༄༅། །ཤེས་རིག་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ལོ་༡༩༦༤ ཟླ་ ༡ ཚེས་ ༢༨ ནས་ ༣༡ བར་ཉིན་བཞིའི་རིང་རྒྱ་གར་པན་ཇབ་བཞུགས་སྒར་དྷ་རམ་ས་ལར་ལྷན་ཚོགས་གནང་སྟེ། ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆིབས་ཞལ་བསྒྱུར་ནས་བླང་དོར་བཀའ་སློབ་བཀའ་དྲིན་བསྐྱངས། ཕྱི་ཟླ་༢ ཚེས་ ༡ ཉིན་གྲོས་ཆོད་གཏན་འབེབས་གནང་ཡོད་པ་དང༌། ཚོགས་འདུའི་ཚོགས་ཆུང་ཁག་གི་བསམ་འཆར་སྙན་སྒྲོན་ཞུ་རྗེས་ཀྱང་ལམ་སྟོན་བཀའ་སློབ་སྩལ་གནང་མཛད་ཡོད་པ་གཤམ་གསལ།

༄༅། །ཆུ་ཡོས། རང་རིགས་བློ་གསར་གཞོན་ནུ་རྣམས་ལ་ཆོས་སྲིད་ཀྱི་ཤེས་ཡོན་སློབ་གསོའི་ལས་དོན་ཡར་རྒྱས་ཚགས་ཚུད་འབྱུང་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་དབུ་བཞུགས་ཀྱིས་སློབ་གྲྭ་ཁག་གི་སློབ་སྤྱི་དང་ཆོས་སྲིད་དགེ་རྒན། འབྲེལ་ཡོད་མི་སྣ་བཅས་ཡོད་པའི་ཤེས་རིག་ཚོགས་འདུ་ཐེངས་དང་པོ་བསྐྱངས་སྐབས་ཕྱིན་ཆད་ལག་ལེན་བསྟར་རྒྱུའི་སྙིང་དོན་གྲོས་ཆོད་གཤམ་གསལ།

