ཟླ་རེའི་གསར་འགྱུར།

སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭས་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ལམ་སྟོན་འོག་སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་ནང་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་ “Mobile Science Exhibition Program-2013”ཞིག་གོ་སྒྲིག་ཞུས།
    སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་འབྲུག་ཚེ་རིང་ལགས་ཀྱིས་སྣེ་ཁྲིད་ལམ་སྟོན་འོག་སེ་ལ་ཀུའེ་བོད་ཁྱིམ་སློབ་གྲྭའི་ཚན་རིག་སློབ་དགེ་དྲུག་དང་སློབ་ཕྲུག་ ༧༦ གིས་ཟླ་བ་གསུམ་རིང་ནས་གྲ་སྒྲིག་གནང་བའི་ཚན་རིག་འགྲེམས་སྟོན་འདི་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༧ ཉིན་ར་ཇེ་པུར་བོད་ཁྱིམ་(THF Rajpur)ནས་འགོ་འཛུགས་ཀྱིས། སྡེ་ར་ལྡུན་ཁུལ་དུ་ཡོད་པའི་དོན་གྲུབ་གླིང་ནེ་རུ་དྲན་རྟེན་སློབ་གྲྭ(TNMF Clementown) ཧ་པུར་གཏན་སློབ། (CST Herbertpur) མ་སུ་རི་གཏན་སློབ་དང་། (CST Mussoorie) མ་སུ་རི་བོད་ཁྱིམ། (THF Mussoorie)   སྤོན་ཊ་གཏན་སློབ། (STS Paonta Sahib)  བཅས་སུ་རིམ་པ་བཞིན་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གནང་འདུག འགྲེམས་སྟོན་སྐབས་སློབ་མ་ཚོས་ཆུ་རྒྱུན་འཁོར་ལོ་དང་། ཚན་རིག་པ་གྲགས་ཅན་གྱི་ཆ་ལུགས་སྤྲས་ནས་འཁྲབ་སྟོན་བྱས་པ། ཟློས་གར་གྱི་ལམ་ནས་ཚན་རིག་ཚོད་ལྟ་བྱེད་སྟངས་ཀྱི་ཐབས་ལམ་འདྲ་མིན་འཁྲབ་སྟོན་བྱས་པ། དེ་བཞིན་རླུང་ཚ་པོས་བཀང་པའི་སྒང་ཕུག་ནམ་མཁར་བཏང་བ། ཚན་རིག་གི་མིག་འཁྲུལ་བསྟན་པ་སོགས་ཀྱི་འགྲེམས་སྟོན་གནང་ཡོད། འགྲེམས་སྟོན་འདི་བཞིན་མཐར་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༦ ཉིན་སེ་ལ་ཀུའེ་བོད་ཁྱིམ་དུ་ཚན་རིག་ཉིན་མོ་ ‘Science Day’ དང་སྟབས་བསྟུན་མཇུག་སྒྲིལ་གནང་རྒྱུ་ཡིན་འདུག
    ཤེས་རིག་ལས་ཁུངས་ཀྱིས་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་དབུ་འཛུགས་གནང་དགོས་དོན་ནི་སློབ་ཕྲུག་རྣམས་ཀྱིས་སློབ་དེབ་ཙམ་ལ་མ་བརྟེན་པར་ལག་ལེན་ཐོག་ནས་ཚན་རིག་སློབ་སྦྱོང་གོང་མཐོར་གཏོང་ཆེད་ཡིན་པ་དང། འཆར་ལོར་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གྱི་ལས་གཞི་འདི་བཞིན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་གི་ནང་ལས་འཆར་སྤེལ་རྒྱུ་ཡིན། ལས་གཞི་འདི་བཞིན་ཨ་རི་གཞུང་ USAIDགིས་ཨ་རི་བོད་ཀྱི་ཐེབས་རྩ་ Tibet Fund བརྒྱུད་རོགས་སྐྱོར་གནང་བ་ཞིག་ཡིན་འདུག་པ་བཅས།།

སྔོན་མ།
དེང་དུས་བོད་ཀྱི་སྐད་ཡིག་སྤྱོད་ཚུལ་དང་འབྲེལ་བའི་མཐོང་སྣང་།
ཕྱི་མ།
སྲིད་སྐྱོང་མཆོག་གིས་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་རྩེད་འགྲན་ཐེངས་ ༢༢ པ་དབུ་འབྱེད་དང་གསུང་བཤད་གནང་བ།
Menu