པར་འབྱུང་བ་ལ་ནི་དགའ་བར་གྱུར་ཏེ། དཀའ་ཐུབ་ཀྱི་ནགས་ཚལ་ཡོངས་སུ་བསྟེན་པའི་ཕྱིར་གཙུག་ལག་ཁང་དེ་ཉིད་ནས་བྱང་ཕྱོགས་སུ་ཡུལ་རྒྱུ་བས་རྒྱུ་ཞིང་རིང་མོ་ཞིག་ཏུ་ཕྱིན་པ་དང༌། སྤོས་ངད་ལྡན་པའི་རི་བོ་ཞེས་བྱ་བ་ལྷའི་དྲང་སྲོང་དང་འབྱུང་པོ་དུ་མས་བསྟེན་པ་དག་དང་ཉེ་བར་ཕྱིན་ཏོ། །
    འཁོར་བ་སྐྱོ་ནས་བསམ་གཏན་སྒོམ་སའི་དབེན་གནས་འཚོལ་དུ་ཆས་ཚུལ་བསྟན་པ། རྒྱབ་ཀྱིས་ཕྱོགས་ནི་རྒྱབ་བསྟན་པའོ། །དེ་ལས་ལྡོག་པའམ་དོར་བ། མ་དགའ་བ་སོགས་ལ་གོ། ཡུལ་རྒྱུ་བ་ནི་ལྗོངས་རྒྱུ་བ་སྟེ། འདིར་དབེན་པའི་གནས་ཉམས་དགའ་བ་འཚོལ་བ་ལའོ། །
ཁ༽ སྤོས་ངད་ལྡན་པའི་དབེན་རིའི་ཐུན་མོང་མཛེས་སྡུག་ལ་བསྔགས་པ།
    དེ་ན་ལྷུན་པོ་གཉིས་པ་བཞིན། །སྤོས་ངད་ལྡན་པའི་རི་བོ་ནི། །ལྟ་ན་རབ་བརྗིད་ནོར་འཛིན་གྱི། །འཁོར་ལོའི་ལྟེ་བ་ལྟ་བུ་མཐོང༌། །༡ རྒྱ་ཁྱོན་དཔག་ཡས་ས་འཛིན་གྱིས། །མི་ཡི་འཇིག་རྟེན་ཡོངས་བཀང་སྟེ། །ནམ་མཁར་མངོན་འཕགས་རི་རབ་རྩེར། །སྐབས་གསུམ་རོལ་རྩེད་ལྟ་འདོད་བཞིན། །༢ སྐར་ཚོགས་ནོར་བུའི་བ་གམ་ནི། །ལྕི་བའི་འཁུར་འཛིན་བཻཌཱའུརཡའི། །ཡང་ཐོག་ལྷུང་བར་དོགས་པ་ཡིས། །རྡོ་རྗེའི་ཀ་བས་བཏེགས་པ་བཞིན། །༣ ཟིལ་པའི་མུ་ཏིག་དོ་ཤལ་གྱིས། །རབ་དཀྲིས་ཆུ་འཛིན་ན་ཆུང་དག །ནགས་ཚལ་བདག་པོའི་མཛེས་པ་ལ། །ཆགས་པས་འཁྱུད་པར་བྱེད་པ་བཞིན། །༤ དྲང་སྲོང་ཐུབ་པའི་དཀའ་ཐུབ་ཚལ། །གཉིས་འཐུང་རྣམས་ཀྱི་རིགས་ཀྱི་གནས། །རི་དྭགས་དབང་པོའི་ཕོ་བྲང་ཆེ། །གྲུབ་པའི་བསྟི་གནས་ཉེ་བར་གྱུར། །༥ དབང་པོའི་གཞུ་ཡིས་ཅོད་པན་རབ་བཅིངས་ན་བུན་རས་བལ་སྟོད་གཡོགས་མཛེས། །མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བའི་ལྗོན་ཤིང་དོ་ཤལ་རྣམས་ཀྱིས་བརྒྱན། །འབབ་ཆུ་རབ་དྭངས་སྐ་རགས་ཡིད་འོང་ནེའུ་གསིང་གསར་པའི་སྨད་དཀྲིས་ཅན། །ཡ་མཚན་ཐམས་ཅད་བསྡུས་པའི་གཟུགས་བརྙན་འཇིག་རྟེན་བྱེད་པོས་སྤྲུལ་པ་མཐོང༌། །༦ དེ་ཚེ་འཛུམ་པ་དང་བྲལ་བའི། །མིག་ནི་ཡ་མཚན་ལ་བཀོད་དེ། །དགའ་བ་རྒྱ་ཆེན་དང་འགྲོགས་ནས། །སྤྲོ་བའི་ཤིང་རྟ་ལ་རབ་འཛེགས། །༧ རྐང་པའི་འཁོར་ལོ་རྣམ་བཀོད་པས། །དགེ་མཚན་རི་མོ་འབྲི་བྱེད་དེའི། །འགྲམ་པར་ཉི་ཟེར་སོར་མོ་ཡིས། །རྔུལ་ཐིགས་ཆུ་ཤེལ་ཕྲེང་བ་བསྒྲུབས། །༨ ངལ་བའི་དབུགས་ཀྱི་གླིང་བུ་དང། །གཡོ་བའི་གར་གྱིས་རྒྱུ་བྱེད་པས། །དྲི་ཟ་བཞིན་དུ་རི་བོའི་ངོས། །རབ་ཏུ་མི་བཟད་བརྒལ་བར་གྱུར། །༩
    དོན་ནི། སྤོས་ངད་ལྡན་པ་ཞེས་པའི་རི་བོ་ཧ་ཅང་མཐོ་ཞིང་བརྗིད་པ། རྒྱ་ཁྱོན་ཤིན་ཏུ་ཆེ་བ། རྩེ་མོར་ཟིལ་བའམ་ཆར་སྤྲིན་སྔོན་མོ་འཁྲིགས་པ། ནགས་ཚལ་ཁྲོད་དུ་དྲང་སྲོང་དང་དཀའ་ཐུབ་པ། གླང་པོ་ཆེའི་རིགས་དང༌། སྟག་དང་སེང་གེ་དག་དང་ལྷན་ཅིག་ཏུ་འཚོ་བའི་གྲུབ་ཐོབ་རྣམས་ཀྱི་ངལ་གསོའི་གནས་མཆོག མཚམས་རེར་རི་རྩེ་ནས་འཇའ་ཚོན་བཀྲ་ཞིང་རི་མགོར་སྨུག་སྤྲིན་འཐིབས་པ། རི་སྐེད་དུ་མེ་ཏོག་སྣ་ཚོགས་བཞད་པའི་ལྗོན་པས་མཛེས་པ། རི་འདབས་སུ་དྭངས་བསིལ་འབབ་ཆུ་དང་སྔོ་ལྗང་སྤང་ཐང་ཡངས་པའི་དབེན་གནས་ཏེ་མཐོང་ནས་ཡ་མཚན་པའི་མིག་གིས་ལྟ་བཞིན་དགའ་སྤྲོ་རབ་ཏུ་འཕེལ་ནས་མུ་མཐུད་གོམ་པ་རེ་རེས་བསོད་ནམས་གསོག་གིན་རི་བོར་འཛེགས་ཚེ་ཉི་མའི་གདུངས་པས་འགྲམ་ངོས་དག་ནས་རྔུལ་ཆུ་བཞུར་ཅིང༌། ངལ་བའི་དབུགས་རིང་དང་བཅས་བསྐྱོད་དེ་རི་བོ་ངོས་དེ་བརྒལ།
    རྒྱན་ནི། ༡ དཔེ་གཟུགས་སྤེལ་མ་སྟེ། ཚིགས་བཅད་ཧྲིལ་པོའི་ཆ་ནས་ཆོས་དཔེ་སྟེ། དཔེ་རི་རབ་ལྷུན་པོ་དང་དཔེ་ཅན་སྤོས་ངད་ལྡན་པ་གཉིས་ལྟ་ན་བརྗིད་པ་དང༌། འཁོར་ལོའི་ལྟེ་བ་དང་འདྲ་བས་སོ། །ཡང་རྐང་པ་ཐ་མ་ས་གཞི་འཁོར་ལོའི་གཟུགས་སུ་བྱས་ཤིང་རི་དེ་ནི་འཁོར་ལོའི་ལྟེ་བ་ལྟ་བུ་སྟེ་ས་གཞི་དེའི་དཀྱིལ་ན་འབུར་དུ་ཐོན་པའོ། །༢ རབ་རྟོག་ངོ་མཚར་ཕུལ་བྱུང༌། ༣ གཟུགས་ཅན་རབ་རྟོག རྐང་པ་དང་པོ་མ་བསྡུས་པའི་གཟུགས་ཅན་དང༌། ལྷག་མ་དག་རབ་རྟོག བཻཌཱུརཡའི་ཡང་ཐོག་ཅེས་པ་ནམ་མཁའ་ལའོ། །༤ རབ་རྟོག་གཟུགས་ཅན། ༥ རྫས་བཅས་བྱ་བ་མཐའ་གསལ། ༦ གཟུགས་ཅན་སྤེལ་མ་སྟེ། བསྡུས་ཤིང་མ་བསྡུས་པ་དང། མཐའ་དག་གཟུགས་ཅན། བྱུང་མིན་གཟུགས་ཅན། དེ་དག་ཡང་ངག་དོན་གཟུགས་ཅན་དུ་གྱུར་པའོ། །༧ སྒེག་པའི་གཟུགས་ཅན། དགའ་བ་འཕེལ་བའི་ཉམས་བཅས་གཟུགས་སུ་བཀོད་པའོ། །༨ ངག་དོན་གཟུགས་ཅན།༩ རྒྱུའི་དཔེའོ། །
    དེ་ནས་གཞོན་ནུ་དེ་དག་རིམ་གྱིས་རིའི་ངོགས་རབ་ཏུ་མི་བཟད་པ་རྩྭ་ལྗང་ཡིད་དུ་འོང་བས་ནི་ཁེབས། ཁ་དོག་སྣ་ཚོགས་པའི་མེ་ཏོག་གསར་དུ་འཁྲུངས་པ་རྣམས་ཀྱིས་ནི་བརྒྱན་པ་བཞིན་དུ་འདུག དེ་ལ་འདུས་པའི་བུང་བ་སྒྲ་སྙན་པའི་གླུ་དབྱངས་སྒྲོགས་པ་རྣམས་ནི་ལང་ལོང་དུ་རྒྱུ། ཙན་དན་སྦྲུལ་གྱི་སྙིང་པོ་དང༌། ཏ་མ་ལ་དང༌། མྱ་ངན་མེད་པ་དང༌། པཱ་ལ་དང༌། ནེགྲོ་ངྷ་ལ་སོགས་པ་ཁ་དོག་སྡུག་ཅིང་ཡལ་ག་དང། ལོ་འདབ་རྒྱས་པ་མང་པོས་ནི་ས་ཕྱོགས་གང་བར་གྱུར། སྨྱུག་མ་དང༌། འཁྲི་ཤིང་གི་ཚོགས་རྣམས་བསེར་བུས་བསྐྱོད་དེ་ཤུགས་གླུ་ལེན་ཞིང་བྲོ་གར་བསྒྱུར་བས་ནི་མཛེས།༡ རིའི་ངོགས་ལས་མྱུར་དུ་རྒྱུག་ཅིང༌། ལྷུང་ལྷུང་སྙན་པའི་སྒྲ་འབྱིན་པའི་ཆུ་ཀླུང་དག་ནི་རབ་ཏུ་དྭངས་པར་གྱུར་ལ། བྲག་རིའི་དུམ་བུ་རྣམ་པ་སྣ་ཚོགས་བརྩེགས་པའི་བྱ་སྐྱིབས་དག་ཏུ་ཡོན་ཏན་དོན་དུ་གཉེར་བའི་དཀའ་ཐུབ་པ་དག་བརྟེན་ཞིང་གནས་པའི་ནགས་ཚལ་ཆེན་པོ་དེ་དང་དེ་དག་ཏུ་རིམ་གྱིས་དོང་ངོ༌། །དེའི་ཚེ་གཞོན་ནུ་འདོད་ལྷའི་བུས་སྨྲས་པ། ཀྱེ་གྲོགས་པོ་དག་དང་བར་མཛོད་ཅིག ཇི་ལྟར་ལྷ་རྣམས་ཀྱི་ཡུལ་ན་ལྷ་ཡི་ལོངས་སུ་སྤྱོད་པ་འདྲེས་པའི་ཚལ་ཞེས་བྱ་བ་ཡོད་ཅེས་གྲགས་ན་ཅི། དེ་འདིར་འཕོས་པ་མ་ཡིན་ནམ་ལྟོས་ཤིག༢