དོན་ཚན་དང་པོ།

རང་ཅག་བོད་ཀྱི་ཤེས་རིག་ཆེ་ཕྲ་ཉམས་མེད་རྒྱ་ཆེར་ཁྱབ་སྤེལ་གནང་ཕྱོགས་གང་དགེའི་སྐོར།

ཀ    རང་རེའི་གྲུབ་མཐའ་ཁག་གི་གཞུང་ལུགས་རྣམས་དང༌། བོད་རང་ལུགས་ཀྱི་སྨན་རྩིས་དཀར་ནག་དབྱངས་གསུམ་སོགས་གཞི་རིམ་སློབ་སྦྱོང་གི་སྐབས་ནས་སློབ་གྲྭ་ཁག་ལ་ཚད་རིམ་དམའ་པོའི་སྒོ་ནས་སློབ་སྤེལ་བྱ་རྒྱུ།
ཁ།    ད་ཡོད་དགེ་རྒན་འོས་སྦྱོང་གི་སྒྲིག་བཙུགས་བཟོ་གནང་མཛད་པ་འདིའི་ཐོག་ད་དུང་མི་གྲངས་འཕར་སྣོན་གང་འཚམས་གནང་ཐོག་ཕྲུག་གུར་སྔར་ཕན་བོད་ནང་གི་སློབ་ཚུལ་དང༌། དེང་དུས་རིག་གསར་གྱི་སློབ་ཚུལ་གཉིས་འདྲ་མིན་ལ་བརྟེན་དགེ་རྒན་རྣམས་ནས་ཀྱང་རིག་གནས་དང༌། སྐད་ཡིག་སློབ་ཐུབ་པ་ཙམ་མ་ཡིན་པར་རང་གི་ཤེས་ཡོན་གྱི་ཁེངས་དྲེགས་དོར་ཏེ་སློབ་ཕྲུག་ན་གཞོན་རྣམས་ལ་བརྩེ་སྐྱོང་ཆེན་པོའི་ངང་ནས་སློབ་ཕྲུག་དང་མཛའ་མཐུན་གྱི་སློབ་སྦྱོང་བྱེད་དགོས་ཀྱི་སྙིང་དོན་སོ་སོར་དབྱེ་བ་གཤམ་གསལ།
༡    ཕྲུག་གུ་རྣམས་ལ་ཕ་མ་ལྟར་གཅེས་སྐྱོང༌།
༢    གཙང་བཙོག་འཕྲོད་བསྟེན་གྱི་ཁྱད་གནད་ཤེས་པ།
༣    རྒྱུན་དུ་སློབ་ཕྲུག་ལ་ལྟ་རྟོག་ཐུབ་པ།
༤    སྒྲིག་ལམ་འཁུར་ཤེས་ཐུབ་པ།
༥    སྤྱི་རྫས་དང༌། རང་དངོས་ལ་བདག་གཅེས།
༦    སློབ་སྦྱོང་དང༌། དཔེ་དེབ་ལ་དོ་སྣང་ཆེ་བསྐྱེད།
༧    ཆོས་དང༌། མི་རིགས་ཀྱི་ཤ་གཞེན་བྱེད་པ།
༨    རྩ་ཆེའི་དུས་ཚོད་ལ་གལ་ཆེར་བརྩིས་ཏེ་དུས་ཚོད་ཆུད་ཟོས་སུ་མི་གཏོང་བ།
༩    ཟ་བཏུང་འགྲོ་སྡོད་ཀྱི་སྤྱོད་ལམ་དང་བ་འདྲེན་པ།
༡༠    ལུས་རྩལ་དང༌། རྩེད་སྣའི་དགོས་པ་ཤེས་རྟོགས་ལག་ལེན་བསྟར་ཐུབ་པ།
༡༡    སློབ་ཕྲུག་ནང་ཁུལ་གྱི་མཐུན་བསྒྲིལ་ཡོང་ཐབས་རྒྱུན་དུ་དོ་སྣང་བྱེད་པ།
༡༢    ངལ་རྩོལ་ལ་འཛེམས་བག་ཞུམ་ངལ་མེད་པ།
༡༣    བོད་དགེ་རྣམས་ནས་དབྱིན་ཧིན་སྐད་ཡིག་ལ་དོ་སྣང་སློབ་སྦྱོང་རྒྱུན་དུ་འབད་བརྩོན་ཆེ་བསྐྱེད་དགོས།
