ཟླ་རེའི་གསར་འགྱུར།

སློབ་ཚན་གཞན་པའི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་དང་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་འགོ་བཙུགས་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང་རྒྱུད་སྨད་གྲྭ་ཚང་ཟུང་འབྲེལ་ཐོག་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་ཕྱི་ལོ་༢༠༢༠ ཟླ་༡ ཚེས་༡ ནས་ ༡༦ བར་གྱི་སློབ་ཚན་གཞན་པའི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་ཟབ་སྦྱོང་དང་། སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཁག་གཉིས་ཀྱི་གོ་སྒྲིག་གནང་།
ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་སྐུ་ངོ་མི་འགྱུར་རྡོ་རྗེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧུན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་དབུས་པའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དང་སློབ་སྤྱི་གཅིག་ལྕོགས་སྔགས་རམས་པ་ཚེ་རིང་བཀྲ་ཤིས་ལགས་དང་། ཁྱད་སྟོན་པ་དགེ་རྒན་བཅས་ཚོགས་ཕེབས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་གི་ལས་རིམ་ངོ་སྤྲོད་དུ། དགེ་རྒན་གྱི་ཟབ་སྦྱོང་འདི་ནི་རྒྱ་གར་ནང་གི་བོད་མིའི་སློབ་གྲྭ་ཁག་དབྱར་ཁ་དང་དགུན་ཁ་གུང་སེང་འཁེལ་བ་སྡེ་ཚན་གཉིས་སུ་ཕྱེ་སྟེ་དབྱར་ཁར་གུང་སེང་འཁེལ་བའི་སློབ་གྲྭ་ཁག་སྔ་ལོ་ཕྱི་ཟླ་༦ ནང་ས་རཱ་མཐོ་སློབ་ཏུ་ཉིན་གྲངས་༡༥ ཡི་ཟབ་སྦྱོང་གོ་སྒྲིག་ཞུས་པའི་མཇུག་འབྲས་ལ་གཞིགས་ཏེ། དགུན་ཁར་གུང་སེང་འཁེལ་བའི་སློབ་གྲྭ་ཁག་གི་དགེ་རྒན་ཆེད་ཟབ་སྦྱོང་གོ་སྒྲིག་ཞུས་ཤིང་། ཟབ་སྦྱོང་འདི་ནང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་ཁག་ལྔ་ནས་དགེ་རྒན་༡༠ དང་། སཾ་བྷོ་ཊ་ཁྱབ་ཁོངས་སློབ་ཁག་གཉིས་ནས་དགེ་རྒན་༦ ཤེས་རིག་ཚན་རིག་ཤེས་ཡོན་འགན་འཛིན་བཅས་ཁྱོན་བསྡོམས་ཚོགས་བཅར་བ་༡༧ ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཚོགས་བཅར་བ་རྣམས་སོ་སོའི་དགུན་ཁའི་གུང་སེང་བློས་བཏང་གནང་སྟེ་ཟབ་སྦྱོང་ལ་དང་བླངས་ཀྱིས་མཉམ་ཞུགས་གནང་བ་ཁོ་ན་དང་། སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་འདི་ནང་དྷ་ཤོད་བོད་ཁྱིམ་གྱི་སློབ་ཕྲུག་༡༥ དང་ལྟ་གྲུབ་དགེ་རྒན། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་༡༥ དང་ལྟ་གྲུབ་དགེ་རྒན། སྤོན་ཊ་སཾ་བྷོ་ཊ་སློབ་གྲྭའི་སློབ་ཕྲུག་༡༠ དང་ལྟ་གྲུབ་དགེ་རྒན་བཅས་ཁྱོན་བསྡོམས་སློབ་ཕྲུག་༤༠ དང་ལྟ་གྲུབ་དགེ་རྒན་གསུམ་ནས་མཉམ་ཞུགས་གནང་ཡོད། རིགས་ལམ་དང་འབྲེལ་བའི་ཟབ་སྦྱོང་འདི་ཡང་གོང་ཞུས་ལྟར་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་རྣམས་ཀྱིས་དང་བླངས་ཐོག་མཉམ་ཞུགས་གནང་ཡོད་ཅིང་། རིགས་ལམ་ཟབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སློབ་གྲྭ་ཁག་ནང་སློབ་ཕྲུག་བྱིངས་ལ་རིགས་ལམ་གྱི་གནས་ཚད་སྔར་ལྷག་གོང་མཐོར་གཏོང་ཐབས་སུ། སློབ་ཕྲུག་ནང་ཁུལ་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གིས་སློབ་ཕྲུག་གཞན་ལ་སློབ་ཁྲིད་ཐུབ་པའི་གདེང་སྤོབས་བསྐྲུན་ཏེ་ལྟ་གྲུབ་དགེ་རྒན་རྣམས་ལ་གཞོགས་འདེགས་གནང་མཁན་ཞིག་ཏུ་འགྱུར་ཐབས་བྱ་རྒྱུ་ཁོ་ན་ཡིན་སྐོར་ངོ་སྤྲོད་གནང་།
དེ་ནས་རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་དང་གངས་ཅན་རིག་གནས་སློབ་གྲྭའི་སློབ་སྤྱི་གཅིག་ལྕོགས་སྔགས་རམས་པ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་རྣམས་ལ་རྒྱུད་སྨད་གྲྭ་ཚང་གི་ཚབ་ཞུས་ཏེ་འཚམས་འདྲི་དང་སྦྲགས། སྨད་རྒྱུད་གྲྭ་ཚང་ནི་ད་བར་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ཡིན་པ་མ་ཟད། ད་དུང་ཡང་༸གོང་ས་མཆོག་གི་དགོངས་གཞི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིར་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ཕྱར་བ་གྲུ་འདེགས་ཞུ་རྒྱུ་དང་། ལྷག་པར་དུ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྤེལ་གྱི་ལས་འཆར་འདི་ཉིད་༸གོང་ས་མཆོག་གི་དགོངས་གཞི་གལ་ཆེ་ཞིག་ཡིན་སྟབས་དམིགས་བསལ་གྱིས་གལ་གནད་ཆེན་པོར་བརྩི་བཞིན་ཡོད་པས། ཚོགས་བཅར་བ་རྣམས་ནས་དུས་ཚོད་དམ་འཛིན་གྱིས་འབད་བརྩོན་ཧུར་བསྐྱེད་གནང་རྒྱུ་གལ་ཆེ་སྐོར་གསུངས། རིགས་ལམ་སྦྱོང་བའི་དགོས་དམིགས་གཙོ་བོ་ནི་ཐར་པ་འཐོབ་པའི་ཆེད་དུ་ཡིན་ཞིང་། ཐར་པ་ཐོབ་པ་ལ་དང་པོར་ངེས་འབྱུང་གི་བསམ་པ་སྐྱེ་དགོས། ངེས་འབྱུང་གི་བསམ་པ་སྐྱེས་ནས་ལམ་རིམ་པར་བགྲོད་དེ་ཐར་པ་ཙམ་འཐོབ་ཐུབ་ཀྱང་། ཐམས་ཅད་མཁྱེན་པ་འཐོབ་པ་ལ་བྱང་ཆུབ་ཀྱི་སེམས་ངེས་པར་དུ་དགོས། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་སྐྱེས་པ་ན། ཐེག་ཆེན་གྱི་ཚོགས་ལམ་ཐོབ་པ་ཡིན། སྟོང་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སྐྱེས་པ་ན། ཐེག་ཆེན་གྱི་སྦྱོར་ལམ་ཐོབ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཚེ་ཐེག་ཆེན་གྱི་མཐོང་ལམ་ཐོབ་པ་ཡིན། དེ་རྗེས་ས་གཉིས་པ་སོགས་ཐེག་ཆེན་གྱི་སྒོམ་ལམ་ཐོབ་ནས། སྒྲིབ་གཉིས་སྤངས་ཏེ་ཐེག་ཆེན་གྱི་མི་སློབ་ལམ་ཐོབ་པ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། ཞེས་རྟེན་འབྲེལ་གྱི་ཚུལ་དུ་གསུངས། གཞན་ཡང་ཁོང་ཉིད་གྲྭ་ཚང་དང་ཆོས་ཕྱོགས་ཀྱི་ལས་དོན་ཆེད་ཐེ་ཝན་སོགས་སུ་ཕེབས་བསྐྱོད་སྐབས་ཁོང་ཚོའི་དཔལ་འབྱོར་གྱི་གནས་སྟངས་དང་བོད་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་དབར་བཟང་ཞན་གྱི་བར་ཁྱད་ཆེན་པོ་ཞིག་མཐོང་བཞིན་པའི་རྒྱབ་ལྗོངས་གཙོ་བོ་ཤེས་ཡོན་ཁོ་ནར་ཐུག་ཡོད་པའི་ཚོར་སྣང་ཞིག་ཡོང་བཞིན་འདུག་པས། ང་ཚོ་སྤྱི་སྒེར་ཚང་མས་གཞོན་སྐྱེས་ཚོའི་ཤེས་ཡོན་གྱི་སྤུས་ཚད་ལ་ཤུགས་རྒྱག་གལ་ཆེ་བ་དང་། ང་ཚོ་བཙན་བྱོལ་དུ་ཆོས་ཕྱོགས་དང་རིག་གནས་སྦྱོང་སའི་ཆོས་གྲྭ་དང་སློབ་གྲྭ་སོགས་ཀྱི་མཐུན་རྐྱེན་འདི་དག་༸གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་ཞིང་། ༸གོང་ས་མཆོག་ནི་བོད་མི་ཙམ་མ་ཟད་འཛམ་གླིང་ཡུལ་གྲུ་དང་མི་རིགས་འདྲ་མིན་གྱི་བླ་མར་གྱུར་ཡོད་སྟབས། ང་ཚོ་ཁོང་གི་ཉེ་འདབས་སུ་བཞུགས་པའི་བོད་རིགས་རྣམས་ནས་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་བར་འབད་བརྩོན་ལྷོད་མེད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་ཀྱིས་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། ད་ལན་ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཞིག་གི་མཛད་སྒོར་བཅར་རྒྱུ་བྱུང་བར་དགའ་པོ་བྱུང་ཞིང་། ཐེངས་འདིའི་ལས་གཞི་ཁག་གཉིས་ཀྱི་མཉམ་ཞུགས་པ་གྲངས་ ༥༧ ཁོངས་ནས་གྲངས་ ༤༢ བུད་མེད་ཆགས་ཡོད་སྟབས་དམིགས་བསལ་གྱིས་དགའ་སྤོབས་བྱུང་། ཕྲན་ནི་རྒྱུན་དུ་བུད་མེད་ཀྱི་ནུས་ཤུགས་གོང་སྤེལ་དང་འབྲེལ་བའི་གནད་དོན་ཐད་གླེང་སློང་ཤུགས་ཆེ་བྱེད་མཁན་ཞིག་ཡིན་ལ། སྤྱིར་ང་ཚོ་ཚང་མ་ཆོས་སྲིད་ཀྱི་གདུགས་གཅིག་འོག་གི་ཆབ་འབངས་ཤིག་ཆགས་ཡོད་པ་དང་། ལྷག་པར་དུ་འཛམ་གླིང་འདིའི་མི་འབོར་བརྒྱ་ཆ་ ༥༠ ཙམ་བུད་མེད་ཆགས་ཡོད་སྟབས་མི་རིགས་དང་རྒྱལ་ཁབ་འཛུགས་སྐྲུན་ཐད་ནུས་པ་མཉམ་སྤུང་བྱེད་མཁན་གྱི་སྡེ་ཚན་དེ་མཉམ་ཁྲིད་བྱེད་ཐུབ་པའི་ལས་འཆར་གང་མང་སྤེལ་རྒྱུ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཤིང་། དགེ་རྒན་བུད་མེད་ཅིག་ལ་ཆ་བཞག་ན་སོ་སོའི་སློབ་ཕྲུག་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ནས་སློབ་ཁྲིད་གནང་གི་ཡོད་པའི་རེ་བ་དང་ཡིད་ཆེས་ཀྱང་ཡོད་གསུངས།