    དོན་གོ་སླའོ། །དང་བར་མཛོད་ནི་དགའ་བར་གྱིས་ཞེས་པའོ། །༡ ཏིང་འཛིན་རབ་རྟོག ༢ ཐེ་ཚོམ་དཔེ། གཙོ་བོ་རང་བཞིན་བརྗོད་པའི་ཡུལ་ལྗོངས་ཀྱི་བཀོད་འབྲིའོ།།
    སྦྲུལ་གྱི་སྙིང་པོའི་ཙན་དན་དྲིས་བསྒོས་རླུང་གཞོན་རྣམས་ཀྱི་རྒྱུད་མངས་སྒྲ་སྙན་ནི། །སིང་སིང་འུར་འུར་ཞེས་འདི་བསྒྲགས་ཚེ་ལོ་འདབ་སྡུག་གུའི་སྐྲ་ཚོགས་འཁྱིལ་ལྡན་པའི། །ལྗོན་ཤིང་ན་ཆུང་དག་ནི་ཀུན་ནས་གཡོ་བའི་གར་བསྒྱུར་ཡལ་གའི་ལག་རྩེ་ཡིས། །ཐལ་སྦྱར་ཤིས་པ་བརྗོད་ཅིང་འབྲས་བུ་སྨིན་པ་འཐོར་བས་བདག་ཅག་མགྲོན་དུ་གཉེར། །༡ ལྦུ་བ་དཀྲིགས་པའི་ཤེལ་ཕྲེང་དོ་ཤལ་མཛེས་པས་ལུས་བརྒྱན་འབབ་ལྡན་སྔོ་བསངས་མའི། །རྦ་རླབས་གོས་ལྷུང་ཟོལ་གྱི་ཆུ་ཐིགས་ཟེགས་མ་གཏོར་བས་གང་གི་འགྲམ་པ་ཡི། །སྨུག་རྩིའི་ངོས་ལ་ཟིལ་པའི་མུ་ཏིག་དྲ་བ་བཀོད་པས་མཛེས་གྱུར་མེ་ཏོག་རྣམས། །མཆུ་ཡི་ཡལ་འདབ་རྣམ་པར་ཕྱེ་སྟེ་གེ་སར་སོ་ཕྲེང་སྟོན་བཞིན་བཞད་གད་བྱེད། །༢ སྤུ་སྡུག་ཡིད་འོང་བྱ་རྣམས་འཇོ་སྒེག་རོལ་རྩེད་རྒྱུ་བས་ཕན་ཚུན་འབེལ་གཏམ་གྱི། །སྐེད་ངོས་ཕྲ་ཞིང་བྱིན་པ་མཆོག་ཏུ་མཛེས་ལྡན་རི་དྭགས་འདི་དག་དོགས་མེད་པར། །རྡོ་བྲག་རྣམ་པར་བཀྲ་བའི་བྱ་སྐྱིབས་དག་ཏུ་དྲང་སྲོང་ཚུལ་བཞིན་དུལ་བར་གནས། །༣ མང་དུ་སྨོས་ཀྱང་ཅི་ཞིག་འཚལ་ཏེ་ནགས་ཚལ་འདི་ནི་བདག་ཅག་གི་ཡིད་ལ་དགའ་བ་མཆོག་ཏུ་འཕེལ་བར་བྱེད་པ་ཞིག་གོ །
    དོན་ནི། རྩ་བར་དུག་སྦྲུལ་གྱིས་འཁྱུད་པའི་ཙན་དན་མཆོག་གི་དྲི་བཟང་པོ་ཁུར་བའི་སྒྲ་དང་བཅས་པའི་བསིལ་རླུང་གིས་ལོ་འདབ་མཛེས་པའི་ལྗོན་ཤིང་གི་ཚོགས་གཡོ་བའི་ཡལ་ག་དག་ལས་སྨིན་པའི་འབྲས་བུ་འཐོར་ཞིང༌། ལྦུ་བ་དཀྲིགས་པའི་གཙང་ཆབ་སྔོན་མོའི་རྦ་རླབས་ཀྱི་ཆུ་ཐིགས་ཟེགས་མ་དག་གཙང་འགྲམ་གྱི་སྨུག་རྩིའི་ངོས་སུ་འཐོར་བའི་ཟིལ་བས་མཛེས་པར་གྱུར་པའི་མེ་ཏོག་སྣ་ཚོགས་ཀྱི་ཡལ་འདབ་ལྷུག་པོར་གྲོལ་ཅིང་གེ་སར་གསལ་བའི་གནས་དེ་དག་ཏུ། སྤུ་མདོག་མཛེས་པའི་བྱ་བྱེའུ་རྣམས་ཅི་དགར་འཕུར་ལྡིང་དང་བཅས་སྣ་ཚོགས་སྐད་སྙན་འབྱིན་པ་དང༌། སྐེད་སྐབས་ཕྲ་ཞིང་རྐང་ལག་མཛེས་པའི་རི་དྭགས་རྣམས་ཀྱང་དོགས་འདྲོགས་མེད་པར་ཁ་དོག་རྣམ་པར་བཀྲ་བའི་བྲག་རིའི་བྱ་སྐྱིབས་དག་ཏུ་བག་ཕབ་གནས་ཞེས་པའོ། །
    རྒྱན་ནི། ༡ ངག་དོན་གཟུགས་ཅན་རབ་རྟོག་དང་བཅས་པ། ༢ གོང་མཚུངས། མཆུ་ཡི་ཡལ་འདབ་ཅེས་པ་ནི་ཡལ་འདབ་ཀྱི་མཆུ་ཞེས་པ་བཟློག་པའམ་འབྲུ་མང་ཚིག་སྡུད་དཔེའོ། །༣ བརྟེན་པའི་རབ་སྤེལ་ཏེ། རིམ་བཞིན་སེམས་ལྡན་རབ་རྟོག་དང་གཟུགས་ཅན་རང་བཞིན་བརྗོད་པ་ཆོས་དཔེ་བཅས་པའོ། །
ག༽ དབེན་རིའི་ཐུན་མིན་ཡོན་ཏན་ལ་བསྔགས་པ།
    གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། འདི་ནི་མཁས་པས་དཀའ་ཐུབ་ཀྱི། །ཚལ་ཞེས་ཡོན་ཏན་མཐའ་ཡས་པས། །རབ་བསྔགས་སྐྱེ་བོ་འདུ་འཛི་ཡི། །གདུང་བས་ཉེན་ལ་གྲིབ་བསིལ་ཉིད། །༡ འགྲོ་འདིར་དཔའ་བོ་དག་ལ་བརྟེན་ན་དགྲ་བོས་ཟིལ་གནོན་མི་འགྱུར་ཡངས་པ་ཡི། །གདུགས་ཀྱིས་བཀབ་ན་ཆུ་འཛིན་ཐིགས་པས་གནོད་མིན་སྲ་བའི་གོ་བགོས་མཚོན་གྱིས་མིན། །ལུས་སེམས་དགེ་བས་ནགས་ཚལ་དབེན་པར་གནས་ན་འདོད་སྲེད་གཡོ་སྒྱུ་ངན་སྤྱོད་དང༌། །མི་དགེ་སྣ་ཚོགས་ཀུན་གྱིས་མི་གོས་ངང་གིས་ཞི་བ་རབ་ཏུ་འཐོབ་པར་འགྱུར། །༢
    དོན་ནི། གནས་འདི་ནི་མཁས་པ་རྣམས་ཀྱིས། བསམ་གཏན་སྒོམ་པའི་དཀའ་ཐུབ་ཀྱི་ཚལ་ཞེས་ཡོན་ཏན་དུ་མས་རབ་ཏུ་བསྔགས་པ། འཁོར་བའི་འདུ་འཛིས་གདུང་བའི་སྐྱེ་བོ་རྣམས་ལ་ངལ་གསོ་འཐོབ་པའི་གནས་མཆོག་ཉིད་དེ། སུ་དག་ལུས་སེམས་དགེ་བའི་ངང་ནགས་ཚལ་དབེན་པར་གནས་ན། འདོད་སྲེད་དང༌། གཡོ་སྒྱུ། ངན་སྤྱོད་སོགས་མི་དགེ་བའི་རིགས་ཀྱིས་མི་གོས་པར་རིམ་བཞིན་ཉུང་དུ་སོང་ནས་ངང་གིས་སེམས་ཞི་བར་གནས་ཐུབ་ཅེས་སོ། །
    རྒྱན་ནི། ༡ ཁྱད་ཆོས་ལ་ལྟོས་པའི་གཟུགས་ཅན་ཏེ། དབེན་གནས་ནི་འདུ་འཛིའི་གདུང་བས་ཉེན་པའི་སྐྱེ་བོ་དག་ལ་ལྟོས་ནས་ཚ་བའི་གདུང་བ་སེལ་བའི་གྲིབ་བསིལ་ཉིད་ཡིན་པར་བརྗོད་ཚུལ་གྱིས་སོ། །༢  ངག་དོན་མང་དཔེ་སྟེ། དཔེའི་ངག་དོན་གསུམ་བཀོད་ནས་དོན་གྱི་ངག་དོན་གཅིག་མཚོན་པའོ། །
གཉིས་པ་ལའང༌།
ཀ༽ དགེ་བའི་བཤེས་གཉེན་བཙལ་བའི་ཚུལ།
    དེ་ལྟར་ངེས་པར་བྱས་ནས་དེ་དག་ལྷུན་པོའི་ངོགས་བཻཌཱུརྱ་དྭངས་པ་ལ་ལྷའི་བུ་གཞོན་ནུ་དག་རྒྱུ་བའམ། སྟོན་ཀའི་ནམ་མཁའ་དྲི་མ་མེད་པ་ལ་སྐར་མའི་ཚོགས་རྒྱུ་བ་ལྟར་མཛེས་པས་རྒྱུ་ཞིང་སོང་སོང་བ་ལས།༡ ཚལ་དེ་དག་ན་གནས་པའི་དཀའ་ཐུབ་པ་གཞོན་ནུ་རིགས་པ་སློབ་ཅིང་ཁ་ཏོན་ལ་བརྩོན་པ་འགའ་ཞིག་གིས་མཐོང་ནས། གཞོན་ནུ་དག་གི་གཟུགས་མཛེས་ཤིང་དཔལ་འབར་བ་ལ་ཐེ་ཚོམ་དང་ལྡན་པས་ཐལ་མོ་སྦྱར་ཏེ་སྨྲས་པ། ཀྱཻ། ལྷ་དག་བྱོན་པ་ལེགས་སོ། །བདག་ཅག་གི་རེ་བ་རྫོགས་པར་གྱུར་ཅིག ཅི་ཞིག་ཁྱེད་ཅག་མཐོ་རིས་གྲོང་གི་བདག་པོ་མིག་སྟོང་ཅན་ནམ་ཟླ་བའི་གཙུག་ཕུད་དམ། འོན་ཏེ་རྣམ་ཐོས་བུའམ་ཡང་ན་རྒྱ་མཚོའི་དབང་པོ་ནོར་རྒྱས་ལོངས་སྤྱོད་ལྡན་པའམ། འོན་ཏེ་འཇིག་རྟེན་བྱེད་པོ་གདོང་བཞི་པ་དེ་བདག་ཅག་རྗེས་སུ་བཟུང་སླད་གཤེགས་པ་ལགས། དེ་ལྟ་ན་ནི་བདག་ཅག་དལ་བའི་འབྲས་བུ་ལེགས་བྱས་ས་བོན་བརྒྱ་ལས་འཁྲུངས་པར་ངེས།༢