༡༤    སློབ་གྲྭ་སོ་སོའི་ནང་བོད་ཀྱི་རང་སྐད་བརྡ་དག་དང་མཐུན་པའི་སྒྲ་གདངས་གསལ་བརྗོད་ལ་དོ་གལ་བྱ་རྒྱུ།
༡༥    ཆོས་རིག་མཁས་པའི་ཁོངས་ནས་བོད་ལ་ཡོད་པའི་ནང་ཆོས་རྒྱ་ཆེ་གཏིང་ཟབ་དྲི་མ་མེད་པ་དེ་ཉིད་དོན་གཉེར་ཅན་གཞན་ལ་ལུང་རིགས་ཀྱི་སྒོ་ནས་རྒྱ་ཆེར་འཆད་སྤེལ་དུ་དཀའ་ངལ་བཟོད་བསྲན་གྱིས་མཐའ་དབུས་སུ་བསྐྱོད་ཐུབ་པའི་འབོད་སྐུལ་ཞུ་རྒྱུ།
ག    རང་གཞུང་སློབ་གྲྭ་ཁག་གི་སློབ་དགེར་དབྱིན་ཧིན་སྐད་ཡིག་དང་རིག་གསར་སློབ་ཚན་རྣམས་ཀྱི་དགེ་རྒན་འཕེར་ངེས་ཚད་ལོངས་ཀྱི་བོད་རིགས་གང་མང་ཡོང་ཐབས་བྱ་རྒྱུ།
ང༌།    གངས་ཅན་བརྡ་སྤྲོད་ཀྱི་རྣམ་གཞག་ལ་དུས་བསྟུན་ཁ་སྐོང་དགོས་རིགས་དང༌། ཐ་སྙད་གསར་བཟོ་དགོས་རིགས་ལག་ལེན་བྱེད་རྒྱུ་དང༌། མིང་རྐྱང་ཁོངས་སོགས་ནས་གདམ་ང་ཅན་གྱི་བཞེད་ཚུལ་འདྲ་མིན་རྣམས་ཟློས་སྤོང་ཕྱོགས་གཅིག་གཏན་འབེབས་བྱ་རྒྱུ།
ཅ།    བོད་ཡིག་ཐོག་ཡོད་པའི་ནང་དོན་རིག་པའི་སྐོར་དང༌། བོད་ཀྱི་རྒྱལ་རབས་སོགས་དབྱིན་ཡིག་གི་ཐོག་དང༌། དབྱིན་ཡིག་ནང་ནས་སྤྱི་ཚོགས་དང༌། ཆབ་སྲིད། ཚན་རིག རྒྱལ་རབས། འཛམ་གླིང་རྒྱས་བཤད་སོགས་ཡིག་ཆའི་རིགས་བོད་ཡིག་བཅས་སུ་ཕབ་སྒྱུར་བྱ་རྒྱུ་འདི་གཉིས་རྩོམ་སྒྱུར་ཁང་ནས་འགན་ཁུར་བྱེད་རྒྱུ།
ཆ།    སློབ་གྲྭ་སོ་སོའི་ནང་ལོ་རིམ་འཛིན་གྲྭ་དང་བསྟུན་པའི་ནང་དོན་རིག་པའི་སློབ་གསོ་བྱ་སྟངས་ཀྱི་སློབ་རིམ་གསར་གཏོད་བྱ་རྒྱུའི་སྐོར་ཆོས་དགེ་སོ་སོས་ཉམས་མྱོང་ཞིབ་སྤྱད་ཐོག་ལེགས་རྒྱ་ཕྱོགས་བསྡུས་ཀྱི་འཆར་གཞི་ཟིན་བྲིས་འགོད་འབུལ་གྱིས་ཆོས་དོན་ལྷན་ཁང་ནས་གཏན་འབེབས་བཟོ་རྒྱུ།
ཇ།    བོད་ཀྱི་རིག་གནས་སྨན་རྩིས་གཉིས་ཀྱང་ཚད་མཐོའི་ལག་ལེན་རྒྱུན་འཛིན་གོང་སྤེལ་ཐུབ་ཐབས་བྱ་རྒྱུ།
ཉ།    བོད་མིའི་ཕྲུག་གུ་སློབ་ལོ་སོན་རིགས་ཚང་མར་སློབ་སྦྱོང་གི་གོ་སྐབས་རྒྱ་ཆེར་ཐོབ་ཐུབ་ཐབས་དགོངས་བཞེས་ཡོད་མུས་ལྟར་ལག་ལེན་འཕྲལ་མྱུར་འཁེལ་ཐབས་བྱ་རྒྱུ།

