ཟླ་རེའི་གསར་འགྱུར།

འདི་སྣང་འཁྲུལ་བའི་རོལ་རྩེད།1

སྙན་རྩོམ།

རྩོམ་པ་པོ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།

སྔོན་རབས་དམ་པའི་ངང་ཚུལ་ཟླ་ཤེལ་ལ། །བཟང་བོའི་རི་བོང་སྣང་བརྙན་བཀྲ་བ་དང་། །
དཀར་ནག་འདྲེས་མའི་རྡོ་ཐལ་གྱིས་བྱུགས་ངོས། །ཀུན་རྟོག་རི་མོར་འདྲི་བ་ཅི་ཞིག་མཚུངས། །
དེང་དུས་སྒོ་གསུམ་མི་དགེའི་དོ་ར་ན། །གྱ་གྱུའི་གར་མཁན་ཚུལ་འཆོས་གོས་གྱོན་པའི། །
ཆེར་རློམ་མང་བོའི་རྣམ་ཐར་འཁྱོག་པོའི་ཚིག །མཐོང་ཚེ་དཔྱོད་ལྡན་ཕལ་ཆེར་བསྟིང་ཚིག2སྨྲ། །
སྤངས་རྟོགས་ཡོན་ཏན་ནོར་བུས་གང་མིན་ཡང་། །དུག་གསུམ་བརླང་བོའི་ཆུ་སྲིན་མི་རྒྱུ་བར། །
དགེ་བའི་སྤྱོད་ཚུལ་ཡོལ་མེད་རླབས་འཕྲེང་ཅན། །རྟོགས་བརྗོད་ཟླ་བའི་མ་མ་དེང་འདིར་བསྐྲུན། །
སྒྲོ་བཏགས་གླེང་མོའི་མི་གཙང་ཕུང་བོའི་ལུས། །སྒྲ་དོན་སྙན་འགྱུར་རིན་ཅེན་རྒྱན་སྤུད་ནས། །
རྫུན་གྱི་གར་བསྒྱུར་ལྕེ་བདེའི་བརྗོད་པ་ལ། །སྙིང་བོར་རློམ་ཡང་ཨེ་རཎྜ3ཡི་འབྲས། །
གཞན་ངོར་བཟང་བརྫུའི་སྤྲུལ་པའི་རི་དྭགས་ཀྱིས། །འགྲོ་མང་ལོག་པའི་ཐང་ལ་ཉེར་ཁྲིད་ནས། །
ཕན་བདེའི་སི་ཏཱ་འཕྲོག་པའི་ཆོ་ག་དག །རྫོགས་པའི་བཤེས་གཉེན་འབོད་སྒྲོག་4མང་ཞིག་མཆིས། །
དང་པོར་བརྡུངས་པའི་འཁྱོག་ཚིག་རྒྱུད་མངས་སྒྲས། །འཁོར་བའི་རྒྱ་མཚོར་འགྲོ་བའི་བདེ་སྐྱིད་གྲུ། །
བཤིག་ཀྱང་གཞན་ལ་ཁ་འཕངས་གཡོ་ཟོལ་མཁན། །དམ་པར་རློམ་འགས་ཁྱབ་འཇུག་ཁེངས་པ་ཕྲོགས། །
མ་དག་བཅོས་མའི་ར་གན་5ལྷད་ཀྱི་ཟོང་། །འཁྲུལ་མེད་ཡང་དག་ཆོས་ཀྱི་གསེར་སྦྱངས་ཞེས། །
རྨོངས་པའི་ཚོང་འདུས་བཞི་མདོར་བྲིན་མཐོང་ཚེ། །ཐུབ་པའི་བསྟན་ཡང་རྟགས་ཙམ་འཛིན་པའི་དུས། །
ཐོས་བསམ་སྒོམ་པའི་དཀའ་ཐུབ་རབ་ཞིག་ཀྱང་། །ངན་སྤྱོད་དུག་རླངས་འཁྱིལ་བའི་མགྲིན་པ་ལ། །
བསྔགས་བརྗོད་ཡུལ་དུ་བྱེད་པའི་ཆེན་པོ་འགའ། །གཙུག་ན་ཟླ་བ6ས་འདིར་འོངས་པ་བཞིན། །
ཤེས་རབ་རི་དྭགས་རྟུལ་བོའི་རྒྱར་ཆུད་པས། །མཁས་གྲུབ་སྤྱོད་ཚུལ་སྲོག་དང་ཉེར་བྲལ་ཡང་། །
སྟོབས་འབྱོར་ཤ་ཡིས་གཞན་སྣང་བསྒྱུར་ནུས་པའི། །ཤི་ལུས་གསོན་པོའི་གྲལ་དུ་བསྒྲིག་འདི་ཅི། །
གྲགས་འདོད་ཉི་ཟེར་གྱིས་ཕྱེ་པདྨའི་སྒོར། །མུ་ཅོར་བུང་བའི་སྒྲ་དབྱངས་སྒྲོག་པ་ལ། །
མངོན་ཤེས་ཟེའུ་འབྲུ་རྒོད་པའི་གཡུར་ཟ་མཁན། །རྫུན་ཕུགས་བགྲང་བྱའི་མཚན་མོའི་ཐུན་མཐར་རྡིབ། །
གཞོན་ནུའི་ལང་ཚོ་དར་བའི་དཔྱིད་ཀྱི་དུས། །ཤེས་བྱའི་ཕ་མཐར་གོམས་པའི་ས་བོན་དག།།
མ་བཏབ་ན་ཚོད་སྨིན་པའི་སྟོན་གྱི་ཚེ། །གྲུབ་བརྙེས་འབྲས་བུར་སྤྱོད་དེ་དོན་གྱིས་སྟོངས། །
མང་ཐོས་བཅུད་དང་མི་ལྡན་བུམ་པ་ལ། །བསྟོད་བསྔགས་པཉྩ་ལི་ཀའི་7མགུལ་ཆིངས་ཅན། །