    དོན་གོ་སླ། རྒྱན་ནི། ༡ གཟུགས་རྒྱན་དང་བཅས་པའི་དཔེ་ཉིས་ལྡན་གྱི་ངག་དོན་དཔེ་སྟེ། སྤོས་ངད་ལྡན་པའི་རི་རབ་ཀྱི་ངོགས་དེ་བཻཌཱའུརྱའི་གཟུགས་སུ་བྱས་ཏེ་དེ་ལ་ལྷའི་བུ་རྣམས་རྒྱུ་བའམ། ཡང་ན་ཞེས་དཔེ་གཉིས་པ་ཞིག་ཀྱང་བཀོད་པས་སོ། །༢ ཐེ་ཚོམ་མང་དཔེ་སྟེ། ཐེ་ཚོམ་པའི་དཔེ་ལྔ་བཀོད་པས་སོ། །
    གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། གྲོགས་པོ་དག་དགེ་བ་འཕེལ་བར་གྱུར་ཅིག བདག་ཅག་ལྷ་མིན་ཀླུའམ་ཚངས་པ་དྲེགས་ལྡན་གནོད་སྦྱིན་མིན། །འདོད་པའི་ཞགས་པ་བཅད་ནས་འདུ་འཛིའི་རྭ་བ་ལས་བརྒལ་ཏེ། །མགོ་ལ་སེམས་ཅན་ཁུར་ཁྱེར་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ། །བདག་གཞན་བསྒྲལ་འདོད་དཀའ་ཐུབ་དོན་གཉེར་རྒྱལ་སྲས་གཞོན་ནུའོ། །༡ འདི་ན་འཇིགས་པས་ཉེན་ལ་དབུགས་འབྱིན་སུ་ཞིག་ཕོངས་པ་ལ། །དམ་ཆོས་བདུད་རྩིའི་གཏེར་ནི་སིམ་པར་སྦྱིན་ལ་སྐྱོ་མེད་སུ། །ལོང་བའི་འགྲོ་ལ་ཡེ་ཤེས་སྦྱངས་པའི་མིག་ཐུར་རྣོན་པོ་ཡིས། །རབ་རིབ་བསལ་ནས་མ་ནོར་ཐར་པའི་ལམ་སྟོན་སུ་ཞིག་མཆིས། །༢
    དོན་ནི། དགེ་ལེགས་འཕེལ། ང་ཚོ་ལྷ་དང་ཀླུ་དང་ཚངས་པ་དང་དྲེགས་ལྡན་དང་གནོད་སྦྱིན་གང་ཡང་མིན་པར། འདོད་ཡོན་ལ་མ་ཆགས་པར་འཁོར་བའི་འདུ་འཛི་མང་པོ་སྤངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་བ་ལས་རང་གཞན་ཐར་བར་འདོད་དེ་བསམ་གཏན་གྱི་དཀའ་ཐུབ་དོན་དུ་གཉེར་མཁན་བྱང་ཆུབ་སེམས་དཔའ་གཞོན་ནུ་ལགས་ན། གནས་འདིར་འཁོར་བའི་འཇིགས་པས་ཉམ་ཐག་པ་དག་ལ་བདེ་བའི་དབུགས་འབྱིན་ཞིང༌། དམ་པའི་ཆོས་སྦྱིན་པ་ལ་སྐྱོ་ངལ་མེད་པ། རྨོངས་པའི་འགྲོ་བ་དག་ལ་ཡེ་ཤེས་ཀྱི་བློ་སྦྱངས་སུ་བཅུག་སྟེ་སྒྲིབ་པ་མཐའ་དག་བསལ་ནས་ཐར་པའི་ལམ་མ་ནོར་བར་སྟོན་པ་སུ་ཞིག་མཆིས། ཞེས་པའོ། །
    རྒྱན་ནི། ༡ གཟུགས་ཅན་གྱི་གཏན་འབེབས་དཔེ་སྟེ། རྐང་པ་བར་མ་གཉིས་གཟུགས་ཅན་དང༌། ཚིགས་བཅད་ཧྲིལ་པོའི་ཆ་ནས་གོང་གི་དྲི་བའི་ཐེ་ཚོམ་གྱི་དཔེ་དག་བསལ་ནས་མིའི་རྒྱལ་སྲས་ཡིན་ཚུལ་གཏན་ལ་ཕབ་པས་སོ། །༢ སྟོབས་མཚུངས་རབ་སྤེལ་ཏེ། རྐང་པ་གསུམ་པའི་ཕྱེད་སྔ་མ་ནི་ལོང་བ་ལྟ་བུར་ལམ་མི་མཐོང་བའི་འགྲོ་བ་ཞེས་བཀྲལ་ན་འབྲུ་མང་སྡུད་དཔེ་དང། ཕྱེད་ཕྱི་མ་དང་རྐང་པ་གཉིས་པ་གཟུགས་ཅན། གཞན་དག་རང་བཞིན་བསྔགས་པའོ། །
    དེ་དག་གིས་སྨྲས་པ། ཀྱཻ། གཞོན་ནུ་དག དེ་ལྟ་ན་ནི་ཤིན་ཏུའང་ལེགས་ཀྱི་དཀའ་ཐུབ་ཀྱི་ཚལ་འདི་ནི་རྩ་བ་དང་འབྲས་བུ་མང་ཞིང། གནོད་པ་མེད་ལ་མཁས་པ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ཞིང། འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་ཡེ་ཤེས་བློ་གྲོས་སྔོན་གྱི་རྒྱལ་བ་ལ་ལྷག་པར་མཆོད་ཅིང། དགེ་བའི་རྩ་བ་བསྐྲུན་པ། ཡུན་རིང་པོ་ནས་སེམས་ཅན་ཐམས་ཅད་ལ་ཕན་པར་ཞུགས་པ།༡ བྱམས་པ་དང་སྙིང་རྗེའི་ཆུས་རྒྱུད་ལེགས་པར་བརླན་ཞིང་དགེ་བའི་ས་བོན་མང་པོ་བཏབ་པ། གཟུངས་དང༌། ཏིང་ངེ་འཛིན་དང༌། མངོན་པར་ཤེས་པ་དང༌། བྱང་ཆུབ་ཀྱི་ཡན་ལག་གི་མྱུ་གུ་དང༌། མེ་ཏོག་དང༌། སྡོང་པོ་དང༌། ལོ་འདབ་དཔག་ཏུ་མེད་པ་འཁྲུངས་པ། རྣམ་པར་གྲོལ་བའི་འབྲས་བུ་སྨིན་པ།༢ འཇིག་རྟེན་ལས་ཡང་དག་པར་འདས་པ། ལྷ་དང་མིར་བཅས་པའི་འཇིག་རྟེན་ལ་མགོན་དུ་གྱུར་པ་ཞིག་བཞུགས་ཀྱི། ཁྱེད་ཅག་དེ་ལ་དང་པོར་སྐྱབས་སུ་དོངས་ཤིག་དང། ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པ་འཐོབ་པར་འགྱུར་རོ། །
    རྒྱན་ནི། ༡ རང་བཞིན་བསྔགས་པ། ༢ རིམ་ཅན་མཐའ་དག་གཟུགས་ཅན་ཏེ། དེ་ཡང་སྙིང་རྗེ་དང་དགེ་བ་གཉིས་མ་བསྡུས་པའི་གཟུགས་ཅན་དང༌། གཟུངས་སོགས་རིམ་བཞིན་མྱུ་གུ་སོགས་ཀྱི་གཟུགས་སུ་བཀོད་པས་རིམ་པ་ཅན་གྱི་གཟུགས་ཅན། རྣམ་གྲོལ་བྱང་ཆུབ་འབྲས་བུའི་གཟུགས་སུ་བྱས་པའོ། །
    ཚིགས་སུ་བཅད་པས་ཀྱང་སྨྲས་པ། དྲི་མེད་ཡེ་ཤེས་བློ་གྲོས་ནི། །དཔག་ཡས་ཡོན་ཏན་རིན་ཆེན་གཏེར། །སྐལ་ལྡན་ཀླུ་དབང་ཚིམ་བྱེད་པའི། །ཆོས་ཀྱི་རྒྱ་མཚོ་ཆེན་པོ་ཡོད། །༡ དེ་ཡི་མཁྱེན་པ་མཁའ་ལྟར་ཡངས་ཤིང་ཐུགས་ནི་ཆུ་གཏེར་ཆེ་ལྟར་གཏིང་དཔག་དཀའ། །བརྟན་པ་རི་དབང་ལྟ་བུར་མི་གཡོ་ཡེ་ཤེས་ཉི་མ་བརྒྱ་བས་ལྷག་པར་གསལ། །འགྲོ་ལ་དཔག་བསམ་ཤིང་ལྟར་བདེ་བྱེད་བློ་ནི་སེང་གེ་ལྟ་བུར་འཇིགས་པ་མེད། །དེད་དཔོན་ལྟ་བུར་དྲང་པོའི་ལམ་སྟོན་དབང་ཆེན་རྡུལ་བཞིན་ཡོན་ཏན་བགྲང་མི་ལང། །༢
    དོན་ནི། མཚན་ལ་དྲི་མེད་ཡེ་ཤེས་བློ་གྲོས་ཞེས་ཡོན་ཏན་དཔག་ཏུ་མེད་པ། སྐལ་བཟང་སྐྱེ་བོ་མཐའ་དག་གི་འདོད་པ་ཡོངས་སུ་ཚིམ་པར་བྱེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་བཞུགས། དེ་ཡི་མཁྱེན་རབ་ཡངས་ཤིང་ཐུགས་དགོངས་ཟབ་ཅིང་བརྟན་པ། ཡེ་ཤེས་དང་ལྡན་པ་འགྲོ་བ་ཀུན་གྱི་ཕན་བདེ་སྒྲུབ་ལ་འཇིགས་པ་མེད་པའི་བློ་སྤོབས་ཅན། ཐར་པའི་ལམ་མ་ནོར་བར་དྲང་པོར་སྟོན་པ་སོགས་ཡོན་ཏན་མཐའ་ཡས་དང་ལྡན་པ། ཞེས་པའོ། །
    རྒྱན་ནི། ༡ བར་ཆོད་མཐའ་དག་གཟུགས་ཅན་ཏེ། ཆ་ཤས་དཔག་ཡས་ཡོན་ཏན་དང་སྐལ་ལྡན་གཉིས་རིམ་བཞིན་རིན་པོ་ཆེའི་གཏེར་དང་ཀླུ་རྒྱལ་གྱི་གཟུགས་སུ་བྱས་ཤིང༌། ཐོག་མའི་ཆ་ཤས་ཅན་དྲི་མེད་ཡེ་ཤེས་བློ་གྲོས་དེ་ཉིད་རྐང་པ་ཐ་མའི་དཔེའི་ཆ་ཤས་ཅན་ཆོས་ཀྱི་རྒྱ་མཚོ་ཆེན་པོའི་གཟུགས་སུ་བྱས་པས་སོ། །༢ སྣ་མང་ཆོས་དཔེ་སྟེ། མཚུངས་ཆོས་དང་བཅས་པའི་དཔེ་དོན་མི་འདྲ་བ་བརྒྱད་དང་ལྡན་པའོ། །
