ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བདུན་པ་ལེགས་གྲུབ་བྱུང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ཟླ་བའི་ཉིན་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐེངས་བདུན་པའི་མཇུག་སྡོམ་མཛད་སྒོ་ཚོགས་གནང་།


དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གཙོས་དྲུང་ཆེ་ཀརྨ་སེངྒེ་ལགས། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི། ཤེས་རིག་དེང་སྲོལ་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་གཙོས་ཚན་པ་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགེ་རྒན་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐེངས་བདུན་པའི་སྙན་ཐོ་སྒྲོག་སྦྱང་གནང་།


དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་ཟབ་སྦྱོང་སྐབས་མཐུན་འགྱུར་དང་ཕྱག་རོགས་གནང་མཁན་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་ཕྱག་རྟགས་ཕུལ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཟབ་སྦྱོང་ཐོག་མཐུན་འགྱུར་དང་ཕྱག་རོགས་གནང་མཁན་དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱིས་གཙོས་ལས་བྱེད་ཡོངས་ལ་ངས་དམིགས་བསལ་ཐུགས་རྗེ་ཆེ་ཞུས་པ་དང་། ཕྱོགས་མཚུངས་སློབ་གྲྭ་ཁག་གི་སློབ་ཕྲུག་དང་དགེ་རྒན་རྣམས་ངས་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དུས་རྒྱུན་ང་རང་དབུ་འབྱེད་མཛད་སྒོ་སྐབས་ཆེད་དུ་བཅར་གྱི་ཡོད། ད་ཐེངས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགའ་ལྡན་བླ་སྤྱི་ནས་མགྲོན་འབོད་ཞུས་པ་ལྟར། རྗེ་ཙོང་པ་ཆེན་པོ་སྐུ་ཞི་བར་གཤེགས་ནས་མི་ལོ་ ༦༠༠ འཁོར་བའི་རྗེས་དྲན་གྱི་མཛད་སྒོ་དང་། རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་། གདན་ས་ཆེན་པོ་དགའ་ལྡན། འབྲས་སྤུངས་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་ཆེད་མཉམ་ཞུགས་སོགས་ཀྱི་སླད་འགྲོ་དགོས་བྱུང་།


ཕྱོགས་མཚུངས་ཕྱི་ཚེས་ ༢༦ ཉིན་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་ཛཱཡཱ་པྲ་ཀཱཤ་ན་ར་ཡན་ (Jai Prakash Narayan) མཆོག་གི་དབུ་ཁྲིད་འོག་ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༣༠ ནས་ ༣༡ བར་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏར་ (Kolkata) རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ (All India Convention on Tibet) ཆེས་ཐོག་མ་ཚོགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོར་མཉམ་ཞུགས་བྱས་པར་བརྟེན་དེ་རིང་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་བཅར་བ་ཡིན།
ཕྱི་ལོ་ ༢༠༡༣ ནས་བཟུང་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་འགོ་འཛུགས་ཞུས་ཏེ་ད་བར་ཐེངས་བདུན་ཆགས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་གནང་བ་ལྟར་མ་འོངས་པར་སློབ་ཕྲུག་ཁྱེད་རང་ཚོའི་ཁྲོད་ནས་འགོ་ཁྲིད་ཅིག་སླེབས་ཐུབ་པ་དགོས་ཀྱི་ཡོད། འགོ་ཁྲིད་ལ་འཆར་སྣང་དགོས་པ་དང་། འཆར་སྣང་ཙམ་མིན་པར་དེར་གཞིགས་པའི་འཆར་གཞི་ལྡན་པའི་ཐོག་ནས་ལས་འཆར་ལག་བསྟར་བྱེད་ཐུབ་མཁན་ཞིག་དགོས། ལྷག་པར་བསམ་བློ་མ་རུང་བ་དེ་དག་དོར་ནས་དུས་དང་རྣམ་པ་ཀུན་ཏུ་ཚུལ་མཐུན་གྱི་བསམ་བློ་གཏོང་ཐུབ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།


