ཟླ་རེའི་གསར་འགྱུར།

སྔོན་འགྲོའི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་སྐོར་གྱི་ཟབ་སྦྱོང་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༦ ནས་ ༢༩ བར་འདི་ག་ཤེས་རིག་ལས་ཁུངས་ནས་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་སློབ་གྲྭ་རུ་སྔོན་འགྲོའི་དགེ་རྒན་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།

ཉིན་བཞིའི་ཟབ་སྦྱོང་དུ་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་སློབ་གྲྭའི་སློབ་སྤྱི་དང་ལྟ་གྲུབ་དགེ་རྒན། ལ་དྭགས་ཁུལ་གྱི་སྔོན་དགེ་གྲངས་ ༡༧ དང་། བྱང་ཐང་ཁུལ་གྱི་སྔོན་དགེ་གྲངས་ ༦ ། ལ་དྭགས་མི་དམངས་སློབ་གྲྭ་ནས་སྔོན་དགེ་གཅིག ཟུར་ཉན་པ་བཅས་ཁྱོན་མི་གྲངས་ ༢༨ ནས་མཉམ་ཞུགས་གནང་ཡོད།


ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་བ་ཚེ་རིང་ནོར་བུ་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཟུང་དྲུང་བསྟན་འཛིན་པདྨ་ལགས་ཐུན་མོང་ནས་ད་རེས་ཟབ་སྦྱོང་ཁྲིད་སྟོན་གནང་ཡོད།


ཟབ་སྦྱོང་ཉིན་དང་པོར་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་དབུ་བཞུགས་ཐོག་དབུ་འབྱེད་མཛད་སྒོར་ཟུང་དྲུང་བསྟན་འཛིན་པདྨ་ལགས་ནས་ཟབ་སྦྱོང་ངོ་སྤྲོད་དང་དེའི་གལ་གནད་སྐོར་གསུང་བཤད་གནང་བ་དང་། དེ་བཞིན་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་སློབ་གྲྭའི་སློབ་སྤྱི་ལྷུན་གྲུབ་རྣམ་རྒྱལ་ལགས་ནས་དབུ་འབྱེད་གསུང་བཤད་གནང་ཡོད།

དེ་ནས་ཟབ་འཁྲིད་པ་གསུམ་རེས་མོས་ཀྱིས་ཉིན་བཞིའི་རིང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གལ་གནད་དང་། དགེ་རྒན་གྱི་ཡོན་ཏན། ཨེ་མོ་རི་གཙུག་ལག་སློབ་ཁང་གི་གསར་བཟོ་གནང་བའི་སཱི་ཤེས་ཡོན་སློབ་གསོའི་ ༼ སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ། ༽ དོན་གནད་གཙོ་བོ་ཁག་ངོ་སྤྲོད། བྱམས་བརྩེ་དང་བདེ་སྐྱིད་ཀྱི་སྐོར། བྱམས་བརྩེའི་ཁོར་ཡུག་ལྡན་པའི་འཛིན་ཁང་སྐྲུན་ཐབས། བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་ཀྱི་ཐབས་ལམ། སོར་ཆུད་ནུས་པ་གོང་འཕེལ་གཏོང་ཐབས། བཟང་སྤྱོད་ལ་བློ་སྦྱོང་ཚུལ། བཟང་སྤྱོད་ཉམས་སུ་ལེན་ཚུལ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དགོངས་དོན་གཞིར་བཟུང་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ། དྲན་ཤེས་བཅས་ཀྱི་བརྗོད་གཞིའི་ཐོག་བྱེད་སྒོའི་ལམ་ནས་ཟབ་ཁྲིད་གནང་ཡོད།
This image has an empty alt attribute; its file name is ladak03.jpg

ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་དམངས་སྤྱི་འཐུས་སྐུ་ངོ་དོན་གྲུབ་བཀྲ་ཤིས་ལགས་དབུ་བཞུགས་ཐོག ཟུང་དྲུང་བསྟན་འཛིན་པདྨ་ལགས་ནས་ཉིན་བཞིའི་ཟབ་སྦྱོང་ཇི་ལྟར་བྱུང་མིན་སྐོར་སྙན་སྒྲོན་མདོར་བསྡུས་ཞུས་པ་དང་། དེ་བཞིན་ཟབ་སྦྱོང་བ་སྐུ་ཚབ་གཉིས་ནས་མྱོང་ཚོར་གསུང་བཤད་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་ཟབ་སྦྱོང་སློབ་ཁྲིད་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་བསྒྲོན་གནང་བ་དང་། ཁོང་ནས་ཟབ་སྦྱོང་གི་མཇུག་སྡོམ་ལམ་སྟོན་གསུང་བཤད་གནང་ཡོད། དེ་ནས་ཟབ་ཁྲིད་གནང་མཁན་གསུམ་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་མཇལ་དར་དང་ཕྱག་རྟགས་རེ་སྔོན་དགེ་ཐུན་མོང་ནས་སྐུ་མགྲོན་གཙོ་བོ་མཆོག་གི་བརྒྱུད་གནང་ཡོད་པ་དང་། མཐའ་མར་ལ་དྭགས་བོད་ཁྱིམ་སྔོན་འགྲོ་སློབ་གྲྭའི་འགན་འཛིན་པདྨ་སྒྲོལ་མ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཉིན་བཞིའི་ཟབ་སྦྱོང་མཇུག་སྒྲིལ་ཡོད།

This image has an empty alt attribute; its file name is ladak04-1024x560.jpg

ཟབ་སྦྱོང་འདི་ཉིད་མཉམ་ཞུགས་གནང་མཁན་ཚོར་གནད་ལ་སྨིན་པོ་དང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་སྐུ་མགྲོན་གཙོ་བོ་མཆོག་གཙོས་པའི་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི། མཉམ་ཞུགས་གནང་མཁན་ཚང་མས་ཞལ་གཅིག་གྲགས་ཀྱིས་གསུངས་ཡོད།

ད་རེའི་ཟབ་སྦྱོང་འདི་ཝི་མཱ་ལ་མཐུན་ཚོགས་ཀྱིས་ Vimala Association རོགས་དངུལ་མཐུན་འགྱུར་གནང་ཡོད་པ་བཅས། །

སྔོན་མ།
བྱིས་པ་རྣམས་ཆགས་སྲེད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་དང་བྱིས་པའི་ཐོབ་ཐང་ལག་བསྟར་ནུས་ཐོན་བྱ་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།
ཕྱི་མ།
ཕྱི་ལོ་ ༢༠༡༩ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
Menu