མཛེས་ཆོས་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན་པ། །རིང་བོར་ཚར་དུ་བསྒྲིགས་འདིའི་བྱེད་པོ་སུ། །
ཀྱེ་མ་སྔོན་བྱོན་དམ་པའི་རྣམ་ཐར་དང་། །དེང་དུས་སྐྱེ་བོའི་བག་ཡངས་སྤྱོད་ཚུལ་རྣམས། །
མ་འདྲེས་རླུང་གི་རྒྱལ་མཚན་ལྟར་མཐོང་ཚེ། །དགའ་དང་སྐྱོ་བའི་ཀུན་རྟོག་འགྲན་པ་བཞིན། །
སྔོན་གོམས་མི་དགེའི་ས་འཛིན་མཐོན་པོ་ནས། །དུག་གསུམ་བག་ཆགས་ཆུ་བོ་དྲག་དབབ་པ། །
འདིར་སྣང་དགེ་ལ་གཞོལ་བ་ཕྲ་མོའི་བློའི། །རགས་ཀྱིས་གྱེན་དུ་ལྡོག་ནུས་ག་ལ་ཡིན། །
དེ་ལྟ་ན་ཡང་ལྔ་བརྒྱའི་ནགས་ཀླུང་ཁྲོད། །སྐྱེས་མོད་གཞན་ལ་འཚེ་བ་ལྷུར་ལེན་པའི། །
མ་རུངས་ཡལ་ག་འཁྱོག་པོ་མི་ལྡན་པ། །ཁོ་བོའི་རང་བཞིན་འཁྲི་ཤིང་གཞོན་ནུ་འདྲ། །
དགེ་སྡུག་ལས་ཀྱིས་ཐགས་སུ་ཉེར་བཏགས་པའི། །ཚེ་འདིའི་ཟ་འོག་བདེ་སྡུག་རི་མོ་ཅན། །
མཐའ་དག་ཡི་གེར་འབྲི་ན་ཚངས་པ་ཡང་། །ངལ་བའི་དཀའ་ཐུབ་བསྟེན་ལས་གཞན་དུ་ཅི། །
འོན་ཀྱང་རྣམ་དཀར་ལས་ཀྱི་འབྲུག་སྒྲ་ཡིས། །རབ་བསྐུལ་ཐོས་བསམ་སྒོམ་པའི་གཙུག་ཕུད་ཅན། །
སྤྱོད་ཚུལ་ལེགས་པའི་ཆུ་ཀུན་བསགས་པའི་སྒྲོ། །རྣམ་བཀྲ་དཔྱོད་ལྡན་གཟིགས་མོར་འདི་ན་མཚར། །
རང་ལ་ལྐོག་ཏུ་མ་གྱུར་བློ་ཡི་མཚོར། །རང་གི་ངང་ཚུལ་གཟུགས་བརྙན་འཆར་བཞིན་དུ། །
རང་ཉིད་ཟོག་པོར་གཏོང་བའི་རྙོག་མ་ཅན། །རང་འདོད་ཕུགས་འཚངས་རྣམས་དང་འདི་མི་འདྲ། །
མེད་ལ་ཡོད་དང་ཡོད་ལ་མེད་པ་སོགས། །གཡོ་སྒྱུའི་ཚུལ་ལ་དམ་པ་རྣམས་ཀྱང་ཁྲེལ། །
དྲང་བོའི་ཉག་ཕྲན་རྒྱུད་ལས་འཕོས་པ་ཡི། །ཚད་མའི་གཏམ་གྱི་སྲིད་སྒྲུབ8འདི་ན་མཆིས། །
ཨེ་མ་འདི་སྣང་མེ་ལོང་དུ། །སྣ་ཚོགས་སྐྱོན་དང་ཡོན་ཏན་གཟུགས། །
ཅི་དགར་འཆར་བའི་གླེགས་བམ་འདི། །ཀུན་གྱི་གཟིགས་མོར་མཚར་བའི་གནས། །
རིགས་རུས་འཆི་མེད་དགའ་ཚལ་ན། །དལ་བརྒྱད་འབྱོར་བཅུ་ལྡན་པའི་ཤིང་། །
སོ་ཐར་ཁྲིམས་ཀྱི་རྩ་བ་བརྟན། །གཞན་ཕན་ལྷག་བསམ་ཡལ་ག་ཅན། །
གནས་ལྔ་རིག་པའི་ལོ་འདབ་རྒྱས། །ཐོས་བསམ་སྒོམ་པའི་མེ་ཏོག་བཀྲ། །
ཚུལ་བཞིན་བསྒོམས་པའི་འབྲས་བུ་སྨིན། །དོན་ཀུན་གྲུབ་པའི་དཔག་བསམ་དབང་། །
དེ་ཕྱིར་ཁོ་བོའི་རྟོགས་བརྗོད་ལ། །ལྟ་བར་དྲང་སྲོང་ཕུར་བུ་དང་། །
གཞོན་ནུ་མདོངས་མཐའ་ལ་ཞོན་ཏེ། །ལྷ་ལམ་ངོས་སུ་ཡང་ཡང་རྒྱུ། །
གསེར་མངལ་9ཐིག་ལེ་མཆོག་མ་10ལ། །གཟིགས་པའི་ཟོལ་གྱིས་ཞལ་བཞི་སྤྲུལ། །
དྲང་སྲོང་དམོད་པར་སྒྲོ་བཏགས་ཏེ། །བརྒྱ་བྱིན་འདྲེན་བྱེད་སྟོང་ཕྲག་བགྲད། །
ཕུན་ཚོགས་བཀྲ་ཤིས་སྣང་བའི་འོད། །སྟེར་བྱེད་ཉི་མ་ཟླ་བ་ཟུང་། །
རླུང་གི་ཤིང་རྟས་ཉེར་དྲངས་ནས། །གཟིགས་མོར་ཕྱོགས་འདིར་ཡང་ཡང་འཁོར། །
དེས་ན་དོན་གྱི་ཤ་ཚུགས་ཀུན། །ངོ་མཚར་གཏམ་གྱི་དུ་ཀུ་ལས11། །
མ་བསྒྲིབས་བློ་གསལ་མིག་དབང་གིས། །གསལ་བར་མཐོང་ངོ་ཤེས་ལྡན་ཀྱེ། །
མཆན་འགྲེལ།