ལྷག་པར་བོད་མིའི་འགོ་ཁྲིད་ཀྱི་ལས་འགན་གཙོ་བོ་ནི་དཀའ་ངལ་རྣམས་ལ་གདོང་ལེན་བྱ་རྒྱུ་རེད། གཞིས་ལུས་བོད་མིའི་མངོན་འདོད་བསྒྲུབ་རྒྱུ་རེད། དེར་བརྟེན་ཁྱེད་རང་ཚོས་གཞན་བརྟེན་གྱི་བསམ་བློ་དོར་དགོས་ཀྱི་ཡོད། དེ་འདྲ་ཡིན་སྟབས་སློབ་སྦྱོང་ཧུར་བརྩོན་ངང་ནས་སྦྱང་དགོས། བོད་མིའི་རྩ་དོན་རྩོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་ཁྱེད་རང་ཚོ་ང་ཚོའི་མ་འོངས་པའི་སོན་རྩ་ཙམ་མ་ཟད། མ་འོངས་པའི་འགོ་ཁྲིད་ཀྱང་རེད། ཅེས་སོགས་དང་།
གཞན་ཡང་ལས་དོན་རིགས་གང་འདྲ་ཞིག་སྤེལ་སྐབས་ཀུན་སློང་གཙང་མ་འཁྱེར་དགོས། དུས་རྟག་ཏུ་སོ་སོ་རང་ཉིད་ལ་གདེང་སྤོབས་དགོས། ཞེས་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཕོ་མོ་འདྲ་མཉམ་སྐོར་དང་། རྒྱ་ནག་གཞུང་ནས་བོད་མི་རིགས་ལ་གཉའ་གནོན་དང་བཤུ་གཞོག མི་རིགས་དང་དཔལ་འབྱོར་དབྱེ་འབྱེད། དེ་བཞིན་བོད་མིའི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་བཙན་འཕྲོག་གིས་བོད་མིར་དྲག་རྡུང་ཁོ་ནའི་སྲིད་བྱུས་ལག་བསྟར་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་བརྒལ་བར་བརྟེན། ཆེས་དྲག་གནོན་ཅན་གྱི་སྲིད་བྱུས་དེར་བོད་མི་རྣམས་བཟོད་ཐབས་བྲལ་ཏེ་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་སླད་རང་ལུས་མེར་སྲེག་བཏང་བ་ནས་བཟུང་ད་བར་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་ ༡༥༤ བྱུང་ཡོད། ཁོང་རྣམས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་མིར་རང་དབང་དགོས་པའི་འབོད་ཚིག་བསྒྲགས་ཡོད། ཅེས་སོགས་གསུངས།


མཐར་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་འབྱུང་འགྱུར་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༤ ཉིན་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཡག་པོ་ཡོང་བའི་སྨོན་འདུན་གནང་རྗེས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཉིན་གྲངས་བརྒྱད་རིང་གི་ཟབ་སྦྱོང་སྐབས་མདུན་ལམ་འདེམས་ཕྱོགས་སྐོར། ཤེས་ཡོན་སྲིད་བྱུས། ཕོ་མོ་འདྲ་མཉམ། འཚེ་མེད་ཞི་བའི་ལྟ་གྲུབ། ལང་ཚོ་དར་སྐབས་ཀྱི་སྐོར། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། དྲ་རྒྱའི་བདེ་འཇགས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། ཤེས་རིག་སློབ་ཡོན་སྐོར། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། མི་ཚེ་གང་པོར་ཀློག་པ་པོར་འགྱུར་ཐབས། དཔྱད་ཞིབ་བསམ་བློ་ཡར་རྒྱས་གཏོང་ཐབས། གཏན་འབེབས་བརྡ་ཆད། བོད་ཀྱི་མང་གཙོའི་འཕེལ་རིམ། འགོ་ཁྲིད་ནུས་པ་དང་སྒྱུ་རྩལ་སྐོར་བཅས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུ་ཡིན་འདུག དེ་བཞིན་ཟབ་སྦྱོང་སྐབས་སློབ་ཕྲུག་ནང་ཁུལ་སིལ་པོལ་འགྲན་བསྡུར་གནང་བ་མ་ཟད། སློབ་ཁག་སོ་སོའི་གནས་སྟངས་ངོ་སྤྲོད། ཟློས་གར་གཏམ་བརྗོད་དང་གཞས་སྣ། སྒྱུ་རྩལ་འཁྲབ་སྟོན་སོགས་གནང་འདུག་པ་བཅས། །

སྔོན་མ།
དཔལ་ལྡན་ཚོགས་གཙོ་མཆོག་གིས་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་བ།
ཕྱི་མ།
སློབ་ཚན་གཞན་པའི་དགེ་རྒན་གྱི་བོད་ཡིག་ཡར་རྒྱས་དང་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་འགོ་བཙུགས་གནང་བ།
Menu