དོན་ཚན་གཉིས་པ།

རང་རིགས་བློ་གསར་གཞོན་ནུ་རྣམས་ལ་ཆོས་སྲིད་གཉིས་ལྡན་གྱི་སྒོ་ནས་རང་གི་རིག་གཞུང་གཞི་རྩར་བཞག་སྟེ་དེང་དུས་ཀྱི་རིག་གསར་དང༌། ཕྱི་རྒྱལ་སྐད་ཡིག་སོགས་སློབ་སྦྱོང་གིས་མ་འོངས་པར་ལུགས་གཉིས་ཟུང་འབྲེལ་གྱི་བསམ་བློའི་ཁྱད་ཆོས་ལྡན་པའི་བོད་མི་ན་གཞོན་གོ་ཆོད་འབའ་ཞིག་ཡོང་ཐབས་ད་ལྟ་ནས་གོ་རིམ་དང་ལྡན་པའི་སློབ་གསོ་སྤྲོད་སྟངས་ཇི་དགེའི་སྐོར།
བོད་ཕྲུག་ཚོའི་ལུགས་གཉིས་ཟུང་འབྲེལ་གྱི་བསམ་བློའི་གནས་ཚད་གོང་མཐོར་སྤེལ་ཆེད་སློབ་གྲྭ་ཁག་ཏུ་ནང་དོན་རིག་པ་དང༌། གསར་རྙིང་རིག་གནས་གཞན་དག་ལྷན་ཅིག་ཏུ་སློབ་ཕྲུག་གི་བློ་དང་འཚམས་ཤིང༌། ཕན་ནུས་ཆེ་བའི་ལོ་རིམ་སློབ་ཚན་ཐོན་ཚད་ཡོད་པའི་འཆར་གཞི་གཅིག་གྱུར་གཏན་འབེབས་བྱེད་རྒྱུ།

དོན་ཚན་གསུམ་པ།

སློབ་གྲྭ་ཁག་ཏུ་ཡོད་པའི་སློབ་ཕྲུག་གྲྭ་རིགས་ཁོངས་ནས་རང་རང་བློ་མོས་ཀྱིས་ནང་ཆོས་ལྟ་གྲུབ་ཚད་མཐོའི་སློབ་སྦྱོང་བྱེད་འདོད་ཡོད་པ་རྣམས་ལ་སླར་སློབ་སྦྱོང་དང༌། མདུན་ལམ་བསྟན་ཕྱོགས་གང་དགེའི་སྐོར།
སློབ་གྲྭ་ཁག་ནང་ཡོད་པའི་གྲྭ་རིགས་རྣམས་ད་མུས་བཞིན་གཞི་རིམ་སློབ་གྲྭ་བར་ཆོས་སྲིད་ཀྱི་སློབ་སྦྱོང་སེར་སྐྱ་སྤྱི་མཚུངས་ལྟར་བྱས་ཏེ་སློབ་གྲྭ་དེ་ནས་ཐོན་མཚམས་ནང་ཆོས་ཚད་མཐོའི་སློབ་སྦྱོང་བྱ་འདོད་ཡོད་པ་རྣམས་ལ་སྦག་ས་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་སོགས་ནང་དོན་རིག་པའི་ཆེས་མཐོའི་སློབ་གྲྭ་ཁག་རིམ་པས་དུས་བསྟུན་སྒྲིག་བཀོད་ཚགས་ཚུད་ཡོང་རྒྱུར་དེ་དག་ཅི་བདེར་ཞུགས་རྒྱུ།

