ཟླ་རེའི་གསར་འགྱུར།

སློབ་ཚན་གཞན་པའི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་ཟབ་སྦྱོང་དང་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་གི་མཇུག་བསྡོམས།

གསར་འཕྲིན།

འདི་ག་ཤེས་རིག་ལས་ཁུངས་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཟུང་འབྲེལ་ཐོག་ཧོན་སུར་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་ཕྱི་ལོ་༢༠༢༠ ཟླ་༡ ཚེས་༡ ནས་༡༦ བར་དགེ་རྒན་དང་སློབ་ཕྲུག་ཆེད་ཟབ་སྦྱོང་ཁག་གཉིས་གོ་སྒྲིག་གནང་བའི་མཇུག་བསྡོམས་མཛད་སྒོ་ཕྱི་ཚེས་༡༦ ཉིན་རྒྱབ་ཆུ་ཚོད་༢།༣༠ ཐོག་འགོ་འཛུགས་གནང་།

མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐུ་ངོ་ཚེ་རིང་གཡུ་སྒྲོན་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་དབང་འདུས་མཆོག་དང་། ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་དབུས་པའི་སློབ་ཁྲིད་གནང་མཁན་དགེ་རྒན་བཅས་ཚོགས་ཕེབས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་ཁག་གཉིས་ཀྱི་ལས་བསྡོམས་སྙན་སྒྲོན་དང་དམིགས་ཡུལ་བཅས་ངོ་སྤྲོད་གནང་དོན་དུ། སྤྱིར་ཟབ་སྦྱོང་གི་དུས་ཡུན་ཕྱི་ཚེས་༡ ནས་༡༦ བར་ཡིན་མོད། འོན་ཀྱང་དུས་ཡུན་དེའི་ནང་རེས་གཟའ་ཉི་མ་གཉིས་འཁེལ་སྟབས་དངོས་སུ་འཛིན་གྲྭ་ཚུགས་དུས་ཉིན་གྲངས་༡༤ རིང་དགེ་རྒན་རྣམས་ལ་ཉིན་རེར་ཆུ་ཚོད་གཅིག་དང་སྐར་མ་བཅུ་ཅན་གྱི་ཚོགས་ཐུན་ལྔ་དང་། ཕྱི་དྲོ་ཆུ་ཚོད་གཅིག་དང་ཕྱེད་ཀའི་ནང་ཆོས་ངོ་སྤྲོད་འཛིན་གྲྭ་ཚོགས་ཡོད་པ་དང་། སློབ་ཕྲུག་རྣམས་ལ་ཉིན་གྲངས་༡༤ རིང་ཉིན་རེར་ཆུ་ཚོད་གཅིག་དང་སྐར་མ་བཅུ་ཅན་གྱི་ཚོགས་ཐུན་ལྔ་དང་། སྔ་དྲོ་སྐར་མ་༤༥ ཡི་བློ་འཛིན་བྱེད་སྒོ་དང་། དགོང་མོ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་རྩོད་ཟླ་དང་དམ་བཅའ་ཆེན་མོའི་ལས་རིམ་བཀོད་སྒྲིག་ཞུས་པ་བཞིན་ཟབ་སྦྱོང་གཉིས་ཀའི་ཚོགས་བཅར་བ་རྣམས་ནས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་རང་རང་སོ་སོའི་བསླབ་གཞི་ཁག་