སྤྱིར་ཉིན་གྲངས་༡༤ རིང་གནས་ཚུལ་གཏིང་ཟབ་ཅིག་ཤེས་རྒྱུ་དཀའ་ཡང་། མ་འོངས་པར་ལས་གཞི་འདི་འདྲའི་བརྒྱུད་ཤེས་ཚད་ཡར་རྒྱས་གཏོང་བའི་རིག་པའི་སྒོ་འབྱེད་ཐུབ་པ་དང་ཤེས་ཚད་ཡར་རྒྱས་ཀྱི་ལམ་ཆེན་ཞིག་ཏུ་ཁྲིད་ཐུབ་པའི་ཡིད་ཆེས་ཡོད། ད་ལྟའི་གོ་སྐབས་འདི་བརྒྱུད་རྒྱུན་དུ་ང་ཚོས་བསམ་བློ་གཏོང་དགོས་པའི་གནད་དོན་ཁག་ཅིག་ཞུ་འདོད་བྱུང་ལ། དང་པོར་དེང་སང་བོད་རིགས་ཕ་མ་གཞོན་པ་རྣམས་ཀྱི་ཁྲོད་དུ་རྒྱལ་སྤྱིའི་འགྲོ་སྟངས་བཞིན་སོ་སོའི་ཕྲུ་གུའི་སྐྱེས་སྐར་སྲུང་བརྩི་བྱེད་པའི་ལམ་སྲོལ་དར་ཁྱབ་ཤུགས་ཆེར་ཕྱིན་ཡོད་པ་དམིགས་བསལ་དགག་བྱ་དགོས་པ་མ་མཐོང་ཡང་། སྐྱེས་སྐར་སྲུང་བརྩི་བྱེད་སྟངས་ཀྱང་ནང་མི་དཔལ་འབྱོར་འཁོས་ཀ་ཞན་པ་རྣམས་ལ་མིག་དཔེ་ངན་པ་དང་དཀའ་ངལ་གྱི་རྒྱུར་མི་འགྲོ་བའི་ཡིད་གཟབ་གནང་གལ་དང་། གཉིས་པ་ང་ཚོའི་སྤྱི་ཚོགས་ནང་མི་སྐྱ་རྣམས་ཀྱིས་བླ་མ་གྲྭ་བཙུན་གྱི་མགུལ་ལ་མཇལ་དར་སྒྲོན་པའི་ལམ་སྲོལ་ཞིག་ཡོང་གི་ཡོད་པ་ནི། སངས་རྒྱས་ཀྱི་བསྟན་པ་ཉམས་ལེན་གནང་མཁན་ལ་གུས་བརྩི་མེད་པའི་རྣམ་པ་ལྟ་བུར་མངོན་བཞིན་འདུག་པས། སློབ་གྲྭ་ཁག་གི་དགེ་རྒན་ཚོས་སློབ་ཕྲུག་རྣམས་ལ་སློབ་གསོ་ལམ་སྟོན་གནང་ཐུབ་ན་ཕུགས་སུ་ཕན་ནུས་ངེས་ཅན་ཞིག་ཡོང་བའི་རེ་བ་ཞུ་བཞིན་ཡོད། དེ་རིང་ཕྱི་ལོ་གསར་པའི་ཉིན་དང་པོའི་ཁས་ལེན་དམ་བཅའི་ཚུལ་དུ་དགེ་རྒན་རྣམས་ཀྱིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་ཕྲུག་རྣམས་ཤེས་སྤྱོད་གཉིས་ལྡན་གྱི་བོད་རིགས་ཤིག་བཟོ་མ་ཐུབ་རུང་། བཟང་སྤྱོད་དང་ལྡན་པའི་བོད་རིགས་ཤིག་བཟོ་བར་ངེས་པར་དུ་འབད་བརྩོན་གནང་རོགས། ཉེ་སྔོན་མཁས་དབང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། Internet དེ་ཡག་པོ་རེད། དེ་ལས་ Inner net དེ་དགོས་གལ་ཆེན་པོ་ཡིན་གསུངས་པའི་དོན་སྙིང་ཡང་ནང་གི་ཡ་རབས་བཟང་སྤྱོད་སྐོར་གསུང་གི་ཡོད་སྙམ། སློབ་ཕྲུག་ཚོས་ཀྱང་སོ་སོ་རང་ཉིད་ཀྱི་གྲུབ་འབྲས་ལ་དུས་ནས་དུས་སུ་འགྲན་བསྡུར་རམ་བསམ་གཞིགས་བྱ་དགོས་པ་ལས། གཞན་ལ་འགྲན་སེམས་བྱ་རྒྱུ་དེ་གལ་ཆེན་པོ་མིན་གསུངས། ཁོང་གིས་གངས་ཅན་རིག་གནས་སློབ་གྲྭ་འདི་ཉིད་མ་འོངས་པར་གངས་ཅན་ཆེས་མཐོའི་རིག་གནས་སློབ་གྲྭའམ་ཉམས་ཞིབ་ཁང་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཞུ་ཡི་ཡོད་གསུངས།
མཐའ་དོན་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་སྐུ་མགྲོན་རྣམ་པ་དང་། རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད་དང་འབྲེལ་ལས་རྣམ་པ། ཕྱོགས་མཐའ་ནས་ཕེབས་པའི་ཚོགས་བཅར་བ་དགེ་རྒན་དང་སློབ་ཕྲུག་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་རིམ་ལེགས་པར་མཇུག་བསྒྲིལ་བ་བཅས། །

སྔོན་མ།
འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བདུན་པ་ལེགས་གྲུབ་བྱུང་བ།
ཕྱི་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཐེངས་གཉིས་པ་ལེགས་གྲུབ་ཟིན་པ།
Menu