དོན་ཚན་བཞི་པ།

སློབ་གྲྭ་སོ་སོའི་ནང་གཞི་རྩའི་སློབ་སྦྱོང་ཁེར་རྐྱང་མ་ཡིན་པར་ཕྲུག་གུ་སོ་སོའི་དོ་སྣང་འདོད་མོས་དང་བསྟུན་ལག་བཟོ་དང༌། འཕྲུལ་འཁོར་ལག་ཤེས་སོགས་ཀྱི་ཤེས་ཡོན་གྱི་གཞི་རྩ་འགོ་འཛུགས་སློབ་སྤེལ་གྱིས་ཕྱིན་ཆད་སློབ་ཕྲུག་རྣམས་རང་འགོ་ཐོན་ཐུབ་པ་དང༌། གཞུང་དམངས་ལ་ཕན་ཐོགས་བྱེད་ཐུབ་ཡོང་བ་བཟོ་ཐབས་སྐོར།
ཀ    དེང་སྐབས་ཕྱི་རྒྱལ་སློབ་གྲྭ་ཁག་ནང་ངལ་རྩོལ་དང༌། ལག་ཤེས་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་ལྟར་རང་རེའི་སློབ་གྲྭ་སོ་སོའི་ནང་དུའང་ད་ཡོད་སློབ་ཚན་རྣམས་སློབ་སྦྱོང་ཐོག་སློབ་ཕྲུག་སོ་སོའི་འདོད་མོས་དང༌། བློ་རྩལ་གྱི་བབས་ལ་གཞིགས་པའི་ལག་ཤེས་འཕྲུལ་འཁོར་དང༌། ཤིང་བཟོ། བྲིས་ཆ། འཚེམས་བཟོ། ལྷས་མ། རྔོ་བཟོ། འཇིམ་བཟོ། བརྡུངས་ཚག་ལུག་གསུམ་གྱི་བཟོ་ལས། སྐྱེས་ཤིང་ནགས་ཚལ་འདེབས་ལས། སྒོ་ཕྱུགས་དང༌། ཁྱིམ་བྱ་གསོ་བསྟེན་བྱ་ལུགས་བཅས་སོ་སོའི་འཛིན་གྲྭ་ཟུར་འཛུགས་ཐུབ་པ་བྱ་རྒྱུ།
ཁ།    ལག་རྩལ་གྱི་ཤེས་ཡོན་སློབ་ཕྲུག་ལ་སློབ་སྤེལ་རང་ཁུངས་ནས་ཐུབ་ཆེད་ལག་རྩལ་དགེ་རྒན་དམིགས་བསལ་གོ་སྒྲིག་དང༌། ཛ་དྲག་གི་སློབ་སྦྱོང་ཐོག་ནས་ཤེས་ཚད་ཐོན་མཚམས་སློབ་ཕྲུག་རྣམས་ལ་ལག་ལེན་སློབ་ཁྲིད་ཀྱིས་སློབ་ཕྲུག་རྣམས་རང་འགོ་ཐོན་ཐུབ་ཐབས་དང༌། གཞུང་དམངས་ལ་ཞབས་འདེགས་སྒྲུབ་ཐབས་བྱེད་རྒྱུ།
ག    ད་ཡོད་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་རང་ལོ་༡༦ སོན་མཚམས་སློབ་སྦྱོང་ཐོན་མིན་ལ་མ་བལྟོས་པར་སློབ་གྲྭའི་དུས་སྐབས་ཡོལ་ཟིན་པར་ཆ་འཇོག་གནང་གི་ཡོད་གཤིས། དེས་རྐྱེན་པས་སློབ་ཕྲུག་ཚོའི་སེམས་ཤུགས་ལ་གནོད་སྐྱོན་ཡོང་བཞིན་སྟབས་དེ་དག་ལ་འཕྲུལ་འཁོར་དང༌། ལག་ཤེས་བཟོ་ལས་ལྟ་བུའི་སློབ་སྦྱོང་བྱ་ཡུལ་སློབ་གྲྭ་ཟུར་འཛུགས་སམ། ཡང་ན་ད་ཡོད་ལ་ཟླ་སྒྲིལ་བྱེད་ཕྱོགས་ཤེས་རིག་ལྷན་ཁང་ནས་སྐབས་བསྟུན་བབས་ལྟ་བྱ་རྒྱུ།

