ཟླ་རེའི་གསར་འགྱུར།

དགེ་རྒན་ཆེད་ལས་ཡར་རྒྱས་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་ཚོགས།

གསར་འཕྲིན།

༄༅། །བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་ཉིན་གྲངས་གཉིས་རིང་གི་དགེ་རྒན་ཆེད་ལས་ཡར་རྒྱས་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་གཙོས་ཤེས་རིག་ལས་ཁུངས་ཀྱི་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཟབ་ཁྲིད་གནང་མཁན་རྒྱ་གར་བ་ལཱ་ཏ་ཝས་ཝ་ནི་ Lata Vasvani ལགས། ཧེ་རུ་བྷོ་ཇི་ཝ་ནི་ Heeru Bhojwani ལགས། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ ༡༢ ནས་ཕེབས་པའི་གཞི་རིམ་བར་མའི་དགེ་རྒན་གྲངས་ ༢༣ བཅས་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཐོག་མར་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་གི་གལ་གནད་རང་བཞིན་སྐོར་ངོ་སྤྲོད་གསུང་བཤད་མདོར་བསྡུས་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ཐོག་མར་ཟབ་ཁྲིད་པ་ལཱ་ཏ་ཝ་སི་ཝ་ནི་ལགས་དང་ཧེ་རུ་བྷོ་ཇི་ཝ་ནི་ལགས་རྣམ་གཉིས་ཀྱིས་གཙོས་དགེ་རྒན་རྣམ་པ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཨིན་ཇི་དགེ་རྒན་ཡིན་ན་རེད། ཚན་རིག་དགེ་རྒན་ཡིན་ན་རེད། གང་ལྟར་དགེ་རྒན་རྣམ་པ་ཚོས་རང་ཉིད་ཀྱི་ཤེས་བྱ་གང་ཤེས་པ་རྣམས་རིན་ཐང་ཅན་དུ་བརྩིས་ཏེ་དགེ་རྒན་ནང་ཁུལ་ལ་གོ་རྟོགས་སྤེལ་རེས་གནང་རྒྱུ་གལ་ཆེན་པོ་རེད།
ང་ཚོ་གཅིག་ལ་གཅིག་བརྟེན་གྱི་སྲོག་ཆགས་ Social Animal རེད། དེར་བརྟེན་འཛིན་གྲྭའི་ནང་སློབ་ཁྲིད་གནང་བའི་སྐབས། སློབ་ཕྲུག་རེ་རེ་ལ་སློབ་ཁྲིད་གནང་བ་ལས། སློབ་ཕྲུག་ཚོ་རུ་ཁག་རེ་བཟོས་ནས་སློབ་ཁྲིད་གནང་བ་ཡིན་ན་དགེ་མཚན་ཆེ་བ་ཡོད། དགེ་རྒན་ཞིག་ཡིན་པའི་ཆ་ནས་རྣམ་པ་ཚོས་སེམས་པ་བཟང་པོ་དང་བྱམས་སྙིང་རྗེ་སོགས་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་རྣམས་སློབ་གྲྭའི་ནང་སློབ་ཕྲུག་ཚོར་སློབ་ཁྲིད་གནང་དགོས། དེང་སང་འཕྲུལ་ལས་རིག་པ་ Technology དར་སྲོལ་ཆེ་བའི་སྐབས་འདིར།
དགེ་རྒན་རྣམ་པས་འཕྲུལ་ལས་རིག་པའི་ཁེ་ཕན་བརྒྱུད་འཛིན་གྲྭའི་ནང་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་རེད། ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་སྐབས་སུ་དགེ་རྒན་རྣམ་པ་ཚོས་གང་སྦྱངས་པ་དེ་དག་སློབ་གྲྭར་ཕེབས་ནས་དགེ་རྒན་ནང་ཁུལ་ལ་གོ་རྟོགས་སྤེལ་རེས་གནང་རྒྱུའི་འགན་དགེ་རྒན་རྣམ་པ་ཚོར་ཡོད།
མཐའ་དོན་དགེ་རྒན་རྣམ་པའི་ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་ལམ་ལྷོངས་ཡོང་བ་དང་། ཟབ་སྦྱོང་འདི་བརྒྱུད་ནས་དགེ་རྒན་རྣམ་པ་ཚོར་བློ་སྐྱེད་ཆེན་པོ་འབྱུང་བའི་སྨོན་འདུན་ཞུ། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་ཟབ་ཁྲིད་པ་ལཱ་ཏ་ཝ་སི་ཝ་ནི་ལགས་དང་ཧེ་རུ་བྷོ་ཇི་ཝ་ནི་ལགས་རྣམ་གཉིས་ནས་དགེ་རྒན་རྣམ་པས་མཉམ་རུབ་ཐོག་སློབ་གྲྭའི་ནང་སློབ་སྦྱོང་སྦྱོང་སའི་ཁོར་ཡུག་སྐྲུན་དགོས་པའི་སྐོར་གསུང་བཤད་མདོར་བསྡུས་གནང་།
མཐར་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་སྦྲགས་མཛད་སྒོ་གྲོལ་ཡོད་པ་བཅས། །

སྔོན་མ།
བཀའ་བློན་མཆོག་ཁེ་ན་ཌའི་ནང་འཚམས་གཟིགས་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༡༨ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
Menu