ལ་དོ་སྣང་དང་སྦྱང་བརྩོན་གང་ལེགས་གནང་བའི་མྱོང་ཚོར་ཞིག་ཟབ་སྦྱོང་གོ་སྒྲིག་པ་དང་སློབ་ཁྲིད་གནང་མཁན་དགེ་རྒན་ཚང་མར་བྱུང་ཡོད། གཞན་ཡང་རེས་གཟའ་ཉི་མ་གཉིས་ལས་དང་པོར་སྦེལ་ཀོབ་ཁུལ་གྱི་དགོན་པ་ཁག་ལ་མཆོད་མཇལ་དང་། རེས་གཟའ་ཉི་མ་གཉིས་པར་མེ་སོར་དུ་ཤེས་ཡོན་ལྟ་སྐོར་གྱི་ལས་རིམ་གོ་སྒྲིག་ཞུས། ཐེངས་འདིའི་དགེ་རྒན་ཟབ་སྦྱོང་སྐབས་ཁྱོན་བསྡོམས་ཆུ་ཚོད་༩༨ ཀྱི་ལས་རིམ་དང་། སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་སྐབས་ཁྱོན་བསྡོམས་ཆུ་ཚོད་༡༡༢ ཀྱི་ལས་རིམ་བཀོད་སྒྲིག་ཞུས་ཡོད་པ་བཅས་ཀྱི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུས།

དེ་ནས་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭའི་དགེ་རྒན་ཆེན་མོ་ཡོན་ཏན་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན་དུ། སྤྱིར་ཤེས་རིག་ལས་ཁུངས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ཕྱག་ལས་གཞི་རྒྱ་ཆེ་བ་གནང་བཞིན་པའི་ཁོངས་ནས། ཟབ་སྦྱོང་འདི་ལྟ་བུར་མཚོན་ན་མཉམ་ཞུགས་གནང་མཁན་དགེ་རྒན་ཕལ་ཆེ་བ་བོད་ཡིག་གི་གནས་ཚད་གང་འཚམས་ཡོད་པའི་ཐོག་སྦྱང་འདོད་ཀྱི་འདུན་པ་གང་ལེགས་འདུག་ལ། སློབ་ཕྲུག་ཚོར་མཚོན་ནའང་སྒྲིག་ལམ་ཀུན་སྤྱོད་སོགས་གང་ཅིའི་ཐད་དཀའ་ངལ་མེད་པ་མ་ཟད། འཛིན་གྲྭ་སོགས་ལས་རིམ་ཚང་མར་དུས་ཐོག་བཅར་ཞིང་རིགས་ལམ་ཐོག་དོ་སྣང་ཆེ་ཞིང་རྟགས་གསལ་གཏོང་སྟངས་ཀྱང་གང་ལེགས་འདུག་གསུངས། འདི་དང་ཆབས་ཅིག་ཁ་སྔོན་དབུ་འབྱེད་མཛད་སྒོའི་སྐབས་སྐྱེས་སྐར་གཏོང་སྟངས་དང་འབྲེལ་བའི་གནད་དོན་ལས་འཕྲོས་ཏེ་གསལ་འདེབས་གནང་དོན་དུ། སྤྱིར་ང་ཚོས་སོ་སོའི་སྐྱེས་སྐར་སྲུང་བརྩི་བྱེད་པའི་དམིགས་ཡུལ་ནི་སྤྲོ་སྣང་དང་མི་ཚེ་དོན་ལྡན་ཡོང་བར་སྨོན་གྱི་ཡོད་ཁུལ་ཡང་། ང་ཚོས་སྐྱེས་སྐར་སྲུང་བརྩི་བྱེད་སྐབས་མར་མེའམ་རྐྱོང་རྩེ་ལ་ཕུ་རྒྱབ་པ་ནི་སེམས་ནང་བསམ་པ་དང་ལག་ལེན་གཉིས་མི་མཐུན་པ་ལྟ་བུར་སྣང་། ཆོས་ཕྱོགས་ནས་བཤད་ན་མར་མེས་མུན་པ་གསལ་བར་བྱེད་པས། ཤེས་རབ་ཀྱི་སྣང་བ་རྒྱས་པའི་རྟེན་འབྲེལ་ཆེད་སོ་སོའི་ལོའི་གྲངས་དང་མཉམ་པའི་མར་མེ་སྤོར་བའམ་བརྒྱ་མཆོད་འབུལ་བ་སོགས་བོད་མི་རིགས་ཀྱི་གོམས་གཤིས་དང་མཐུན་པའི་སྲུང་བརྩི་བྱེད་སྟངས་རིགས་བརྙན་དུམ་སོགས་ཀྱི་བརྒྱུད་གང་ཐུབ་ཁྱབ་གདལ་གཏང་ཐུབ་ན་རིམ་པས་ང་ཚོའི་སྤྱི་ཚོགས་ནང་སྐྱེས་སྐར་གཏོང་སྟངས་ཀྱི་ལམ་སྲོལ་ཡག་པོ་ཞིག་ཚུགས་ཐུབ་པའི་རེ་བ་ཡོད་སྐོར་གསུངས།

དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་དབང་འདུས་མཆོག་གིས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དགེ་རྒན་རྣམས་ལ་གྲྭ་ཚང་གི་ངོས་ནས་ཕྱག་རྟགས་གསོལ་སྩལ་དང་སྦྲགས་བཀའ་སློབ་གནང་སྐབས་གྲྭ་ཚང་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་ཚོགས་དང་མི་རིགས་འདྲ་མིན་གྱི་སློབ་གཉེར་བས་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་དགོས་གལ་བཀའ་ཕེབས་པ་ལྟར་ཕྱི་ལོ་༢༠༠༧ ལོར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་འདི་གསར་བཙུགས་གནང་སྟེ། ཐོག་མར་ཆོས་རིག་ལས་ཁུངས་དང་རྒྱུད་སྨད་གྲྭ་ཚང་གཉིས་ཟུང་འབྲེལ་ཐོག་མཐོ་སློབ་ཐོན་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་ནང་ཆོས་ཐོག་ཟླ་དྲུག་ཟབ་ཁྲིད་ཐེངས་༦ གོ་སྒྲིག་ཞུས་ཏེ་སློབ་ཕྲུག་༦༠ ལྷག་སློབ་ཐོན་ཐུབ་པ་མ་ཟད། འདི་ནས་ཟབ་ཁྲིད་ཐོབ་པའི་སློབ་ཕྲུག་རྣམས་ནས་མགྲིན་གཅིག་ཏུ་ཟབ་སྦྱོང་དུ་མ་ཞུགས་པའི་སྔ་རྗེས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་ཁྱད་པར་ཆེན་པོ་ཕྱིན་ཏེ་སོ་སོའི་མི་ཚེའི་ནང་ཕན་ཐོགས་ཆེན་པོ་བྱུང་ཞེས་གསུང་གི་ཡོད་ལ། སློབ་ཕྲུག་དེ་དག་གི་ཁྲོད་ནས་རེ་ཟུང་མུ་མཐུད་ནས་གཞུང་ཆེན་ཁག་ལ་སློབ་སྦྱོང་དོན་གཉེར་གནང་བཞིན་འདུག་སྐོར་གསུངས། དེ་བཞིན་འདས་པའི་ལོ་མང་ནས་ཧོན་སུར་རབ་རྒྱས་གླིང་དང་ཀོ་ལེ་གྷལ་ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ཀྱི་ཆེད་དུ་གུང་སེང་སྐབས་ཟབ་ཁྲིད་གོ་སྒྲིག་ཞུས་ཏེ། ༸གོང་ས་མཆོག་གི་དགོངས་བཞེད་ཆ་ཤས་ཙམ་སྒྲུབ་ཁུལ་ཡིན་པས་ཕ་མ་རྣམས་ཀྱིས་ཀྱང་ཟབ་སྦྱོང་འདིས་ངའི་ཕྲུ་གུའི་སྤྱོད་ལམ་དང་བསམ་བློ་གཏོང་སྟངས་ལ་བཟང་ཕྱོགས་ཀྱི་ཁྱད་པར་བཟོས་སོང་ཞེས་གསུང་མཁན་ཡང་ཡོང་བཞིན་འདུག གོང་དུ་ཟབ་སྦྱོང་འདིའི་ལས་བསྡོམས་དང་དགེ་ཡོན་ཏན་ལགས་ཀྱི་གསུང་འགྲོས་ལ་བལྟས་ན་ད་ལན་རྒྱུད་སྨད་གྲྭ་ཚང་དུ་ཤེས་རིག་གི་ཟབ་སྦྱོང་ཐེངས་དང་པོ་འདི་གང་ལེགས་བྱུང་ཡོད་པར་ཚོད་དཔག་བྱེད་ཐུབ་པ་འདུག་ལ། སློབ་ཁྲིད་གནང་མཁན་ལ་མཚོན་ནའང་སློབ་ཕྲུག་ཚོའི་ཆེད་དུ་༸གོང་ས་མཆོག་གི་གསུང་ཆོས་རྩ་ཆེན་ཞུ་བའི་གོ་སྐབས་ཀྱང་བློས་བཏང་གནང་ཡོད་པས། ཚོགས་བཅར་བ་རྣམས་ནས་བཀའ་དྲིན་བསམ་ཤེས་ཀྱིས་མ་འོངས་པར་༸གོང་ས་མཆོག་གི་དགོངས་བཞེད་སྒྲུབ་ཐུབ་མཁན་ཞིག་ཡོང་བར་ཅི་ནས་འབད་བརྩོན་བྱ་དགོས་པ་དང་། ལྷག་པར་དུ་མ་འོངས་པར་ལས་དོན་གང་འདྲ་ཞིག་བྱེད་ཀྱང་དགེ་སྡིག་གི་སྤང་བླང་ཤེས་མཁན་ཞིག་བྱུང་ན། སྤྱི་ཚོགས་ལྟ་ཞོག་སོ་སོའི་ཁྱིམ་ཚང་ཡང་ཡག་པོ་ཞིག་སྐྱོང་ཐུབ་པ་ཡོང་རྒྱུ་ཡིན། ཟབ་སྦྱོང་འདི་ནས་ཁྱེད་ཚོས་གང་སྦྱངས་པ་ལས་ད་དུང་སྦྱང་རྒྱུ་མང་བ་ལྷག་ཡོད་པས་མུ་མཐུད་ནང་དོན་རིག་པ་དང་གཞུང་ཆེན་ཁག་ལ་འབད་བརྩོན་གནང་ཐུབ་ན། ༸གོང་ས་མཆོག་གི་བཀའ་དྲིན་ལས་བཙུན་མའི་ནང་དགེ་བཤེས་མ་ཐོན་པ་བྱུང་ཡོད་པ་ལྟར། མ་འོངས་པར་སྐྱ་བོའི་ཁྲོད་དགེ་བཤེས་ཐོན་པའང་ཡོང་མི་སྲིད་པ་མིན་ཞེས་བཀའ་ཕེབས་ཡོད་སྟབས། མི་སྐྱ་ཕོ་མོ་ཚོས་ཀྱང་ངེས་པར་དུ་གཞུང་ཆེན་ཁག་ལ་སྦྱང་བརྩོན་དང་དོ་སྣང་གནང་གལ་ཆེ་བ་འདུག་གསུངས། མཁན་རིན་པོ་ཆེ་མཆོག་ནས་གོང་གི་སྐྱེས་སྐར་དང་འབྲེལ་བའི་གནས་ཚུལ་ཐོག་གལ་ཆེ་དོན་ཆེན་གྱིས་མི་སྒེར་ཞིག་ལ་ཆ་བཞག་ན་སྐྱེས་སྐར་གཏོང་ཡ་དེ་གལ་ཆེན་པོ་ཞིག་མིན། དཔེར་ན་ང་ཚོའི་དུས་ཚོད་ལ་སྐྱེས་སྐར་ཐེངས་གཅིག་ཀྱང་བཏང་མྱོང་མེད་ལ། སྐྱེས་སྐར་མ་བཏང་བ་དེས་མི་ཚེའི་ལས་དོན་གང་ལའང་འགོག་རྐྱེན་བྱུང་མ་སོང་། འོན་ཀྱང་དེང་སང་གི་འགྲོ་སྟངས་དང་བསྟུན་ཏེ་སྐྱེས་སྐར་ངེས་པར་དུ་སྲུང་བརྩི་དགོས་ན། སོ་སོའི་གོམས་གཤིས་དང་མཐུན་པ་ཆོས་སུ་འགྲོ་བ་ཞིག་བྱ་དགོས། ངའི་ངོ་ཤེས་ཁག་ཅིག་གིས་དཔལ་འབྱོར་གནས་སྟངས་ལ་དཔགས་པའི་གྲྭ་ཚང་ཁག་གི་དགེ་འདུན་པ་རྣམས་ལ་གསོལ་ཇ་ཞལ་ཏོག་ཕུལ་བ་དེ་འདྲ་ཡང་འདུག་པས། གོམས་གཤིས་དང་ལམ་སྲོལ་དེ་རིགས་ང་ཚོའི་སྤྱི་ཚོགས་ནང་དར་ཁྱབ་ཡོང་ན་ཡག་པོ་འདུག་ཅེས་ཁ་སྣོན་གནང་སོང་།

