ཟླ་རེའི་གསར་འགྱུར།

ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་ལྟ་གྲུབ་དགེ་རྒན་དང་དགེ་རྒན་འོས་སྦྱོང་བ་རྣམས་ལ་སྒོམ་སྒྲུབ་ཉམས་ལེན་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༨ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་ལྟ་གྲུབ་དགེ་རྒན་དང་དགེ་རྒན་འོས་སྦྱོང་བ། དེ་བཞིན་ཟུར་ཉན་པ་བཅས་མི་གྲངས་བཞི་བཅུ་ལྷག་ལ་སྒོམ་སྒྲུབ་ཉམས་ལེན་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གནང་ཡོད།
དེ་ཡང་གོང་ཚེས་ཀྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས། ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གིས་སྒོམ་སྒྲུབ་ཉམས་ལེན་གནང་ཕྱོགས་དང་འབྲེལ་ནས་གསུང་དོན། དེ་རིང་རྣམ་པ་ཚོར་ཞུ་དགོས་པ་གཙོ་བོ་ནི་སྒོམ་ཉམས་ལེན་གྱི་སྐོར་རེད། སྒོམ་སྒྲུབ་ཉམས་ལེན་གྱི་དང་པོ་དྲན་པ་ཉེ་བར་གཞག་པ་བཞི་ཞེས་པ་དེ་རེད། དྲན་པ་ཉེ་བར་གཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་བཞག་པ་བཅས་བཞི་རེད།
སྤྱིར་བཏང་སེམས་ཁམས་རིག་པ་སྨྲ་བ་ཚོས་བརྗོད་པ་ལྟར་ན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་སེམས་ཁམས་མ་བདེ་བ་དང་སེམས་མ་སྐྱིད་པ་སོགས་སེམས་ནད་རིགས་ཡོང་གི་ཡོད། དཔེར་ན་གློག་བརྙན་འཁྲབ་སྟོན་པ་དང་ཚོང་པ་སྐད་གྲགས་ཆེན་པོ་ཚོའི་ཁྲོད་དུའང་སེམས་ནད་རིགས་ཡོང་གི་ཡོད། དེ་ཚོའི་གྲས་ཀྱིས་སྒོམ་སྒྲུབ་ཉམས་ལེན་གནང་ཐུབ་ན་དགེ་མཚན་ཆེ་བ་ཡོད། ལྷག་པར་སྒོམ་སྒྲུབ་ཉམས་ལེན་གནང་བ་ལ་བརྟེན་ནས་སེམས་ཞི་བ་དང་ལྷོད་ལྷོད་ཆགས་ཀྱི་ཡོད།
དེ་བཞིན་ཉིན་རེའི་ལས་ཀ་དང་སློབ་སྦྱོང་བྱེད་མཁན་ཚོས་སྒོམ་སྒྲུབ་ཉམས་ལེན་གནང་ན་ཕན་ཐོགས་ཡོང་གི་ཡོད་ཅེས་གསུངས་པ་དང་འབྲེལ་མཉམ་ཞུགས་པ་ཁག་གཅིག་གི་དྲི་བར་ལན་འདེབས་གནང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་སྒོམ་སྒྲུབ་ཉམས་ལེན་གནང་ཕྱོགས་ཀྱི་ཟབ་སྦྱོང་གྲོལ་ཡོད་པ་བཅས། །

སྔོན་མ།
དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ཟབ་འཁྲིད་གནང་བ།
ཕྱི་མ།
ཨཱཅཱརྱ་བོད་ཀྱི་སློབ་ཡོན། (Acharya-Tibet Scholarship)
Menu