ཟླ་རེའི་གསར་འགྱུར།

ནང་ཆོས་དང་འབྲེལ་བའི་རིག་གཞུང་གིས་འཛམ་གླིང་འདིའི་སྟེང་བློ་གྲོས་གསར་པ་སྦྱིན་ཐུབ།

དཔྱད་བརྗོད།

ང་ཚོས་ནང་ཆོས་སློབ་སྦྱོང་སྤྲོད་པ་དེ་ཆོས་སློབ་ཀྱི་ཡོད་ཅེས་པའི་སྐད་ཆ་མིན་པར་ཤེས་ཡོན་སློབ་ཀྱི་ཡོད། སངས་རྒྱས་པའི་ཆོས་ཞེས་བརྗོད་དུས་ལམ་སང་འདོན་པ་འདོན་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ཞིག་མིན། གཙོ་བོ་གཞིའི་རྣམ་གཞག དེ་དང་འབྲེལ་བའི་ལྟ་གྲུབ་མང་པོ་ཞིག་བཤད་ཀྱི་ཡོད། ངེས་པར་དུ་ནང་པ་ཡིན་མི་དགོས། ཆོས་མེད་མཁན་གྱི་མི་ཞིག་ཡིན་ཡང་སངས་རྒྱས་པའི་ཆོས་ཀྱི་ནང་གསུངས་པའི་གཞི་ཡི་རྣམ་གཞག་དེ་ཚན་རིག་རང་ཆགས་ཀྱི་ཡོད། གཞི་ཡི་རྣམ་གཞག་ཤོད་སྐབས་ད་ལྟ་ད་ལྟའི་མིའི་བློའི་འགྲོ་སྟངས་ག་རེ་ག་རེ་ཡིན་པ། བློ་བྱེ་བྲག་པ་ཞིག་སྐྱེ་སྟངས།  སེམས་སྐྱིད་མ་སྐྱིད་བཟོ་མཁན་གྱི་བློ་དེ་དག་གི་ངོ་བོའི་ཁྱད་པར། རྒྱུ་ཡི་ཁྱད་པར། བྱེད་ལས་ཀྱི་ཁྱད་པར། དེ་ལ་གདོང་བསྟན་གཉན་པོ་བསྟེན་སྟངས་གང་འདྲ་ཡིན་པ་བཤད་ཀྱི་ཡོད། དེ་སྤྱིར་བཏང་གི་ཤེས་ཡོན་ཞིག་ལས་ཆོས་དང་འབྲེལ་བ་མེད། ནང་པའི་ཆོས་དང་ཚན་རིག་གི་འབྲེལ་བ་ཞེས་བརྗོད་ན་གོ་བ་ཏག་ཏག་ཅིག་སླེབས་ཀྱི་མི་འདུག ཇི་ལྟར་བརྗོད་དགོས་ཞེ་ན། སངས་རྒྱས་པའི་ཚན་རིག སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ། སངས་རྒྱས་པའི་ཆོས་ཉམས་ལེན་བྱ་རྒྱུ་ཞེས་དུམ་བུ་གསུམ་དུ་ཕྱེ་སྟེ་བརྗོད་ན་ལེགས། སངས་རྒྱས་པའི་ཆོས་ཉམས་ལེན་བྱ་རྒྱུ་དེ་སངས་རྒྱས་པའི་ཆོས་པ་ཞིག་གི་དོན་དག་རེད་མ་གཏོགས། སངས་རྒྱས་ཀྱི་ཆོས་པ་མིན་མཁན་ཞིག་གིས་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་ཐོག་ལ་སློབ་པ་དང་ལག་ལེན་བྱེད་མི་དགོས། སངས་རྒྱས་པའི་ལྟ་གྲུབ་དང་ལྷག་པར་སངས་རྒྱས་པའི་ཚན་རིག་ཟེར་བ་དེ་མི་ཚང་མར་ཕན་ཐོགས་ཡོད་པ་ཞིག་རེད། ཆོས་མེད་མཁན་ཞིག་དང། ཆོས་ལ་ངོ་རྒོལ་བྱེད་མཁན་གང་ཡིན་ཡང་དེ་ཕན་ཐོགས་ཡོད་པ་ཞིག་རེད། ཆོས་ལ་ངོ་རྒོལ་བྱེད་པ་དེ་ཁོ་རང་གི་ལྟ་བ་ཞིག་རེད། ཡིན་ཡང་ཆོས་ལ་ངོ་རྒོལ་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་རྒྱ་མི་གུང་ཁྲན་གྱི་ཆོས་ལ་ངོ་རྒོལ་བྱེད་སྟངས་དེ་གླེན་རྟགས་ཚ་པོ་ཞིག་འདུག སངས་རྒྱས་ཀྱི་ལྟ་གྲུབ་ཤེས་པའི་ཐོག་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་ཡིན་ན་དེ་ལས་ནུས་པ་ཆེ་ཙམ་ཐོན་ཐུབ། དེར་བརྟེན། ངོས་ཀྱིས་འདི་འདྲ་ཤོད་ཀྱི་ཡོད། ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ན། སངས་རྒྱས་པའི་ལྟ་གྲུབ་ཤེས་པ་ཡིན་ན། ཆོས་ལ་ངོ་རྒོལ་བྱ་རྒྱུར་ནུས་པ་ཆེན་པོ་ཐོན་པ་ལས། ལྐུགས་རྟགས་བསྟན་ཏེ་ཆོས་ལ་ངོ་རྒོལ་དེ་འདྲ་མི་ཡོང། གང་ལྟར་ཤེས་ཡོན་རང་གི་འདུ་ཤེས་བྱས་ནས་སློབ་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་བཞིན་སངས་རྒྱས་པའི་ཆོས་དང་འབྲེལ་བའི་མིའི་རིག་གཞུང་ཟེར་ན་མི་འདུག མིའི་བསམ་བློའི་གཏོང་ཕྱོགས་དེ་ངོས་ཀྱིས་ནམ་རྒྱུན་ནང་པའི་རིག་གཞུང་ཟེར་གྱི་ཡོད། ནང་པའི་ཆོས་ཞེས་བཤད་སྐབས་མི་སྒེར་པ་སོ་སོས་དད་པ་བྱ་རྒྱུ་ཞིག་དང། ནང་པའི་རིག་གཞུང་ནི་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེ་འདྲ་ཡིན་སྟབས་ནང་པའི་ཆོས་དང་འབྲེལ་བའི་རིག་གཞུང་གོམས་གཤིས་ཞེས་བརྗོད་ན། དཔེར་ན། ངོས་ཀྱིས་ནམ་རྒྱུན་རྟག་པར་དཔེ་འདི་འཇོག་གི་ཡོད། བོད་ནང་ཁ་ཆེའི་ཆོས་བྱེད་མཁན། ཁ་ཆེའི་ཆོས་པ་གང་ལྟར་ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་ཕལ་ཆེར་སྟོང་ཕྲག་ཟིན་མ་ཟིན་ཞིག་ཡོད་པ་དེའི་ཆོས་རྒྱུད་ཁ་ཆེའི་ཆོས་རྒྱུད་དང། ཨ་ལ་ལ་སྐྱབས་སུ་མཆི་བཞིན་ཡོད། འོན་ཀྱང་སོ་སོའི་གོམས་གཤིས་དེ་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་དེ་དག་དང་འབྲེལ་བ་ཡོང་གི་འདུག ཤྲི་ན་གྷར་དང༌། ལ་དྭགས་ཁ་ཆེ་ཚོ་བོད་ནས་ཡོང་མཁན་གྱི་གྲས་དེ་དག་གི་ཁྱིམ་ཚང་ནང་མིའི་གོམས་གཤིས་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་འབྲེལ་བ་ཞེ་དྲག་འདུག དེ་འདྲ་ཡིན་སྟབས་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་བརྗོད་དུས་བོད་པ་གཅིག་པུའི་དོན་དག་རེད་མི་འདུག ཕལ་ཆེར་ཧམ་པ་ཆེ་ཙམ་བཤད་པ་ཡིན་ན། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེ་ལ་བོད་ཀྱི་རིག་གཞུང་གི་ཐོག་ནས་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱེད་ཐུབ་པ་ཞིག་དང༌། བློ་གྲོས་གསར་པ་སྦྱིན་ཐུབ་རྒྱུ་ཕལ་ཆེར་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག ངོས་ཀྱིས་ནམ་རྒྱུན་བོད་ཀྱི་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་ཞེས་པ་གང་འདྲ་ཞིག་རེད་ཅེ་ན། ཞི་བདེའི་རིག་གཞུང། འཚེ་བ་མེད་པའི་རིག་གཞུང། སྙིང་རྗེའི་རིག་གཞུང་ཞེས་དེ་འདྲ་ཤོད་ཀྱི་ཡོད། ཕལ་ཆེར་རེད། དེ་འདྲ་ཡིན་སྟབས་དེ་མི་སྤྱི་ལ་ཕན་ཐོགས་ཡོད་པ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ང་ཚོའི་དམིགས་བསལ་ཆོས་དང་མ་འབྲེལ་བའི་འཇིག་རྟེན་མི་ཆོས་ཀྱི་ཆ་ནས་བརྗོད་དུས་ནང་པའི་རིག་གཞུང་དེ་འབྲེལ་བ་ཞེ་དྲག་ཡོད་པ་ཞིག་རེད། སྐྱེ་བ་སྔ་ཕྱི་དང། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཤོད་མི་དགོས། གསོན་པའི་མི་ཚེ་འདིའི་རིང་ལ་སེམས་ཞི་ཞིང་དུལ་བ་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོའི་ལས་འགན་ཆེ་ས་ནས་བསམ་བློ་བཏང་ན་གཉིས་རེད། བོད་མི་རིགས་ཀྱི་བདེན་དོན་རྩོད་རྒྱུའི་ལས་འགན་ང་ཚོར་ཐད་ཀར་བབས་པ་འདི་གཅིག་རེད། རིམ་པ་གཅིག་དེ་ང་ཚོ་འཛམ་གླིང་འདིའི་སྟེང་གི་མི་ཞིག་ཆགས་ཡོད། བོད་ཀྱི་རིག་གཞུང་དེ་འཛམ་གླིང་གི་རིག་གཞུང་ཞིག་ཆགས་ཡོད། ང་ཚོའི་རིག་གཞུང་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་སྟབས། ང་ཚོས་རིག་གཞུང་ཁྱབ་སྤེལ་དང། ཕར་དངུལ་སྤྲད་ནས་ཐབས་ཤེས་ཀྱིས་སྤེལ་དགོས་ཀྱི་མེད། རང་བཞིན་སོ་སོར་ཆོས་དང་རིག་གཞུང་དང། གོམས་གཤིས་ཟབ་པོ་ཞིག་ཡོད་པ་དེ་དག་རིམ་པས་འཛམ་གླིང་འདིའི་སྟེང་མངོན་ཐུབ་པ་ཡིན་ན། དཔེར་ན། དེ་རིང་ཁ་སང་ཚན་རིག་པའི་ནང་ནས་མང་པོ་ཞིག་གིས་དངོས་གནས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ནང་ནས་སེམས་ཀྱི་རྣམ་གཞག་དང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་སྐོར་ལམ་སྟོན་དང་ཐབས་ལམ་ཡོད་པ་དེ་དག་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོས་ཤོག་ཅེས་བརྗོད་པ་དེ་འདྲ་མ་རེད་ཚུར་ཡོང་བ་ཞིག་ཡིན། དེ་འདྲ་ཡིན་སྟབས་རང་ལ་རིན་ཐང་ཡོད་ན། གོང་ཐང་མིས་བརྒྱབ་ཅེས་པ་ལྟར་རེད། ང་ཚོར་ཏན་ཏན་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་ཡིན། དེར་བརྟེན། འཛམ་གླིང་འདིའི་སྟེང་ང་ཚོ་བོད་མི་རིགས་ཀྱི་ཆ་ནས། བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་པ་དེ་དང་བོད་ཡིག་དེ་དངོས་གནས་སྤོབས་པ་སྐྱེ་རྒྱུའི་གཞི་ཞིག་ཆགས་འདུག ༸གོང་ས་མཆོག་གིས་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྟེང་སྩལ་བའི་བཀའ་སློབ་ལས་སྡུད་སྒྲིག་ཞུས། བཀའ་སློབ་རྒྱས་པ།

སྔོན་མ།
མོ་སྟོན་ཕག་མགོ།
ཕྱི་མ།
ཚན་རིག་དང་ཨང་རྩིས་སློབ་ཚན་རྩེར་སོན་རྣམས་ལ་བྱ་དགའ་གནང་བ།
Menu