དེ་རྗེས་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་ལགས་ནས་དགེ་རྒན་ཟབ་སྦྱོང་ཚོགས་བཅར་བ་རྣམས་ལ་ཟབ་སྦྱོང་ལེགས་གྲུབ་བྱུང་བའི་ཕྱག་འཁྱེར་དང་མཇལ་དར་གནང་གྲུབ་པ་དང་། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་དགེ་རྒན་དྲུག་ལ་ཤེས་རིག་ལས་ཁུངས་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུའི་ལེགས་གསོལ་དང་མཇལ་དར་ཕུལ།

དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐུ་ངོ་ཚེ་རིང་གཡུ་སྒྲོན་མཆོག་ནས་རིགས་ལམ་ཟབ་ཁྲིད་ཀྱི་མཉམ་ཞུགས་པ་རྣམས་ལ་ཕྱག་འཁྱེར་དང་མཇལ་དར་གསོལ་སྩལ་དང་སྦྲགས་མཇུག་བསྡོམས་ཀྱི་བཀའ་སློབ་ལམ་སྟོན་གནང་དོན་དུ། ཤེས་རིག་ལས་ཁུངས་གཙོས་པའི་ལས་ཁུངས་དང་ཚོགས་སྡེ་གང་འདྲ་ཞིག་ཡིན་རུང་མ་འོངས་པར་ཟབ་སྦྱོང་ལ་སོགས་པའི་ལས་འཆར་ཁག་བོད་པའི་ཁོར་ཡུག་གཅིག་ཏུ་གོ་སྒྲིག་ཐུབ་ན་ཟབ་སྦྱོང་གི་ལྷན་དུ་ཚོགས་བཅར་བ་རྣམས་ནས་བོད་པའི་ཁོར་ཡུག་གསར་པ་ཞིག་ཤེས་རྟོགས་ཐུབ་རྒྱུ་མ་ཟད། ཟབ་སྦྱོང་གོ་སྒྲིག་ཞུ་ཡུལ་ལའང་ཅུང་ཟད་ཁེ་ཕན་ཡོད་པ་ཞིག་ཡོང་རྒྱུ་ཡིན་པས་འདི་ཐོག་ངེས་པར་དུ་དགོངས་པ་བཞེས་དགོས་ཀྱི་འདུག གཞན་ཡང་བྱང་ཕྱོགས་ཀྱི་ཚོགས་བཅར་བ་རྣམས་ལྷོ་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཚོགས་བཅར་བ་རྣམས་བྱང་ཕྱོགས་སོགས་སུ་གདན་འབོད་ཀྱིས་ཟབ་སྦྱོང་རིགས་གོ་སྒྲིག་ཐུབ་ན་ཚོགས་བཅར་བ་རྣམས་ཀྱི་ཐོས་རྒྱ་མཐོང་རྒྱ་ལ་ཕན་ཐོགས་ཆེ་བ་ཞིག་ཡོང་གི་རེད་བསམ་གྱི་འདུག