  1. སྙན་རྩོམ་འདི་ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་རང་རྣམ《ཟ་ཧོར་གྱི་བན་དེ་ངག་དབང་བློ་བཟང་རྒྱ་མཚོའི་འདི་སྣང་འཁྲུལ་བའི་རོལ་རྩེད་རྟོགས་བརྗོད་ཀྱི་ཚུལ་དུ་བཀོད་པ་དུ་ཀཱུ་ལའི་གོས་བཟང》ཞེས་པ་ལས་དྲངས་པ་དང་། ཁ་བྱང་སྒྲིག་པ་པོས་བསྣན་པ་ཡིན།
  2. བསྟིང་ཚིག ཚིག་རྩུབ་མོའམ་འཕྱ་སྨོད་ཀྱི་ཚིག
  3. ཨེ་ར་ཎྜ། ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་དན་རོག་ཟེར། དེ་ནི་ཤིང་སྨན་གྱི་རིགས་དན་ད་དཀར་ནག་ཁྲ་གསུམ་གྱི་ནང་ཚན་ནག་པོ་སྟེ། རོ་ཚ་ཞིང་ཁ་ལ་མངར་བ། ཞུ་རྗེས་དྲོད། ནུས་པས་མ་ཞུ་བ་སོགས་ལྡན་འདུས་ཀྱི་ནད་རྣམས་ཐུར་དུ་བཤལ་བར་བྱེད།
  4. འབོད་སྒྲོག སྲིན་པོའི་མངོན་བརྗོད།
  5. ར་གན། ལྕགས་རིགས་སེར་པོ་ཞིག
  6. གཙུག་ན་ཟླ་བ། ལྷ་དབང་ཕྱུག་ཆེན་པོའི་མངོན་བརྗོད།
  7. པལྕ་ལི་ཀ ལྔ་ལེན་ཞེས་པའི་ཡུལ་ལམ་རས་ཤིག་གི་མིང་སྟེ། འདིར་ཁ་དོག་ལྔ་ལྡན་གྱི་རས་ལ་གོ་དགོས།
  8. སྲིད་སྒྲུབ། བརྒྱ་བྱིན་གྱི་བུའི་མིང་།
  9. གསེར་མངལ། ཚངས་པའི་མངོན་བརྗོད།
  10. ཐིག་ལེ་མཆོག་མ། ལྷའི་བུ་མོའི་མངོན་བརྗོད།
  11. དུ་ཀཱུ་ལ། རྩྭ་དུ་ཀཱུ་ལས་བྱས་པའི་གོས་ཆེན་གྱི་མིང་།

འབྲུག་མོས་ཞུ་དག་བྱས། ཡོང་ཁུངས། བོད་ཡིག་དྲ་བ།

སྔོན་མ།
རྒྱལ་བུ་དགེ་དོན་གྱི་ལེའུ།
ཕྱི་མ།
མི་རིགས་སློབ་གསོ་སྤེལ་བར་རང་རིགས་ཀྱི་སྐད་ཡིག་བེད་སྤྱོད་དགོས།
Menu