ཟླ་རེའི་གསར་འགྱུར།

སྐྱེད་མོས་ཚལ།

སྙན་རྩོམ།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།

ཡིད་འོང་སྐྱེད་ཚལ་དོ་ར་རུ། །དབྱིབས་ལེགས་མདངས་མཛེས་པད་མོའི་ཚོགས། ། ལྡེམ་ལྡེམ་གཡོ་བའི་ཟློས་གར་གྱིས། །གཟུགས་འཛིན་ཡ་མཚན་ལྟད་མོས་ངོམས། །

བྱིའུ་ཀྱུར་ཀྱུར་སྐད་འབྱིན་ཞིང། །བུང་བས་དར་དིར་གླུ་དབྱངས་ལེན། ། ཕུ་ཆུ་ལྷུང་ལྷུང་སྒྲ་སྒྲོག་པ། །སྒྲ་འཛིན་ཡུལ་དུ་སྙན་ཞིང་འཇེབས། །

མགྱོགས་འགྲོ་བསེར་བུའི་ཕོ་ཉ་ཡིས། །མངའ་འབངས་མེ་ཏོག་སྣ་ཚོགས་ལས། ། བསུང་ཞིམ་དཔྱ་ཁྲལ་ཀུན་བསྡུས་ཏེ། །དྲི་འཛིན་རྒྱལ་པོར་སྐྱེས་སུ་འབུལ། །

འབྲས་ལྡན་ལྗོན་པ་བཟང་པོའི་ཚོགས། །ཡལ་ག་དུད་པའི་ལག་སྟབས་ཀྱིས། ། སྣ་ཚོགས་འབྲས་བུ་མངར་མོའི་ཟས། །བསྟབས་པའི་རོ་འཛིན་ཚིམ་པར་བྱེད། །

རི་སྐྱིབས་ནོར་བུའི་ཕུགས་ཡངས་སུ། །སྔོ་འཇམ་རྩྭ་ཡི་སྟན་བཤམས་ཏེ། ། ཤིང་ལོའི་གཡབ་མོ་གཡོབ་པ་ནི། །རེག་འཛིན་མགྲོན་དུ་འབོད་པ་བཞིན། །

དེ་ལྟར་འཇིག་རྟེན་ཕུན་ཚོགས་ཀུན་གྱི་སྡོམ། །འདོད་པའི་ཡོན་ཏན་ལྔ་ཡི་ལོངས་སྤྱོད་ཚོགས། ། སེམས་མེད་དངོས་པོས་ཀྱང་ནི་ཉེར་སྟོབ་པ། །འདི་ཀོ་སྔོན་བསགས་བསོད་ནམས་ཟོང་གིས་ཉོས། །

སྔོན་མ།
བསླབ་བྱ་ནོར་བུ་གླིང་དུ་བགྲོད་པའི་ལམ་ཡིག
ཕྱི་མ།
རྒྱལ་བུ་དགེ་དོན་གྱི་ལེའུ།
Menu