སྤྱིར་༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་ཚོར་ཤེས་ཡོན་སྤྲོད་རྒྱུ་ཐད་གཟིགས་རྒྱ་ཆེན་པོ་གནང་ཡོད་ལ། ལྷག་པར་དུ་སློབ་གྲྭ་ཁག་ནང་སློབ་ཕྲུག་རྣམས་ལ་རིགས་ལམ་སློབ་ཁྲིད་ཚད་ལྡན་ཞིག་ཡོང་རྒྱུའི་སྐོར་ལའང་༸གོང་ས་མཆོག་ནས་སྔ་རྗེས་བཀའ་སློབ་བྱིན་ཅན་ལན་མང་ཕེབས་ཡོད་སྟབས། བོད་པའི་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྤེལ་ཚགས་ཚུད་ཡོང་ཐབས་སུ་སློབ་གྲྭ་སོ་སོའི་སློབ་སྤྱི་དང་དགེ་ཆེ་རྣམ་པར་འགན་ཁུར་ཆེན་པོ་ཞིག་ཡོད་པ་མ་ཟད། དགེ་རྒན་ལས་རོགས་རྣམས་ཀྱིས་ཀྱང་ལྟ་གྲུབ་དགེ་རྒན་རྣམས་ལ་རོགས་རམ་མཐུན་འགྱུར་རྒྱབ་གཉེར་གནང་གལ་ཆེ་བར་མཐོང་། ད་ལན་ཟབ་སྦྱོང་ཁག་གཉིས་ཀྱི་ཚོགས་བཅར་བ་རྣམས་དང་བླངས་ཀྱིས་མཉམ་ཞུགས་གནང་བ་ཞིག་ཡིན་སྟབས་ཡག་པོ་བྱུང་འདུག་ལ། དེ་བཞིན་དུ་ཟབ་སྦྱོང་གི་དམིགས་ཡུལ་བཞིན་སོ་སོའི་གྲོགས་པོ་ངོ་ཤེས་རྣམས་ལ་བསམ་ཚུལ་དང་སློབ་སྦྱོང་བརྗེ་ལེན་གནང་རྒྱུ་གལ་ཆེན་པོ་ཡིན། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་བོད་རིགས་ན་གཞོན་རྣམས་ཀྱི་ཤེས་ཡོན་སློབ་སྦྱོང་ཐོག་ལ་གྲུབ་འབྲས་ཐོན་པའི་ཕྱག་ལས་གནང་བ་བརྒྱུད་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སྤྱི་ཚོགས་ལ་ཞབས་འདེགས་གང་ལེགས་སྒྲུབ་བཞིན་ཡོད་པ་ནི། རང་ཉིད་ས་གནས་འདིར་གཏན་སྡོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས་རྒྱུས་ཡོད་ཐོག་ནས་ཞུ་ཡི་ཡོད་ལ་མང་ཚོགས་ནས་ཀྱང་གནས་ཚུལ་འདི་རིགས་མཁྱེན་རྟོགས་དགོས་ཀྱི་འདུག་དྲན་བཞིན་ཡོད། རྒྱུན་དུ་གཏན་འཇགས་སློབ་གྲྭ་ཁག་དང་། ཉིན་མོའི་སློབ་གྲྭར་འགྲོ་མཁན་གྱི་སློབ་ཕྲུག་གི་འགྲོ་འདུག་སྤྱོད་གསུམ་ལས་གཏན་འཇགས་སློབ་གྲྭ་བ་རྣམས་ལེགས་པ་ཡོང་གི་ཡོད་པ་ནི། ཉིན་མོའི་སློབ་གྲྭར་འགྲོ་མཁན་སློབ་ཕྲུག་རྣམས་ལ་ཕ་མས་སློབ་གསོ་ལམ་སྟོན་བྱེད་སྟངས་ཀྱི་ཐོག་ནས་འཐུས་ཤོར་བ་ལྟ་བུ་མངོན་བཞིན་འདུག ཤེས་རིག་ལས་ཁུངས་ནས་ཕ་མས་ཕྲུ་གུའི་ཤེས་ཡོན་ཐོག་རམ་འདེགས་ཞུ་སྟངས་ཙམ་མ་ཡིན་པར་སྤྱི་ཡོངས་ཀྱི་ཕྲུ་གུའི་སྒྲིག་ལམ་ཀུན་སྤྱོད་སློབ་གསོ་བྱེད་སྟངས་སྐོར་ཕ་མར་ཟབ་སྦྱོང་སྤྲོད་རྒྱུ་གལ་ཆེར་མཐོང་བཞིན་འདུག