    དེ་སྐད་ཡ་མཚན་བསྐྱེད་པར་འདྲ་བའི། །འོས་ཚིག་བདུད་རྩི་དེ་བཏུངས་ནས། །དགའ་བ་མང་པོས་གང་བའི་ལུས། །འཕུར་བར་འདོད་བཞིན་དེ་ནས་སོང། །༡ སྦྱིན་སྲེག་དུ་བའི་ན་བུན་གྱི། །སྟོད་གཡོགས་མཛེས་ལྡན་འཁྲི་ཤིང་ཚལ། །སྔོ་བསངས་འདབ་མའི་རླུང་གཡབ་ཀྱིས། །མྱུར་བར་དོངས་ཞེས་གཡབ་མོ་བྱས། །༢ དྲང་སྲོང་རྐང་པའི་སྨུག་རྩི་ཡི། །བཀྲ་ཤིས་རི་མོས་ལམ་མཚོན་ཏེ། །གྲུབ་པས་གང་བའི་བསྟི་གནས་དག །རིམ་གྱིས་དགའ་དང་ལྡན་པ་མཐོང༌། །༣
    དོན་ནི། དེ་ལྟར་ཡ་མཚར་བསྐྱེད་འོས་པའི་གཏམ་སྙན་པ་དག་ཐོས་ནས། རབ་ཏུ་དགའ་བཞིན་གནས་དེ་ནས་མྱུར་དུ་སོང་ཞིང༌། རི་སྟོད་ལ་སྦྱིན་སྲེག་མང་པོའི་དུ་བ་འཁྲིགས་པའི་ནགས་ཚལ་སྔོ་ལྗང་གི་འདབ་མ་གཡོ་བ་ཅན་གྱི་ཚལ་དུ། དྲང་སྲོང་དག་གི་རྐང་པར་བྱུགས་པའི་སྨུག་རྩིའི་ཞབས་རྗེས་གསལ་བའྀ་ལམ་དག་དེད་དེ་རིམ་པས་གྲུབ་ཐོབ་དུ་མས་གང་བའི་ཆོས་ཀྱི་ངལ་གསོའི་གནས་ཉམས་དགའ་བ་དེ་མཐོང་ངོ༌། །ཞེས་པའོ། །
    རྒྱན་ནི། ༡ གཟུགས་ཅན་རབ་རྟོག  ༢ གཟུགས་ཅན་རབ་རྟོག ༣ ལྗོངས་ཀྱི་རང་བཞིན་བསྔགས་པའོ། །
ཁ༽ དགེ་བའི་བཤེས་གཉེན་དང་ཐོག་མར་མཇལ་བའི་ཚུལ།
    དེ་ལྟར་གྲུབ་པའི་བསྟི་གནས་དེ་དང་དེ་དག་ཏུ་ལྟ་ཞིང་རིམ་གྱིས་སྤོས་ངད་ལྡན་པའི་རི་བོའི་རྩེ་བྲག་རི་སྔོན་པོ་བཻཌཱུརྱའི་དུམ་བུ་བརྩེགས་པ་དང།༡ ཁ་ཅིག་དབང་པོའི་གཞུ་བཀོད་པ་ལྟར་སྣང་བའི་བྱ་སྐྱིབས་ཤིང་ལྗོན་པ་དང།༢ མེ་ཏོག་སྣ་ཚོགས་པས་ཁེབས་ཤིང་ལྷའི་ཙན་དན་གྱི་དྲི་བསུང་རྒྱུན་དུ་འབྱུང་བ་དང། བདུད་རྩིའི་འབྱུང་གནས་ཞེས་བྱ་བའི་བསྟི་གནས་དམ་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་ཡེ་ཤེས་བློ་གྲོས་འཁོར་དང་བཅས་པ་འོད་ཟེར་སོྟང་ཕྲག་མང་པོའི་དབུས་ན་ཉི་མའི་དཀྱིལ་འཁོར་དྲི་མ་མེད་པ་ལྟར་འདུག་པར་ཕྱིན་ཏོ། །༣
    རྒྱན་ནི། ༡  བསྡུས་གཟུགས། ༢ དངོས་དཔེ། ༣ ངག་དོན་དཔེ། དོན་གོ་སླའོ། །
    དེའི་ཚེ་གཞོན་ནུ་དག་གི་དུ་བ་འཁྱིལ་བ་ལྟ་བུའི་ཐོར་ཚུགས་༡ གསེར་གྱིས་བརྒྱན་པས་བདག་ཉིད་ཆེན་པོ་དེའི་རྐང་པ་ལ་ཕྱག་འཚལ་ཞིང། རང་གི་བདོག་པ་ཐམས་ཅད་ཡོངས་སུ་ཕུལ་ནས་ཐལ་མོ་སྦྱར་ཏེ་གསོལ་བ། སྣ་ཚོགས་ས་འཛིན་དབུས་ན་ལྷུན་པོ་སྐར་ཚོགས་ནང་ན་བསིལ་ཟེར་དྲ་བ་ཅན། །འདབ་ཆགས་མང་པོ་རྒྱུ་ལས་མཁའ་ལྡིང་ཡལ་ག་ལོ་འདབ་རྒྱས་པའི་རྐང་འཐུང་ལས། །དཔག་བསམ་ལྗོན་པ་མཐའ་ཡས་རིན་ཆེན་ཚོགས་ལས་ནོར་བུ་དབང་གི་རྒྱལ་པོ་སྟེ། །མཁས་མང་དབུས་ན་ཡོན་ཏན་བགྲང་ཡས་ཀུན་ལས་ཁྱད་པར་འཕགས་མཆོག་ཁྱོད་ཉིད་ལགས། །༢ ལས་ཀྱི་ཞགས་པས་དམ་བཅིངས་ཉོན་མོངས་ལྕགས་སྒྲོག་གིས་བསྡམས་སྐྱེ་བ་ཡི། །དོང་དུ་ལྷུང་ཞིང་རྒ་དང་ན་བའི་མེས་བསྲེགས་འཆི་བདག་རལ་གྲི་ཡིས། །མྱུར་དུ་སྲོག་གཅོད་འགྱུར་བ་འཁོར་བའི་བཙོན་ར་འདི་ལས་བདག་ཅག་རྣམས། །རབ་ཏུ་སྒྲོལ་ཅིག་བླ་ན་མེད་པའི་གོ་འཕང་མཆོག་དེར་བདག་ཕྱིན་མཛོད། །༣
    དོན་ནི། དེའི་ཚེ་གཞོན་ནུ་དག་གི་ཐོར་ཚུགས་སྔོན་པོ་གསེར་གྱིས་བརྒྱན་པའི་གཙུག་གིས་བདག་ཉིད་ཆེན་པོའི་ཞབས་ལ་ཕྱག་འཚལ་ཞིང་རང་གི་གཅེས་ནོར་ཚང་མ་ཕུལ་ནས་ཐལ་མོ་སྦྱར་ཏེ་གསོལ་དོན། ས་འདིར་མཁས་པ་མང་པོའི་དབུས་ན་ཡོན་ཏན་དུ་མས་ཀུན་ལས་ཁྱད་པར་དུ་འཕགས་པ་མཆོག་གཅིག་ཡོད་པ་ནི་ཁྱོད་ཁོ་ན་ལགས་པས། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་ཆེན་པོས་ཡང་ཡང་མནར་བའི་འཁོར་བ་འདི་ལས་བདག་ཅག་རྣམས་རབ་ཏུ་སྒྲོལ་བར་མཛོད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མཆོག་དེར་བདག་ཅག་སླེབས་ཐུབ་པའི་སྐྱབས་འཇུག་གནང་རོགས། ཞེས་ཞུས་པའོ། །
    རྒྱན་ནི། ༡ དངོས་དཔེ། ༢ ཟླ་བོ་དངོས་པོའི་མང་དཔེ། ༣ ངག་དོན་མཐའ་དག་གཟུགས་ཅན།
ག༽ སྣོད་ལྡན་ལ་ཕར་ཕྱིན་ཐེག་པའི་ཆོས་སྤྱི་དང་ལྷག་པར་བསམ་གཏན་སྒོམ་པའི་གདམས་པ་གནང་ཚུལ།
    དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། ཕྱག་གསེར་གྱི་པདྨོ་ལྟར་མཛེས་པ་སྤྱི་བོར་བཞག་ནས་དྭངས་པར་བྱས་ཏེ་བཀའ་སྩལ་པ། ལེགས་བྱས་བསོད་ནམས་འཁྲི་ཤིང་གི །འབྲས་བུ་སྐལ་བཟང་རབ་སྨིན་པའི། །ཡང་ཡང་གོམས་པའི་མཐུ་ལས་བཞིན། །གཞོན་ནུ་ཁྱེད་ཅག་འོངས་པ་ལེགས། །༡ སྔོན་གྱི་སྐྱེ་བའི་འཁོར་ལོ་ཡི། །བཟོ་ཆུན་ཕྲེང་བ་མང་པོར་ཡང། །བཏུང་བྱར་འོས་པ་བདུད་རྩིའི་རྒྱུན། །དེ་ནི་ང་ཡིས་རབ་ཏུ་བླུད། །༢ ད་ཡང་འགྲོ་བའི་ཉོན་མོངས་ནད། །ཀུན་སེལ་དམ་ཆོས་བདུད་རྩིའི་གཏེར། །བསིལ་བ་སྦྱིན་གྱི་བློ་གྲོས་ཀྱི། །རིན་ཆེན་སྣོད་ཡངས་ལྡན་པས་ལོངས། །༣ སྔོན་གྱི་རྒྱལ་བ་རྣམས་ཀྱི་ཞབས་མཐིལ་དམར་བ་ཡི། །བཀྲ་ཤིས་འཁོར་ལོའི་རི་མོས་རིམ་གྱིས་གཤེགས་གྱུར་པ། །སུམ་ཅུ་རྩ་བདུན་རིམ་ལྡན་རིན་ཆེན་ཐེམ་སྐས་འདིར། །འཛེགས་ཤིང་འཇིགས་རུང་འཁོར་བའི་དོང་ལས་ཐར་བར་འགྱུར། །༤ འགྲོ་འདིར་བདུད་ཀྱིས་ཡང་ཡང་བཅིངས་པའི་ཞགས་པ་ནི། །འདོད་ལ་སྲེད་པས་དཀའ་ཐུབ་རལ་གྲིས་རབ་ཏུ་གཅོད། །སྡུག་བསྔལ་མྱུ་གུ་སྣ་ཚོགས་བསྐྱེད་པའི་གཞིར་གྱུར་པ། །ཉོན་མོངས་འདམ་རྫབ་ཡེ་ཤེས་ཉི་མས་སྐེམ་པར་གྱིས། །༥ གཏི་མུག་མུན་པས་འཐོམས་ལ་ཤེས་རབ་སྒྲོན་མེ་ཡི། །སྣང་བ་བསྐྱེད་ཅིང་འདོད་ཆགས་ཆུ་ཀླུང་མྱུར་འབབ་པ། །ཚུལ་ཁྲིམས་གྲུ་ཡིས་བསྒྲལ་ཏེ་ཁོང་ཁྲོའི་མེ་དཔུང་ནི། །བཟོད་པའི་ཆུ་ཡིས་བསིལ་བྱ་ལེ་ལོའི་འདམ་རྫབ་ལས། །༦ བརྩོན་འགྲུས་སྟོབས་ཀྱིས་བརྒལ་ཞིང་སེར་སྣའི་དྲ་བ་དག །སྦྱིན་པའི་མཚོན་གྱིས་བཅད་དེ་རྣམ་རྟོག་དྲི་མ་རྣམས། །བསམ་གཏན་ཆུ་ཡིས་བཀྲུས་ལ་ཕྲག་དོག་ནགས་ཚལ་ནི། །ཀུན་ལ་སྙོམས་པའི་སེམསཀྱི་གླང་པོས་རབ་ཏུ་གཞོམ། །༧ འདོད་པའི་ཆང་གིས་མྱོས་ཤིང་ཤེས་བཞིན་ལྕགས་ཀྱུ་དང། །བྲལ་ནས་སྡིག་དང་འདུ་འཛིའི་ནགས་ཚལ་རབ་རྒྱུ་བས། །ངན་འགྲོའི་གཡང་སར་ལྷུངས་གྱུར་སེམས་ཀྱི་ལག་ལྡན་ནི། །དྲན་དང་ཏིང་འཛིན་ཞགས་པས་རབ་ཏུ་བརྟན་པར་ཟུངས། །༨ ལུས་ནི་དོན་མེད་རྩོམ་པ་ཀུན་དོར་མུ་ཅོར་གྱི། སྨྲ་བ་སྤངས་ནས་ཡིད་ནི་རབ་ཞིའི་བདེ་བ་ལ། །རོ་མྱང་མེད་པར་རྩེ་གཅིག་ཉིད་བཞག་གློ་བུར་གྱི། །རྣམ་རྟོག་ཆུ་བུར་ཆུ་གཏེར་ཉིད་དུ་རོ་གཅིག་འགྱུར། །༩ རྨུགས་པའི་ཆུར་བྱིངས་དྲན་པའི་ཤུགས་ཀྱིས་བརྒལ་བྱ་ཞིང། །རྟོག་པའི་རི་དྭགས་མ་བཅིངས་པ་ཡིས་དལ་བར་གནས། །ཞེན་པའི་རྩི་ནི་ཆགས་བྲལ་བློ་ཡིས་སྦྱང་བྱ་སྟེ། །ཐེ་ཚོམ་སྦྲུལ་མདུད་རང་བཞིན་ཤེས་པས་རང་གྲོལ་ཉིད། །༡༠ ཇི་ལྟར་ཆུ་ནི་མ་དཀྲུགས་པ་ལས་དྭངས་འགྱུར་ཏེ། །བྱི་དོར་ལྡན་པས་མེ་ལོང་གསལ་བར་གཟུགས་བརྙན་མཐོང། །དེ་བཞིན་སེམས་ཀྱང་མ་བཅོས་པ་ཉིད་ལྷུན་གྲུབ་ཀྱི། །དེ་བཞིན་ཉིད་དེ་དྲན་དང་ལྡན་པས་ཡང་དག་རིག །༡༡ འདི་ནི་འཁོར་བའི་འབྲོག་དགོན་འཁྱམས་ལ་དབུགས་འབྱིན་ཉིད། །ཉོན་མོངས་སྣ་ཚོགས་ནད་ཀྱིས་གཟིར་ལ་སྨན་གྱི་མཆོག །དགེ་བའི་ལུས་ནི་བརྟས་བྱེད་བདུད་རྩིའི་ཟས་ཉིད་དེ། །དེ་ཕྱིར་དོན་གཉེར་བློ་དང་ལྡན་པས་བསྟེན་པར་གྱིས། །༡༢
    དོན་ཇི་བཞིན་པ་མདོར་དྲིལ་ནི། སྔོན་གྱི་དགེ་བའི་ལས་ལ་ཡང་ཡང་གོམས་པའི་བསོད་ནམས་ཀྱི་འབྲས་བུ་དུས་སུ་སྨིན་པའི་གཞོན་ནུ་ཁྱེད་ཅག་འོངས་པ་ལེགས། སྔོན་ཡང་སྐྱེ་བ་མང་པོར་བདག་གིས་ཆོས་ཀྱིས་བསྐྱངས་ཤིང༌། ད་ཡང་འགྲོ་བའི་ཉོན་མོངས་ཡོངས་སུ་སེལ་ནུས་དམ་པའི་ཆོས་སྦྱིན་པར་བྱ་ཡི་བློ་གྲོས་ཀྱི་རྩལ་གྱིས་ལོངས་ཤིག དེ་ཡང་སྔོན་གྱི་སངས་རྒྱས་དུ་མས་འཇིག་རྟེན་འདིར་དངོས་སུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་རིམ་བཞིན་ལམ་གྱི་རིམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཅིང་གཤེགས་པའི་ལམ་སྟེ། དྲན་པ་ཉེར་གཞག་བཞི་དང༌། ཡང་དག་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། དབང་པོ་ལྔ༌། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་དང་བཅས་པའི་བྱང་ཕྱོགས་ཀྱི་ཆོས་སོ་བདུན་རྣམས་ཇི་བཞིན་ཉམས་སུ་བླངས་ན་འཇིགས་རུང་འཁོར་བ་འདི་ལས་ཐར་བར་འགྱུར། འགྲོ་བ་རྣམས་འཁོར་བར་འཆིང་བྱེད་འདོད་སྲེད་ཡོངས་སུ་སྤོང་བར་བསམ་གཏན་གྱི་དཀའ་ཐུབ་ལ་བསྟེན་ཅིང༌། འབྲས་བུ་སྡུག་བསྔལ་དུ་མ་བསྐྱེད་པའི་རྩ་བ་ཀུན་ནས་ཉོན་མོངས་པ་མཐའ་དག་ཡེ་ཤེས་ཀྱི་སྟོབས་ཀྱིས་སྤོངས། དེ་ཡང་གཏི་མུག་གི་གཉེན་པོར་ཤེས་རབ་དང༌། འདོད་ཆགས་ཀྱི་གཉེན་པོར་ཚུལ་ཁྲིམས་ལེགས་པར་སྲུངས། ཁོང་ཁྲོ་ལ་བཟོད་པ་སྒོམས། ལེ་ལོ་རྣམ་གཡེང་གི་གཉེན་པོར་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་ཅིང༌། སེར་སྣ་སྤངས་ཏེ་སྦྱིན་ལ་བརྩོན་ཞིང། བསམ་གཏན་གྱིས་རྣམ་རྟོག་མ་ལུས་འབུར་འཇོམས་ཀྱིས་ཕྲག་དོག་མེད་པར་ཀུན་ལ་སྙོམས་པར་མཛོད། འདོད་པར་ཞེན་ཞིང་ཤེས་བཞིན་དང་བྲལ་ནས་སྡིག་པའི་ལས་དང་འདུ་འཛིའི་བྱ་བར་གཡེང་བས་ངན་འགྲོར་ལྷུང་བྱེད་སེམས་པ་ལང་ཤོར་འདི་ཉིད། དྲན་པ་དང་ཏིང་འཛིན་སྟོབས་ཀྱིས་བརྟན་པོར་ཟུངས། རྟག་ཏུ་ལུས་ཀྱིས་དོན་མེད་བྱ་བ་རྩོམ་པ་ཀུན་དང༌། ངག་གིས་དོན་མེད་མུ་ཅོར་སྨྲ་བ་དག་སྤངས་ནས་ཡིད་ནི་རབ་ཏུ་ཞི་བ་བསམ་གཏན་གྱི་བདེ་བར་ཡོངས་སུ་ཆགས་པའི་རོ་ཁོ་ན་མྱོང་བའང་མ་ཡིན་པར་དགེ་བའི་དམིགས་པ་དང༌། དེ་བཞིན་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ན་གློ་བུར་བའི་རྣམ་རྟོག་དག་ཀྱང་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་འགྱུར། སྒོམ་གྱི་གནས་སྐབས་སུ་སེམས་རྨུགས་པ་དང་བྱིངས་ན་དྲན་པའི་ཤུགས་ཀྱིས་སེལ་བ་དང༌། ཡིད་ཀྱི་རྟོག་པ་རང་སོར་གློད་ལ་འཇོག་ཅིང༌། ལོངས་སྤྱོད་ཀྱིས་གཙོས་ཞེན་པ་མཐའ་དག་ཆགས་བྲལ་བློ་ཡིས་ཡོངས་སུ་སྦྱང་བར་བྱ། མཐའ་གཉིས་སོགས་ལ་དོགས་པའི་ཐེ་ཚོམ་དག་ནི་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་རྟོགས་པས་ཡོན་ཏན་མཐའ་དག་རང་གྲོལ་ཉིད་དུ་འགྱུར། ཆུ་རྙོག་དག་ནི་མ་དཀྲུགས་པར་དལ་བར་བཞག་ན་ངང་གིས་དྭངས་པར་འགྱུར་བ་དང༌། མེ་ལོང་གསལ་བའི་ངོས་ལ་གཟུགས་བརྙན་སྣང་བའི་དཔེ་དེ་བཞིན་དུ་སེམས་ཀྱང་མ་བཅོས་པ་སྟེ་རྣམ་རྟོག་གིས་མ་གཡོས་ན་སེམས་ཀྱི་རང་བཞིན་འོད་གསལ་ལྷུན་གྲུབ་ཀྱི་ངོ་བོ་ཉིད་དེ་ནི་དྲན་པའི་སྟོབས་དང་ལྡན་པས་རིམ་བཞིན་ཡང་དག་པར་རིག་པར་འགྱུར་བས་ན། གདམས་པ་འདི་དག་ནི་འཁོར་བར་འཁྱམས་པ་ཀུན་ལ་སེམས་ངལ་གསོ་བའི་བདེ་བ་དང༌། ཉོན་མོངས་མཐའ་དག་སེལ་བའི་གཉེན་པོ་མཆོག དགེ་བའི་ལས་ཀུན་འཕེལ་བའི་རྒྱུ་ཉིད་ལགས་ན། ཐར་པ་དོན་དུ་གཉེར་མཁན་སྐལ་བཟང་བློ་ལྡན་དག་གིས་ཇི་བཞིན་བསྟེན་པར་གྱིས་ཤིག ཅེས་པའོ། །བཟོ་ཆུན་ཞེས་པ་ཡིག་ནོར། ཟོ་ཆུན་ཆུ་འདྲེན་པའི་ཆུ་ཟོའི་འཁོར་ལོ་ཞིག་གོ །
    རྒྱན་ནི། ༡ གཟུགས་དཔེ་སྤེལ་མ། ༢ ངག་དོན་གཟུགས་ཅན། རྐང་པ་གསུམ་པས་དཔེ་ཅན་དམ་ཆོས་བསྡུས་ཡོད། ༣ ངག་དོན་མཐའ་དག་གཟུགས་ཅན། ༤ ལྡན་པའི་གཟུགས་ཅན། ༥ ངག་དོན་གཟུགས་ཅན། ཞགས་པའི་འདོད་སྲེད་ཅེས་པ་འབྲུ་མང་སྡུད་དཔེའང། ༦དང་༧ གཟུགས་ཅན་སྤེལ་མ་སྟེ། མི་ལྡན་པ་དང་ལྡན་པ། ངག་དོན་གཟུགས་ཅན། བསྡུས་མ་བསྡུས་པའང་ངོ། །༨ ངག་དོན་གཟུགས་ཅན། ༩ གཅིག་གཟུགས། ༡༠ ངག་དོན་གཟུགས་ཅན། ༡༡ ངག་དོན་གཟུགས་ཅན། ༡༢ ཁྱད་གཞིར་ལྟོས་གཟུགས་སོ། །
ང༽ གདམས་པ་ཇི་བཞིན་ཉམས་ལེན་ཐུབ་མིན་གྱི་གདུལ་བྱའི་ཁྱད་པར་བསྟན་པ།
