ཟླ་རེའི་གསར་འགྱུར།

༄༅།། སློབ་གསོ་ལས་སྤྱི་སྐད་ཀྱི་དགོས་མཁོ་རང་བཞིན་སྐོར་གླེང༌།

དཔྱད་བརྗོད།

 ཡོང་ཁུངས། 《བླ་སྲོག 》 རྩོམ་པ་པོ།  དཀོན་ལོ།

ནང་དོན་གནད་བསྡུས།
    བོད་ཀྱི་སྐད་ཡིག་གི་གནས་བབ་དང༌། སློབ་གསོའི་གནས་བབ། སློབ་གསོ་ལས་སྤྱི་སྐད་ཀྱི་དགོས་མཁོ་རང་བཞིན་བཅས་ཕྱོགས་གསུམ་ནས་བརྗོད་པའོ།
བརྡ་ཆད་གཙོ་བོ། སློབ་གསོ། སྤྱི་སྐད། གནས་བབ།
    དེ་ཡང་རང་རེའི་བོད་ཀྱི་ལྗོངས་འདི་རུ་གནའ་སྔ་མོ་ནས་འགྲོ་བ་མིའི་རིགས་འཚོ་ཞིང་གཞེས་ལ་ཤེས་རིག་ཀྱང་ཕུན་སུམ་ཚོགས་པར་དར་ཡང༌། ལོ་རྒྱུས་ཀྱི་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁ་སྐད་ཀྱི་བར་ཁྱད་ཇེ་ཆེར་སོང་བས། སློབ་གསོ་དང་འབྲེལ་འདྲིས་སོགས་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བར་གྱུར་པའི་སྤྱི་ཚོགས་བྱ་འགུལ་བདེ་བླག་ཏུ་སྤེལ་ཐབས་བྲལ་བས། སྤྱི་མཐུན་ཚད་ལྡན་གྱི་སྐད་ཆ་མེད་མི་རུང་བར་མ་ཟད་ཁ་ཚ་དགོས་གཏུགས་ཀྱི་གནས་སུ་གྱུར་པས། སྐབས་འདིར་སློབ་གསོ་གཞིར་བཟུང་ནས་སྤྱི་སྐད་ཀྱི་དགོས་མཁོ་རང་བཞིན་བཅས་ཕྱོགས་གསུམ་ནས་བརྗོད་པར་བྱའོ།།