དཔེར་ན། ལོ་སུམ་ཅུ་བཞི་བཅུ་སྔོན་གྱི་ཕ་མ་རྣམས་ལ་སློབ་སྦྱོང་དེ་ཙམ་མེད་ཀྱང་སྐབས་དེའི་ཕྲུ་གུའི་ཤེས་ཡོན་དང་སྤྱོད་ལམ་ལེགས་པ་དང་། དེང་སང་ཕ་མ་མང་ཆེ་བ་དེང་དུས་ཀྱི་ཤེས་བྱ་རིག་གནས་ཅུང་ཟད་ཡོད་ཀྱང་ཕྲུ་གུའི་སྤྱོད་ལམ་དང་ཤེས་ཡོན་གྱི་སྤུས་ཚད་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་སྐོར་མི་མང་པོས་བཤད་ཀྱི་ཡོད་པ་རེད། ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་ཕྲུག་ཕན་ཚུན་དབར་ངོ་ཤེས་དང་བསམ་ཚུལ་བརྗེ་ལེན་བྱེད་ས་ཡོད་པའི་ལས་གཞི་དེ་འདྲ་གོ་སྒྲིག་ཐུབ་པ་ཡིན་ན། སློབ་ཕྲུག་རྣམས་ལ་སོ་སོའི་ས་ཁུལ་གཅིག་པུ་མ་ཡིན་པར་ས་གནས་གཞན་གྱི་ཁོར་ཡུག་ཐོག་ལའང་རྒྱུས་ལོན་བྱེད་པའི་གོ་སྐབས་འཐོབ་ངེས། གཞན་ཡང་དགེ་རྒན་རྣམས་ཀྱིས་སློབ་གྲྭ་ཁག་ལ་སོ་སོའི་མི་རིགས་ཀྱི་ལ་ཞེན་ཡོད་པའི་ཐོག་ནས་ཕྱག་ལས་གནང་གི་ཡོད་པ་རྒྱུན་དུ་ཡིད་ཆེས་ཡོད་ཀྱང་། ད་དུང་སྡིངས་ཆ་འདི་བརྒྱུད་དགེ་རྒན་རྣམ་པས་སློབ་ཕྲུག་ཚོར་ཤེས་བྱ་རིག་གནས་སློབ་ཁྲིད་ཀྱི་ལྷན་དུ་ཡ་རབས་བཟང་སྤྱོད་དང་སོ་སོའི་མི་རིགས་ཀྱི་ལ་ཞེན་སྐོར་ལའང་སློབ་གསོ་ཡང་ནས་ཡང་དུ་གནང་རོགས་ཞེས་འབོད་སྐུལ་ཞུ་ཡི་ཡོད་ཅེས་གསུངས།

མཐའ་དོན་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་སྐུ་མགྲོན་གཙོ་བོ་དབུས་པའི་རྒྱུད་སྨད་མཁན་རིན་པོ་ཆེ་མཆོག་དང་། ས་གནས་འགོ་འཛིན། སློབ་ཁྲིད་གནང་མཁན་དགེ་བཤེས་དགེ་རྒན་རྣམ་པ། ལྷག་པར་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་བགྲེས་པ་སྔགས་རམས་པ་ཚེ་རིང་བཀྲ་ཤིས་མཆོག་དང་། འབྲེལ་ཡོད་མཐུན་འགྱུར་གནང་མཁན་ཚང་མར་ཤེས་རིག་ལས་ཁུངས་དང་སྒེར་ངོས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ཚོགས་བཅར་བ་དགེ་རྒན་སློབ་ཕྲུག་དང་ལྟ་གྲུབ་དགེ་རྒན་གསུམ་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུས་ཏེ་ཟབ་སྦྱོང་བཀྲ་ཤིས་པའི་ངང་མཇུག་བསྒྲིལ་བ་བཅས།

སྔོན་མ།
སྲིད་སྐྱོང་གཟེངས་བསྟོད་ཀྱི་ལག་འཁྱེར་དང་ལེགས་སྐྱེས་གནང་རྒྱུའི་གསལ་བསྒྲགས།
ཕྱི་མ།
ཕྱི་ལོ་ ༢༠༢༠ ལོའི་རེ་ཊ་ཀུ་གཙུག་ལག་སློབ་གཉེར་ཁང་གི་སློབ་ཡོན་གསལ་བསྒྲགས།
Menu