དོན་ཚན་ལྔ་པ།

སློབ་གྲྭ་ཁག་ནང་ཡོད་པའི་ཕྲུག་གུ་རྣམས་ཕན་ཚུན་མཛའ་བརྩེའི་མདུད་རྒྱ་མི་ལྷོད་པའི་ངོས་དཀའ་ངལ་བཟོད་འཁུར་ཐུབ་པའི་བློ་སྟོབས་ཅན་གྱི་རྒྱལ་གཅེས་རིགས་ཞེན་ལྡན་པ་ཡོང་ཐབས་གང་དགེ་བཅས་དང༌། གཞན་ཡང་ད་ཕན་བོད་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་ལས་དོན་ལག་ལེན་བསྟར་བའི་ནང་གལ་གནད་ཆེ་བའི་སྐྱོན་ཆ་ཇི་བྱུང་དང༌། དགེ་མཚན་གསར་གཏོད་བྱ་འོས་མཐོང་ཆོས་ཉམས་མྱོང་དངོས་བྱུང་རྣམས་སློབ་སྤྱི་དགེ་རྒན་དང་བཅས་པའི་བསམ་འཆར་ཡིག་མགྲིན་གང་བདེ་ནས་ཞིབ་བརྗོད་བྱུང་བ་ཁག་ལ་བརྟག་ཞིབ་ཀྱིས་སྐྱོན་སེལ་དགེ་འདོན་དགོས་ངེས་ཐུབ་ངེས་རྣམས་ལག་ལེན་བྱེད་ཕྱོགས་ཇི་འགབ་སྐོར།
ཀ    ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་གཞི་བཟུང་ཕྲུ་གུ་ནང་ཁུལ་མཐུན་སྒྲིལ་དང༌། དགེ་སློབ་ལས་བྱེད་དབར་མཐུན་སྒྲིལ། རྒྱལ་གཅེས་རིགས་གཞེན་གྱི་བསམ་པ་གོང་འཕེལ་དུ་འགྲོ་ཐབས་གང་ཅིར་སོ་སོའི་སློབ་སྤྱིའི་འགན་འཁུར་སློབ་སྟོན་བྱེད་ཕྱོགས་རང་ལ་རག་ལུས་པར་བརྟེན་སློབ་སྤྱི་སོ་སོ་ནས་དེའི་སྐོར་འཁུར་འགན་རྐང་ལེན་གྱིས་སློབ་གསོ་ཡང་ཡང་བྱེད་རྒྱུ་དང༌། ཆོས་སྲིད་ཀྱི་སློབ་དགེ་ཡོངས་ནས་ཀྱང་རྒྱུན་དུ་བསླབ་བྱ་དང༌། ལྟ་རྟོག་དོ་འཁུར་ཟབ་ལེན་ཡོང་བའི་འབོད་སྐུལ་བྱེད་རྒྱུ། རྒྱས་སྤྲོས་མིན་པའི་ཆོས་སྤྱོད་ཀྱི་ཉེར་སྤྱད་དགོས་ངེས་རྣམས་ཀྱི་འགྲོ་གྲོན་ཁག་འཆར་གཞི་གཏན་འབེབས་ཀྱིས་དབུས་ཤེས་རིག་ཚོགས་པའི་ཁོངས་ནས་ཡོང་ཐབས་ཞུས་ཏེ་ཆོས་ཕྱོགས་ལ་སློབ་སྤྱི་དང༌། དགེ་རྒན་བྱིངས་ནས་ཀྱང་འཁུར་ལེན་ཤུགས་སྣོན་སྔར་ལྷག་ཡོང་ཐབས།
ཁ།    རང་གཞུང་གཏན་འཇགས་སློབ་གྲྭ་ཚང་མའི་ནང་གདོང་ལེན་རུ་ཁག་གི་སྒྲིག་བཙུགས་སྤྱི་སྲོལ་དང་མཐུན་པ་གསར་འཛུགས་བྱ་རྒྱུ།