    དེ་ལྟར་རིགས་ཤིང་གྲོལ་བའི་ཚིག་ཚངས་པའི་དབྱངས་ལྟར་སྙན་པ་དེ་དག་ཐོས་ནས། ཚིམ་ཞིང་མགུ་ལ་ཡི་རང་ཞིང༌། རབ་ཏུ་དགའ་བ་དང་ཡིད་བདེ་བར་གྱུར་ཏེ། ལོ་མའི་སྤྱིལ་པོ་དང་བྲག་གི་བྱ་སྐྱིབས་དག་ཏུ་གནས་བཅས་ནས་ཡང་དག་པའི་དགེ་བའི་བཤེས་གཉེན་ལ་ནི་གཙུག་གི་ནོར་བུ་ལྟར་བཀུར་ཞིང༌། ཇི་སྐད་བསྟན་པའི་གདམས་པ་ནི་ནན་ཏན་དུ་བྱེད། དུལ་བ་དང་དེས་པའི་སྤྱོད་ལམ་དང་ནི་ལྡན། བསིལ་བ་དང་ཞི་བའི་དཀའ་ཐུབ་ཀྱིས་ལུས་སེམས་རབ་ཏུ་དྭངས་པ་ནི་ཐོབ་སྟེ། དེ་ལྟར་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ་ལས། ཡང་རེ་ཞིག་གི་ཚེ། ཕུ་བོ་གསུམ་པོ་དག་སྔོན་གྱི་བག་ཆགས་ངན་པ་ལ་གོམས་པའི་སྟོབས་ཀྱིས་འདོད་པའི་ལོངས་སྤྱོད་རྣམས་ནི་ཡོངས་སུ་དྲན། དཀའ་ཐུབ་སྤྱོད་པས་ནི་ཡིད་དབྱུང་ཞིང་སྐྱོ་བར་གྱུར་ནས་ཕྱི་རོལ་ཏུ་ཐོན་ཏེ་བདག་གི་ཡུལ་གྱི་ཕྱོགས་སུ་ལྟ་ཞིང༌། དེའི་ཚེ་གཞོན་ནུ་འདོད་ལྷའི་བུས་སྨྲས་པ།
    (དཔེ་རྒྱན་རེ་གཉིས་ཡོད་ཀྱང་སྤྱིར་བྱ་བ་དང་ཡོན་ཏན་གྱི་རང་བཞིན་ལ་བརྗོད་པའོ། །)
    ཀྱེ་ཧུད་ཁང་བཟང་དྲ་བ་ཅན་ན་པད་རྩ་ལྟར་འཇམ་ལག་པའི་སྟེགས་བུ་ལ། །མཆི་མའི་ཆུ་ཡིས་རབ་བཀང་མཁུར་ཚོས་དམར་བའི་བུམ་པ་བཞག་ནས་ཙན་དན་གྱི། །དྲི་བསུང་ལྡན་པའི་ཤུགས་རིང་རླུང་གིས་སྐྲ་ཡི་ཡལ་འདབ་བསྐྱོད་ཅིང་བིམ་པ་དང། །མཆུ་མཛེས་ལྡན་པའི་དགའ་མ་རྣམས་ནི་རང་བཞིན་ངན་པ་བདག་ལ་སྨྲེ་ཞིང་གནས། །༡ དེ་ཡི་སྨྲེ་ངག་སྒྲ་སྙན་མ་ཐོས་ཀྱང་ནི་རྣ་བར་གདུང་བྱེད་ཟླ་བཞིན་མ། །མདུན་དུ་མེད་ཀྱང་ཡིད་ཀྱིས་གསལ་བར་མཐོང་ངོ་ཀུན་ད་གཞོན་ནུ་ལྟར་འཇམ་ལུས། །བདག་གི་སྙིང་དུ་མཚོན་བཞིན་ཟུག་རྔུ་སྐྱེ་བྱེད་སྔོན་ཆད་ཚིམ་མེད་བདེ་སྟེར་མ། ཁྱོད་ཀྱིས་བདག་ལ་སྡུག་བསྔལ་བྱས་སོ་ཀྱེ་མ་ཀྲི་ཎ་ས་རའི་མིག་ཅན་དེ། །རིང་དུ་གནས་ཀྱང་ལུས་ལ་ཞུགས་པ་བཞིན་གྱུར་རྙེད་དཀའི་དཔལ་དེས་བདག་བཅོམ་མོ། །༢
    དོན་ནི། ཀྱེ་ཧུད། རིན་ཆེན་དྲ་བ་ཅན་གྱི་ཁང་བཟང་དག་ན་མིག་ཆུས་བརླན་པའི་མཁུར་ཚོས་དམར་པོའི་འགྲམ་པ་ལག་པས་སྐྱོར་ཅིང་དྲི་ཞིམ་དབུགས་རིང་གིས་གདོང་པར་ལུགས་པའི་སྐྲའི་ཉག་མ་དག་གཡོ་བའི་མཆུ་སྒྲོས་དམར་བའི་དགའ་རོགས་རྣམས་ཀྱིས་ཁྲེལ་མེད་རང་བཞིན་ངན་པ་བདག་ལ་སྡུག་གཏམ་གླེང་གིན་ཡོད། སྨྲེ་ངག་དེ་དག་བདག་གིས་དངོས་སུ་མི་ཐོས་མོད་ཀྱང་ཐོས་པ་ལྟར་རྣ་བར་རྩུབ་ལ། བཞིན་བཟང་མ་དག་བདག་གི་མདུན་དུ་མེད་ཀྱང་ཡིད་ལ་གསལ་བར་འཆར། སྔོན་ཆད་འཇམ་པའི་ལུས་ཀྱིས་བདག་གི་སྙིང་ལ་འདོད་པའི་གདུང་བའམ་ཚིམ་པ་དང་ཆོག་ཤེས་མེད་པའི་བདེ་སྟེར་མ། ཁྱོད་ཚོས་ད་ལྟ་བདག་དྲན་གདུང་གི་སྡུག་ལ་སྦྱོར་བར་བྱེད་དོ། །ཀྱེ་མ། རྒྱང་རིང་གི་རི་དྭགས་མིག་ཅན་མ་དེ་དག་བདག་གི་ལུས་ལ་ཞུགས་པ་ལྟར་འདོད་གདུང་དྲག་པོས་བདག་བཅོམ་སོང༌། ཞེས་པའོ། །
    རྒྱན་ནི། ༡ བརྟེན་པའི་རབ་སྤེལ་ཏེ། རིམ་བཞིན་ཆོས་དཔེ། གཟུགས་ཅན་གསུམ། དངོས་དཔེ་བཅས་དང་སྤྱིའི་ཆ་ནས་སྙིང་རྗེའི་ཉམས་ལྡན་པའོ། །༢ ངོ་མཚར་བརྟེན་པའི་རབ་སྤེལ་ཏེ། རྐང་པ་དང་པོར་གཟུགས་ཅན་དང་སྲིད་པ་ཅན། གཉིས་པར་ཆོས་དཔེ་དང་སྲིད་པ་ཅན། གསུམ་པ་ངག་དོན་དཔེ་དང་གཞི་གཅིག་གི་བྱ་བ་འགལ་བ། བཞི་པ་བྱ་བ་རང་བཞིན་བརྗོད་པ། ལྔ་པར་སྲིད་མིན་རབ་རྟོག་དང་བཅས་པའོ། །ཀྲིཥཎསཱརནག་ཁྲཟུར་ཆག་ནས་ང་ཚོས་རི་དྭགས་ཁྲི་སྙན་ས་ལེ་ཞེས་པ་ལུས་ཡོངས་ཐིག་ལེ་དཀར་ནག་གིས་བཀྲ་བས་མཛེས་ཤིང༌། གཤིས་ཀ་འཇམ་པ་བཀྲ་ཤིས་པ་མཚོན་བྱེད་ཅིག འདིར་རི་དྭགས་དེའི་མིག་ཅན་མའམ། ཡང་ན་དཀར་ནག་མིག་ཅན་ཞེས་ཀྱང་ངོ༌།།གཞན་དུ་ན་རི་དྭགས་ཨེ་ན་ཡའམ་ཤྭ་བའི་མིག་ནི་མཛེས་པའི་དཔེར་བྱེད།
    གཞོན་ནུ་དྲག་པོས་སྨྲས་པ། ཀྱེ་མ་བདག་གིས་གཞུ་ནི་ལྕགས་ལྟར་སྲ་བ་བརྡུངས་ཚེ་རྒྱུད་ཀྱི་སྒྲ་སྙན་ནི། །གནམ་ལྕགས་འབབ་པ་ལྟ་བུ་ཐོས་ཚེ་རླུང་གི་འཁྲི་ཤིང་བཞིན་དུ་གང་གི་སྙིང༌། །རབ་ཏུ་འདར་པའི་དགྲ་བོ་དེ་དག་དེང་འདིར་མཆེ་བ་མེད་པའི་གཉིས་འཐུང་ལྟར། །བདག་གི་ལག་པ་མཚོན་བྲལ་ཤེས་ནས་སེང་གེ་བཞིན་དུ་དོགས་པ་མེད་པར་རྒྱུ། །
    དོན་ནི། ཀྱེ་མ། བདག་གིས་སྲ་བའི་མདའ་གཞུ་འཕེན་ཚེ་གཞུ་རྒྱུད་ཀྱི་སྒྲ་སྐད་དྲག་པོས་ཀྱང་སྙིང་རབ་ཏུ་འདར་བའི་དགྲ་བོ་དེ་དག་ད་ནི་བདག་གི་ལག་པར་མཚོན་ཆ་མེད་པ་ཤེས་ནས་དོགས་པ་མེད་པར་གང་འདོད་ཀྱིས་འགྲོའོ། །ཞེས་སོ། །འདི་ནི་སྤེལ་མའི་དཔེ་སྟེ། ཆོས་དཔེ་གཉིས་དང། ངག་དོན་དཔེ་གཉིས། ཡང་ཆོས་དཔེ་དང། སྤྱིའི་ཆ་ནས་བཞིན་སྒྲ་དུ་མའི་ངག་དོན་དཔེའོ། །སྒྲ་སྙན་ཞེས་པ་སྒྲ་སྐད་ཅེས་སྨྲས་ན་འཚམ་ཞིང༌། བརྡུངས་ནི་ཡིག་ནོར་སྟེ་བདུངས་པ་འཐད།
    གཞོན་ནུ་མུན་པ་ཅན་གྱིས་སྨྲས་པ། ཀྱེ་ཧུད་བདག་ཅག་གཉེན་རྣམས་སྤངས་ནས་སྐྱེ་བོ་གཞན་ལ་གུས་བྱེད་དོན་ལྡན་བྱ་བ་དོར་ནས་དོན་མེད་དཀའ་ཐུབ་བྱེད་ལ་བརྩོན། །ལུས་ངན་ལྟ་བུའི་ནོར་ཡང་རྩྭ་བཞིན་དོར་ནས་རྩ་དང་ཤིང་ཤུན་བསྟེན་ཞིང་རིན་ཆེན་རྒྱན་རྣམས་རབ་སྤངས་ཚེམ་བུའི་གོས་འདི་རྙེད། །རོ་བརྒྱ་ལྡན་པ་བཏང་ནས་རྩ་བ་རྩུབ་མོ་འདི་ཡིས་འཚོ་བྱེད་སྤྱོད་ལམ་སྤངས་ལ་གཉིད་ནི་ཅི་བདེར་ལོག་ཅིང་སད་པ་ཡི། །བདེ་བ་དེ་སྤངས་བསམ་གཏན་ཞེས་བྱ་ཅི་ཞིག་དོན་གཉེར་དཀའ་ཐུབ་ཆོམ་རྐུན་འདི་ཡིས་ས་མཐར་དོན་མཐུན་བཞིན་དུ་བདག་བཅོམ་མོ། ། ཞེས་སྨྲ་ཞིང་ཕུག་ཏུ་ཞུགས་ནས་ཀྱང་བསམ་གཏན་དོན་དུ་མི་གཉེར་ལ། གཉིད་དང་གཡེང་བ་འབའ་ཞིག་གིས་དུས་འདའ་བར་བྱེད་དོ། །
