ཟླ་རེའི་གསར་འགྱུར།

དཔེ་མཛོད་དོ་དམ་པའི་ཚོགས་འདུ་ལེགས་པར་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༧ དང་ ༡༨ ཉིན་གཉིས་རིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་རྒྱ་གར་བྱང་ཕྱོགས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་རྣམས་ལ་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པ་དང་། ཚོགས་འདུ་དེར་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་ཁག་ ༤ དང་། དྷ་ས་བོད་ཁྱིམ་ཁྱབ་ཁོངས་ནས་ ༨ ། སཾ་བྷོ་ཊ་ཁྱབ་ཁོངས་ནས་ ༡༠ ། སིམ་ལ་གཏན་སློབ་བཅས་ནས་ཁྱོན་དཔེ་མཛོད་དོ་དམ་པ་ ༢༢ ནས་མཉམ་ཞུགས་དང་། ཁྱད་སྟོན་མི་སྣ་གྷོ་ཝ་བྷུག་ཝོམ་ནས་སུ་ཇཱ་ཏཱ་ནོ་རོ་ནཱ་ Sujata Norhona, Bookworm Goa ལགས་གདན་ཞུ་གནང་ཡོད།

This image has an empty alt attribute; its file name is lib02.jpgཚོགས་འདུའི་དབུ་འབྱེད་དུ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་དང་། སྲོལ་རྒྱུན་དང་དེང་རབས་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཁྱད་སྟོན་པ། བྱིས་པའི་ཀློག་རྩལ་འབྲེལ་མཐུད་པ་བསོད་ནམས་གངས་བཟང་ལགས་བཅས་ཕེབས་ཡོད། ཐོག་མར་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཁྱད་སྟོན་མི་སྣ་དང་ཚོགས་བཅར་བ་རྣམས་ལ་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག་དཔེ་མཛོད་དོ་དམ་པ་རྣམས་ལ། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་མི་ཚེ་ཧྲིལ་པོ་སློབ་སྦྱོང་ལ་གཞོལ་དགོས་པ་དང་། རང་ཉིད་ཀྱི་ལས་འགན་གྱི་ངོ་བོ་གང་ཡིན་པ་ངོས་འཛིན་གྱིས་དུས་ཀྱི་དགོས་མཁོ་དང་བསྟུན་ནས་ཆེད་ལས་ཡར་རྒྱས་གཏོང་དགོས་པ་གལ་ཆེན་ཡིན་སྐོར་གསུངས།

This image has an empty alt attribute; its file name is lib03.jpg

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་ཀརྨ་སེང་གེ་ལགས་ཀྱིས་དཔེ་མཛོད་དོ་དམ་པ་རྣམས་ལ་གསུང་བཤད་གནང་དོན། ཤེས་རིག་ལས་ཁུངས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པ་དང་། སློབ་ཕྲུག་གི་ཀློག་རྩལ་ཡར་རྒྱས་གཏོང་རྒྱུ་དེ་ཤེས་ཡོན་ཡར་རྒྱས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། དེའང་བྱིས་པའི་དུས་སྐབས་ནས་ཡར་རྒྱས་གཏོང་དགོས་སྟབས། སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་རྣམས་ལ་སློབ་གྲྭའི་ནང་དཔེ་ཀློག་གི་ཁོར་ཡུག་བསྐྲུན་རྒྱུ་དང་། སློབ་ཕྲུག་གི་ཀློག་རྩལ་ཡར་རྒྱས་གཏོང་རྒྱུ། སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་དེབ་ཀྱི་འབོར་དང་སྤུས་ཚད་སོགས་ཡར་རྒྱས་གཏོང་རྒྱུའི་འགན་དབང་ཡོད། གཞན་ཡང་བོད་པའི་སྤྱི་ཚོགས་ནང་དཔེ་ཀློག་གི་ཁོར་ཡུག་ཞན་པོ་ཡོད་པའི་སྐྱོན་གནད་ཡོད་པས། ཕ་མ་རྣམས་ནས་རང་ཉིད་ཀྱི་ཕྲུ་གུའི་སྐྱེས་སྐར་སོགས་ལ་དཔེ་དེབ་ལག་རྟགས་གནང་དགོས་པ། བྱིས་པའི་གནས་སྐབས་ནས་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་འཇགས་ཚེ་མ་འོངས་པར་ཡར་རྒྱས་འགྲོ་ངེས་ཡིན་པ་སོགས་གསུངས།

སྔོན་མ།
ཨང་རྩིས་སྦྱོང་དེབ་ཁག་གཉིས་ཀྱི་བསྐྱར་ཞིབ།
ཕྱི་མ།
ལྷོ་ཕྱོགས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། སློབ་གྲྭ། དགོན་སྡེ་བཅས་སུ་ཐ་སྙད་གོ་རྟོགས་རྒྱ་ཆེ་སྤེལ་བ།
Menu