ག    ད་ཡོད་སློབ་དགེ་རྣམས་སློབ་གྲྭ་སོ་སོར་གཏན་འཇགས་ལྟ་བུ་མ་ཡིན་པར་གནས་ཚུལ་ཉམས་མྱོང་གསོག་ཆེད་འོས་བབས་དང་བསྟུན་པའི་འཕོ་ལེན་རེས་འཁོར་བྱ་འོས་སྐབས་བསྟུན་བྱ་རྒྱུ།
ང༌།    སློབ་ཕྲུག་ཁོངས་ནས་གྲྭ་རིགས་རྣམས་ཀྱིས་རྐང་བྲོ་གླུ་གཞས་དང༌། སྒྱུ་རྩལ་ཐལ་ཆེའི་རིགས་མི་ཆོག་པ་ཕུད། དེ་བྱིངས་སེར་སྐྱ་ཕོ་མོ་ཚང་མས་ཤེས་ཡོན་དང་ཆབས་ཅིག་གཟུགས་སྟོབས་འཚར་ལོངས་དང༌། ལུས་པོ་བདེ་ཐང་ཐོག་རང་གི་ཤེས་རྩལ་ལ་བེད་སྤྱོད་ཀྱིས་ཆོས་སྲིད་ཀྱི་ལས་དོན་འགན་འཁུར་ཐུབ་པ་བྱེད་རྒྱུ་དང༌། རྩེད་སྣའི་འགྲན་བསྡུར་དུ་བཅུག་སྟེ་རང་རིགས་རྒྱལ་ཁབ་ཀྱི་མཚན་ལར་སྨན་པའི་ལུས་རྩལ་གྱི་རྣམ་གྲངས་ཁག་ལ་སྦྱང་བརྩོན་དགོས་རྒྱུ།
ཅ།    སློབ་གྲྭ་ཁག་གི་སློབ་སྦྱོང་གི་སྐད་ཡིག་གཙོ་བོ་བོད་དབྱིན་ཧིན་གསུམ་ཡིན་ཞིང༌། ལྷག་པར་རིག་གནས་གཞན་དག་རེ་ཞིག་དབྱིན་སྐད་བརྒྱུད་སློབ་སྦྱོང་སྤྲོད་དགོས་སྟབས་སློབ་གྲྭ་སོ་སོའི་སྐབས་སྦྱར་སྒྲིག་གཞི་དང་བསྟུན་ཏེ་སློབ་ཕྲུག་རྣམས་ཀྱིས་དབྱིན་སྐད་ཐོག་འཕྲོས་མོལ་བདེ་པོ་བྱ་ཐུབ་པའི་བྱེད་ཕྱོགས་དགོས་རྒྱུ།
ཆ།    རང་གཞུང་ཟློས་གར་བ་ད་ཡོད་རྣམས་ཀྱི་ཁོངས་ནས་རྒན་གྲས་རྣམས་ལ་རིམ་པས་འོས་བབས་འཚོ་བའི་མདུན་ལམ་བསྟན་ཕྱོགས་དང༌། ཁ་སྣོན་དགོས་རིགས་སློབ་གྲྭ་ཁག་ནས་མཐུན་རྐྱེན་ཡོད་པའི་ཕྲུ་གུ་ན་གཞོན་འདོད་མོས་ལྟར་འདུ་འགུག་གནང་སྟེ་དེ་རྣམས་ལ་ཟློས་གར་དང༌། སློབ་ཚན་གཞན་དག་སློབ་གྲྭ་ནང་བཞིན་ཡར་རྒྱས་གཏོང་རྒྱུ་བཅས་ལ་གྲོས་འཆམ་གྲུབ་པ་ལྟར་རང་གཞུང་སློབ་གྲྭ་ཚང་མས་གཅིག་གྱུར་གྱིས་ལག་ལེན་བསྟར་གནང་མཛད་རྒྱུ་ཡིན། བོད་རབ་ལོ་ ༩༣༧ ཟླ་ ༡༢ ཚེས་ ༡༩ སྤྱི་ལོ་ ༡༩༦༤ ཟླ་ ༢ ཚེས་ ༡ ལ།། །།
མ་ཡིག་ནང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཤེས་རིག་བཀའ་བློན་འོད་ཟེར་རྒྱལ་མཚན། བོད་ཀྱི་སློབ་གྲྭ་ཁག་གི་སྤྱི་འཐུས་མ་སུ་རི་སློབ་སྤྱི་འཇིགས་མེད་སུམ་རྩེན་བཅས་ཀྱི་མཚན་རྟགས་བཀོད་འདུག

མདུན་ཤོག

Menu