    དོན་ནི། ཀྱེ་ཧུད། བདག་ཅག་གིས་རང་གི་ཕ་མ་གཉེན་རྣམས་བསྐྱུར་ནས་ངོ་མི་ཤེས་པའི་མི་གཞན་དག་ལ་བཀུར་བ་དང༌། འདོད་པའི་ཡོན་ཏན་གྱི་བདེ་བའི་དོན་ལྡན་བྱ་བ་རྣམས་དོར་ནས་དོན་མེད་ཟས་གོས་ཀྱིས་དབུལ་བའི་དཀའ་ཐུབ་སྤྱོད་པ་ལ་འབད་པ། སྐྱིད་པའི་ཁང་བཟང་སོགས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་དོར་ནས་རྩྭའི་སྤྱིལ་བུ་དང་ཤིང་གི་པགས་པ་དག་ལ་གནས་པ། རིན་ཆེན་རྒྱན་དག་དོར་ནས་ལྷན་པ་མང་པོའི་ཚེམ་བུའི་གོས་རྙིང་འདི་དག་རྙེད། རོ་མཆོག་བརྒྱ་ལྡན་གྱི་བཟའ་བཏུང་དག་ཀྱང་དོར་ནས་རྩི་ཤིང་གི་རྩ་བ་རྩུབ་མོ་དག་ཟས་སུ་ཟ་བ། འགྲིག་མིན་ཆོག་མིན་སོགས་སྤྱོད་ལམ་གྱི་སྒྲིག་གཞི་གང་ཡང་མེད་པར་གང་འདོད་དུ་གཉིད་སྐྱིད་པོས་ཚིམ་ནས་བདེ་བར་སད་པའི་སྐྱིད་དེ་དག་ཀུན་སྤངས་ཏེ། བསམ་གཏན་ཞེས་བྱ་བའི་ལས་འདིས་དོན་མེད་དུ་བདག་ཅག་ས་མཐར་སྡུག་ལ་སྦྱར་སོང༌། ཞེས་པའོ། །
    འདི་ནི་བརྟེན་པའི་རབ་སྤེལ་ཏེ། དང་པོ་བྱ་བ་འགལ་བ་དང། གཉིས་པར་དངོས་དཔེ་ཟུང་དང་བྱ་བ་འགལ་བ། གསུམ་པར་བྱ་བ་འགལ་བ། བཞི་པར་གཟུགས་ཅན་དང་དཔེ་བཅས་པ་དང། གོང་གི་ཕུ་བོ་གསུམ་གྱི་སྡུག་གཏམ་དག་ནི་སྐྱོ་ཞིང་འགྱོད་པའི་ཉམས་དང་བཅས་པའོ། །
ཅ༽ གདུལ་བྱ་དམན་པར་འཁོར་བའི་ཉེས་དམིགས་བསྟན་ནས་ཆོས་ལ་བསྐུལ་ཚུལ།
    དེ་ལྟར་རིག་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་ཡེ་ཤེས་བློ་གྲོས་དེས། སྐབས་འགར་གཞོན་ནུ་དེ་དག་བོས་ནས། འདི་སྐད་ཅེས་སྨྲས་པ། ཇི་ལྟར་འབར་བ་འཁྲུགས་པའི་མེ་དོང་ནས། །ཐར་ཚེ་སླར་ཡང་དེར་འཇུག་རིགས་མ་ཡིན། །སྐྱོན་བརྒྱ་ལྡན་པའི་ཁྱིམ་སྤངས་ཞི་བ་ཡི། །ནགས་སུ་གནས་ཚེ་ད་ཡང་ཁྱིམ་དྲན་ནམ། །༡ ཐོག་མཐའ་མི་མངོན་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་བའི་གྲུ་འདི་ཚེགས་ཆེས་རྙེད་གྱུར་པ། །ཉོན་མོངས་སྟ་རེས་ཕྲལ་ནས་སྡུག་བསྔལ་གྱི། །རྦ་ཀློང་དྲག་པོས་བཅོམ་པར་གྱུར་ཏ་རེ། །༢ རིང་ནས་འབྲལ་མ་མྱོང་བར་རབ་ལྕི་བའི། །སྡུག་བསྔལ་ཁུར་འདིས་ད་དུང་ཡོངས་མ་དུབ། །རང་ལ་ཕན་སླད་དཀའ་ཐུབ་རིན་ཆེན་གྱི། །ཅོད་པཎ་འདི་ལ་ངལ་གྱུར་སྙིང་འདི་མཚར། །༣ འདོད་པའི་བདེ་བ་དུག་གི་མངར་བའི་རོས། །ལུས་འཇོམས་ལྟ་བུ་འདི་ལ་ཆགས་མི་གཏོང། །བླ་མེད་བདེ་ཆེན་མི་ཟད་དམ་ཆོས་ཀྱི། །བདུད་རྩིའི་བུམ་བཟང་འདོར་བྱེད་དེ་བཞིན་ནོ། །༤ རྣམ་པར་འཐོར་རླུང་དྲག་པོས་དཀྲུགས་པ་ཡི། །ནམ་མཁར་ཆུ་འཛིན་ཕུང་པོའི་སྐབས་མི་འབྱེད། །དེ་བཞིན་སེམས་ནི་རྟོག་པས་གཡེང་རྣམས་ལ། །རྨད་བྱུང་ཡོན་ཏན་འཛིན་པའི་གོ་སྐབས་མེད། །༥ གང་ཞིག་རིན་ཆེན་རྟ་བབས་མཛེས་ལྡན་ཁང་པར་བག་འཁུམས་ངལ་ཞིང་རྟག་ཏུ་བྱི་དོར་གྱི། །ལུས་ནི་རྔུལ་གྱི་ཐིགས་པས་རབ་བཀྲུས་ངལ་བའི་དབུགས་ནི་ཚ་བས་མགྲིན་པ་བསྐམས་གྱུར་དང། །ཡུད་ཙམ་བདེ་སྟེར་དགའ་མ་དེ་ཡི་སྐྲ་ཞགས་འཛིན་པས་མགུལ་འཆིངས་སེན་མོས་རྨ་དོད་ཅིང། །འཁུ་བར་བརྩོན་པའི་དམོད་ཚིག་མདས་ཕུག་བཞིན་གྱི་པད་མོ་ཟུམ་པས་ཡིད་ཀྱི་བུང་བ་བཅིངས། །༦ གཉེན་གྱི་སྐྱེ་བོས་མི་སྙན་སྐྱི་བུངས་བྱེད་ཅིང་དགྲ་བོ་རྣམས་ནི་དུས་ཀྱི་མུན་པ་ལྟར། །མི་ལྡོག་འཐིབས་ཀྱིས་གནོད་བྱེད་ལོངས་སྤྱོད་དག་ནི་འབྱོར་ཚེ་ངོམས་མེད་སྲུང་བས་ཤ་ཐང་ལ། །མྱུར་དུ་བརླགས་པས་ངུ་འབོད་བསྐྱེད་ཅིང་བགྲང་ཡས་སྡུག་བསྔལ་རྣམས་ནི་རྦ་རླབས་དྲག་པོ་ལྟར། །རྒྱུན་མི་ཆད་དེ་མི་འདོད་ཆར་ཆེན་ལྟར་འབབ་འདོད་པ་མུན་ནང་གསེར་བཞིན་བཙལ་མི་རྙེད། །༧ དེ་ཕྱིར་ཉེས་མང་ཁྱིམ་ལ་ཆགས་པ་རབ་ཐོངས་རང་ཉིད་འཇོམས་འགྱུར་གྱི་ནའི་བྱ་བ་དོར། །ཐར་པའི་བདེ་ལ་འདུན་པས་དཀའ་ཐུབ་དོན་གཉེར་མི་གཡོ་རྩེ་གཅིག་ཏིང་འཛིན་གནས་པར་གྱིས། །སྲིད་དང་ཐར་བའི་སྐྱོན་དང་ཡོན་ཏན་འདི་ཞེས་གཞན་འགས་བསྐལ་པ་བྱེ་བར་གཡེལ་མེད་པར། །ལུས་ནི་བྱེ་བ་ལུས་རེ་བཞིན་ཡང་ལྕེ་ནི་བྱེ་བ་སྤྲུལ་ཏེ་བགྲངས་ཀྱང་ཟད་མི་འགྱུར། །༨
    དོན་མདོར་དྲིལ་ན། སྡིག་པའི་ལས་གསོག་སའི་སྐྱོན་མང་པོའི་གཞི་བཟའ་ཚང་གི་ཁྱིམ་དེ་སྤངས་ནས་ཞི་བ་ནགས་ཚལ་དབེན་པར་འདི་ལྟར་གནས་ཚེ་ད་ཡང་ཁྱིམ་དྲན་པ་ག་ལ་འོས། སྐྱེ་བའི་ཐོག་མཐའ་མི་མངོན་པའི་འཁོར་བ་ལས་ཐར་བྱེད་དལ་འབྱོར་རྙེད་དཀའ་བ་འདི་ཉོན་མོངས་ཀྱིས་སྐད་ཅིག་ལ་བརླགས་པར་གྱུར་ན་ཕངས་པ་ལ། སྐྱེ་བ་དུ་མར་འབྲལ་མ་མྱོང་བའི་སྡུག་བསྔལ་ཆེན་པོས་ད་དུང་ཡང་ཡིད་ཐང་མ་ཆད་པར་རང་གི་ཕུགས་ཕན་གྱི་དོན་ཆེན་སྒྲུབ་པའི་དཀའ་ཐུབ་ཀྱི་སྤྱོད་པ་འདིར་འབད་ནུས་མེད་པའི་སྙིང་དེ་ནི་མཚར་རོ། །འཕྲལ་བདེའི་འདོད་ཡོན་ཙམ་ལ་ཆགས་པ་ནི་བླ་མེད་གཏན་བདེའི་གོ་འཕང་འཐོབ་བྱེད་དམ་པའི་ཆོས་འདོར་བ་དང་འདྲའོ། །རྟག་ཏུ་སེམས་ནྀ་རྣམ་རྟོག་གིས་གཡེང་བ་རྣམས་ལ་ངོ་མཚར་རྟོགས་པའི་ཡོན་ཏན་འགོས་པའི་གོ་སྐབས་མེད་དོ། །སུ་ཞིག་རིན་པོ་ཆེའི་རྟ་བབས་མཛེས་པ་དང་ལྡན་པའི་ཁང་བཟང་དུ་བག་འཁུམས་ནས་ཉལ་ཞིང་རྟག་ཏུ་གཙང་སྦྲ་སོགས་ལ་འབད་དེ་ལུས་ནི་རྔུལ་ཆུས་བཀྲུས་ཏེ་ངལ་བའི་དབུགས་ཚ་བོས་མགྲིན་པ་བསྐམས་ཏེ་ཁ་སྐོམ་ཞིང༌། དགའ་མའི་སྐྲ་ཞགས་ཀྱིས་མགུལ་བར་དཀྲིས་ནས་འོ་དང་བཅས་འདོད་པའི་བདེ་བ་ཡུད་ཙམ་སྟེར་བའི་སྐབས་སུའང་ཆགས་པའི་སེན་མོས་ལུས་ལ་རྨ་བཏོད་ཅིང༌། སྐབས་མང་པོར་གནོད་པའི་དམོད་ཚིག་དང་བཅས་གདོང་ནག་པོས་ཡིད་ཀྱི་དགའ་བ་འཇོམས་པ་དང༌། མཚམས་རེར་གཉེན་ཉེ་དག་གིས་ཀྱང་མི་སྙན་པའི་གཏམ་དག་གིས་སྐྱི་གཡའ་བར་བྱེད་ཅིང་དགྲ་རྣམས་ཀྱིས་རྟག་ཏུ་གནོད་བྱེད་པ། རྒྱུ་ནོར་ལོངས་སྤྱོད་མང་ཚེ་མི་ངོམས་པར་སྲུང་ཞིང་ད་དུང་གསོག་པར་ཤ་ཟད་ཟད་དུ་འབད་པ་དང༌། མྱུར་དུ་བརླགས་པར་གྱུར་ན་ངུ་འབོད་བྱེད་པ་སོགས་སྡུག་བསྔལ་མང་པོ་རྒྱུན་ཆད་མེད་པར་འབྱུང་བས། མདོར་ན་མི་འདོད་འགལ་རྐྱེན་ཤིན་ཏུ་མང་ཞིང་འདོད་པ་བཙལ་ཡང་ཤིན་ཏུ་རྙེད་དཀའོ། །དེའི་ཕྱིར་ན། ཉེས་པ་མང་པོའི་ཁྱིམ་ལ་མ་ཆགས་པར་རང་ཉིད་འཇོམས་བྱེད་འཁོར་བའི་དོན་མེད་རྣམས་དོར་ལ། ཐར་པའི་བདེ་བར་འདུན་པ་བརྟན་པོས་ལུས་སེམས་དགེ་སྦྱོར་གྱི་དཀའ་ཐུབ་ཆེན་པོ་འདི་དོན་དུ་གཉེར་ནས་བྱིང་རྒོད་ཀྱི་གཡོ་བ་མེད་པར་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་ཤིག སྲིད་པའི་སྐྱོན་དང་ཐར་པའི་ཡོན་ཏན་གཉིས་ཀྱི་ཚད་ནི་འདི་འདྲའོ་ཞེས་གཞན་དག་གིས་བསྐལ་པ་བྱེ་བར་རྟག་ཏུ་གཡེལ་བ་མེད་པར་ལུས་ནི་བྱེ་བར་སྤྲུལ་ཅིང་ལུས་རེར་ཡང་ལྕེ་བྱེ་བར་སྤྲུལ་ཏེ་བརྗོད་ཅིང་ཟད་པར་མི་འགྱུར་རོ། །ཅེས་སོ། །
    རྒྱན་ནི། ༡ མི་འོས་པའི་དོན་གཞན་བཀོད་པ། ༢ ངག་དོན་གཟུགས་ཅན།
སྒྲོལ་བའི་གྲུ་འདི་ཞེས་པའི་ཤུགས་ཀྱིས་དཔེ་ཅན་དལ་འབྱོར་གྱི་རྟེན་བསྡུས་པ་གོ་དགོས། ༣ གཟུགས་ཅན་འགལ་བ། ༤ རྐང་པ་ཐོག་མ་གཉིས་ངག་དོན་དཔེ་དང། ཐ་མ་ཟུང་ལྡན་གཟུགས་ཅན་དང༌། དེ་བཞིན་ནོ་ཞེས་པས་དེ་ཡང༌། ༥ བཞིན་སྒྲ་གཅིག་པའམ་ངག་དོན་རྒྱུན་གཅིག་པའི་དཔེ། ༦ སྟོབས་མཚུངས་རབ་སྤེལ་ཏེ། རྐང་པ་དང་པོ་བྱ་བའི་རང་བཞིན་བརྗོད་པ། གཉིས་པ་འུད་བརྗོད། གསུམ་པ་རྣམ་པའི་ཕྲ་མོ། བཞི་བ་ངག་དོན་གཟུགས་ཅན། ༧ ཆོས་དཔེ། ༨ བྱ་བའི་རང་བཞིན་བརྗོད་རྒྱན་དང་ངོ་མཚར་ཕུལ་བྱུང་བཅས་པའོ། །

གསུམ་པ། བསམ་གཏན་བསྒོམས་པའི་ཕན་ཡོན་དངོས།

    ཚུལ་དེ་དང་དེ་ལྟ་བུ་དག་གིས་རྗེས་སུ་གདམས་ཤིང༌། དེ་ལྟར་བདག་ཉིད་ཆེན་པོ་དེས་ཇི་ལྟར་བཀའ་སྩལ་པ་བཞིན། ལེགས་པའི་བློ་གྲོས་ལ་སོགས་པ་གཞོན་ནུར་གྱུར་པ་དེ་དག་གིས་ཀྱང་བརྩོན་པ་དང་སྒྲུབ་པ་དང༌། འབད་པས་རིང་པོར་མ་ཐོགས་པར་བསམ་གཏན་བཞི་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་དང། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང༌། མངོན་པར་ཤེས་པ་དང། ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་དུ་མ་མངོན་དུ་གྱུར་ཏོ། །
    སྐལ་བ་དང་ལྡན་པས་དགེ་བའི་བཤེས་གཉེན་གྱིས་ཇི་ལྟར་གདམས་པ་བཞིན་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཉམས་རྟོགས་ཁྱད་པར་བ་འཁྲུངས་པའི་ཡོན་ཏན་གྱི་རང་བཞིན་ལ་བསྔགས་པའོ། །
    དེ་དག་ཡིད་ནི་ཞི་བའི་ཆུ་ཡིས་བཀྲུས་པས་རབ་དྭངས་ཤིང༌། །བསམ་གཏན་ལ་ཆགས་མིག་གཉིས་གཡོ་མེད་ངང་ཚུལ་དེས་པ་ཐོབ། །ཡོན་ཏན་མང་པོས་ཤིན་ཏུ་གང་བའི་ཆོས་ཀྱི་བང་མཛོད་དུ། །ཡངས་པའི་ཏིང་འཛིན་བརྒྱ་ཕྲག་སྒོ་ནས་རབ་ཏུ་ཞུགས་པར་གྱུར། །༡ གདམས་པའི་ཆུ་ཀླུང་སྟོང་ཕྲག་ལེགས་སྡུད་དྲན་པའི་གདེངས་ཅན་བདག་པོས་དབང་བྱས་ཤིང༌། །རྫུ་འཕྲུལ་ཏིང་འཛིན་རྦ་རླབས་རབ་འཕྲོ་མངོན་པར་ཤེས་པའི་ནོར་བུ་དུ་མས་གཏམས། །རྣམ་པར་ཐར་པའི་གཏིང་མཐའ་རབ་ཡངས་ཉོན་མོངས་མེ་ཡིས་སྐེམས་པར་ནུས་མིན་པ། །བྱང་ཆུབ་ཡན་ལག་རིན་ཆེན་འབྱུང་གནས་བསམ་གཏན་རྒྱ་མཚོའི་གཏིང་དཔག་སུ་ཡིས་ནུས། །
    དོན་དྲིལ་ན། གཞོན་ནུ་དེ་དག་ཡུན་རིང་པོར་སེམས་ཞི་བར་གནས་པས་ཡིད་རབ་ཏུ་དྭངས་པར་གྱུར་ཅིང༌། རྟག་ཏུ་བསམ་གཏན་ལ་ཆགས་པའི་མིག་གཉིས་ཀྱང་གཡོ་བ་མེད་པར་དགེ་བའི་དམིགས་པར་འཇུག་པའི་སྤྱོད་ཚུལ་ཡང་དུལ་བར་གྱུར། སྤངས་རྟོགས་ཀྱི་ཡོན་ཏན་ཚོགས་དུ་མའི་འབྱུང་གནས་དམ་པའི་ཆོས་ཀྱི་ཏིང་ངེ་འཛིན་གྱི་སྒོ་མོ་བརྒྱ་སྟོང་དུ་མར་ངང་གིས་འཇུག་པའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན། དེ་ལྟར་མང་དུ་ཐོས་པའི་གདམས་ངག་མང་པོ་ལེགས་པར་བླངས་ཏེ་དྲན་པ་དང་ཤེས་བཞིན་གྱིས་ཇི་བཞིན་བསྒོམས་ན་རྫུ་འཕྲུལ་དང་མངོན་པར་ཤེས་པ། རྣམ་པར་ཐར་པའི་སྒོ་གསུམ་དང༌། ཉོན་མོངས་ཀྱིས་སླར་མི་གོས་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་སོགས་འཐོབ་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་ནི་སུས་ཀྱང་མི་དཔོག ཅེས་པའོ། །
    རྒྱན་ནི། ༡། རང་བཞིན་བརྗོད་དང་གཟུགས་རྒྱན། ༢ མཐའ་དག་གཟུགས་ཅན་རྒྱན་ནོ། །
    དེ་ལྟར་དཀའ་ཐུབ་ཀྱི་ཚལ་ནི་འདོད་པ་དག་ལས་དབེན་ཞིང༌། མི་དགེ་བའི་ཆོས་རྣམས་ལས་རིང་དུ་བྱེད་པའོ། །ཞེས་བྱ་བ་དང༌། སེམས་གཡེངས་པ་ནི་ཉེས་པ་དུ་མ་འབྱུང་ཞིང༌། ཞི་བ་ནི་ཡོན་ཏན་ཐམས་ཅད་བསྐྱེད་དེ་ཆོས་མཉན་པར་བྱའོ་ཞེས་ཀྱང་སྦྱར་བར་བྱའོ། །རབ་ཏུ་བྱེད་པ་དྲུག་པའོ། །
    རབ་བྱེད་འདིའི་ནང་དོན་མདོར་བསྟན་པ་སྟེ། འདོད་པའི་ཡོན་ཏན་དང་སྡིག་པའི་ཆོས་མང་པོའི་འདུ་འཛིས་དབེན་པས་སེམས་ཞི་བའི་མཐུན་རྐྱེན་དུ་འགྱུར་བ་སོགས་བསམ་གཏན་
སྒོམ་པའི་གནས་སམ་དཀའ་ཐུབ་ཚལ་གྱི་ཡོན་ཏན་བསྟན་པ་དང༌། ལྷག་པར་འདོད་ཡོན་ལ་སེམས་གཡེང་བ་ནི་ཉེས་པ་ཐམས་ཅད་འབྱུང་བའི་གཞི་ཡིན་པ། སེམས་ཞི་བའི་ཏིང་འཛིན་ལ་གནས་པ་ནི་ཡོན་ཏན་རླབས་པོ་ཆེ་བསྐྱེད་པའི་གཞི་ཡིན་པས་ཆོས་ལ་ཡང་དག་པར་མཉན་དགོས་པ་བསྟན་པ་བཅས་སོ། །
སྨྲས་པ།
    ཞ་ར་མིན་ཡང་རང་གི་སེམས་མི་མཐོང༌། །ཟ་རྒྱུ་ཡོད་ཀྱང་སེམས་པའི་ཁ་མི་གང༌། །འ་འུར་མི་ཚེའི་བྱ་གཞག་མང་པོའི་གསེང༌། །ཡ་མཚར་ཏིང་འཛིན་ལྟད་མོ་སུ་ཡིས་མཐོང༌། །མུ་འགོད།
ལྷ་མོ་སྐྱབས་ལགས་ནི། ད་ལྟ་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་དང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ལས་ཐོག་བཅས་ཡིན།

མདུན་ཤོག

Menu