དང་པོ། སྐད་ཡིག་གི་གནས་བབ།

    སྤྱིར་སྐད་ཡིག་ནི་མིའི་རིགས་ཀྱི་ཆེས་གལ་ཆེ་བའི་འབྲེལ་འདྲིས་ཀྱི་ལག་ཆ་ཡིན་པས། མི་རྣམས་སྐད་ཡིག་ལ་བརྟེན་ནས་བསམ་བློ་དང་བརྩེ་སེམས་བརྗེ་རེས་བྱེད་པ་དང༌། སྤྱི་ཚོགས་ཐོན་སྐྱེད་དང་སྤྱི་ཚོགས་འཚོ་བ་མཐུན་སྦྱོར་ཡོང་བར་བྱེད་པ་ཡིན་ལ། སྐད་ཡིག་ནི་བསམ་གཞིགས་ཀྱི་ལག་ཆ་ཡིན་པས། མི་རྣམས་ཀྱིས་སྐད་ཡིག་ལ་བརྟེན་ནས་བསམ་གཞིགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བ་ཡིན། ཡང་སྐད་ཡིག་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་པས་སྤྱི་ཚོགས་བྱུང་བ་ནས་བྱུང་ལ། སྤྱི་ཚོགས་ཀྱི་འཕེལ་འགྱུར་ལ་བརྟེན་ནས་འཕེལ་ཞིང་འགྱུར་བ་ཡིན། དེ་བས་མི་རྣམས་ཀྱིས་སྐད་ཡིག་ལ་བརྟེན་ནས་འབྲེལ་འདྲིས་སྣ་ཚོགས་བྱེད་པའི་དུས་རིམ་དུ། ཁ་སྐད་དང་ཡིག་སྐད་ཅེས་དབྱེ་བ་ཆེན་པོ་གཉིས་སུ་གྱེས་ལ། ཡི་གེ་མ་བྱུང་བའི་སྔ་རོལ་ཏུ་ངག་ནས་བརྗོད་པའི་སྐད་སྟེ་ཁ་སྐད་ཁོ་ན་ལས་མེད་ཀྱང༌། ཡི་གེ་བྱུང་བ་ནས་བཟུང་གཟུགས་སུ་ཕབས་པའི་སྐད་ཆ་སྟེ་ཡིག་སྐད་བྱུང༌།
    རང་རེའི་བོད་ལ་མཚོན་ནའང་དེ་ལས་མ་འདས་ཏེ། དེབ་ཐེར་སྔོན་པོ་ལས་བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་བྱས་ན་ཡང་ལུང་དང་རིགས་པས་གནོད་པ་མེད། ཅེས་གསུངས་པ་ལྟར་དང༌། གསར་དུ་རྙེད་པའི་རྡོ་ཆས་གསར་རྙིང་དུས་སྐབས་ཀྱི་གཏེར་རྫས་ལས་ཀྱང་མདོ་དབུས་མཐོ་སྒང་ནི་མིའི་རིགས་བྱུང་འཕེལ་གྱི་གནས་ཡུལ་སྔ་ཤོས་ཡིན་པར་ར་སྤྲོད་བྱུང་བ་བཞིན་དུ། རང་རེའི་ལྗོངས་འདི་རུ་མིའི་རིགས་འཚོ་གཞེས་བྱུང་བ་ནས་ཁ་སྐད་ཀྱང་རིམ་བཞིན་བྱུང་ཞིང་འཕེལ་བས་ཡུན་རིང་བོའི་ལོ་རྒྱུས་ལྡན་ལ། ཡིག་སྐད་ནི་བོད་རྗེ་སྲོང་བཙན་སྒམ་པོའི་དུས་སུ་ཡི་གེ་གསར་དུ་བཟོས་པ་ནས་འགོ་བརྩམས་པ་ཡིན་ཏེ། ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ལས་འགོར་མེད། ཡི་གེ་བཟོས་པའི་རྗེས་སུ་བཀས་བཅད་ལན་གསུམ་བྱས་པ་སོགས་ལ་གཞིགས་ན་དུས་སྐབས་དེ་དག་ཏུ་ཁ་སྐད་དང་ཡིག་སྐད་གཅིག་གྱུར་ཏུ་གནས་པ་རྟོགས་ཐུབ་ཀྱང༌། ཁ་སྐད་ལས་ཡུལ་སྐད་ཀྱི་གནས་བབ་ཇི་འདྲ་ཡིན་པ་གསལ་བཤད་བྱེད་དཀའ། ད་ལྟ་ནི་ལོ་རྒྱུས་ཀྱི་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁ་སྐད་དང་ཡིག་སྐད་ཀྱི་བར་ཁྱད་ཇེ་ཆེར་སོང་བར་མ་ཟད། ཁ་སྐད་ལས་ཡུལ་སྐད་ཆེན་པོ་གསུམ་དང་གྲོང་ལུང་གི་སྐད་ཤིན་ཏུ་མང་བོར་གྱེས་པས་ཡུལ་གྱིས་བསྐལ་བ་དབུས་ཀྱི་ལྷ་ས་དང་ཨ་མདོའི་བླ་བྲང་ལྟ་བུའི་ཁ་སྐད་ལ་བརྟེན་ན་ཕན་ཚུན་གོ་བརྡ་འཕྲོད་དཀའ་ལ། གནས་ཡུལ་གྱི་ཆ་ནས་ཤིན་ཏུ་ཉེ་ཞིང་རང་སྐྱོང་ཁུལ་གཅིག་ཏུ་གཏོགས་པའི་ཐེ་བོའི་ཁ་སྐད་དང༌། ཅོ་ནེའི་ཁ་སྐད།འབྲུག་ཆུའི་ཁ་སྐད། བླ་བྲང་ཁ་སྐད་བཅས་ཀྱིས་ཕན་ཚུན་གོ་བརྡ་འཕྲོད་དཀའ་བའི་གནས་སུ་གྱུར་ཡོད། དེ་བས་སློབ་གསོ་སློབ་ཁྲིད་དང་བསམ་བློ་བརྗེ་རེས་སོགས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཡོད་དོ་ཅོག་གི་ཐད་དུ་དཀའ་ཁག་རབས་དང་རིམ་པར་འཕྲད་བཞིན་འདུག

གཉིས་པ། སློབ་གསོའི་གནས་བབ།

   སློབ་གསོ་ཡང་མིའི་རིགས་ཀྱི་བྱུང་འཕེལ་ལ་བརྟེན་ནས་བྱུང་ཞིང་འཕེལ་བ་ཡིན་ཏེ། རང་རེའི་ལྗོངས་འདི་རུ་ཡི་གེ་མ་བྱུང་བའི་སྔ་རོལ་ནས་སློབ་གསོ་གཉེར་བཞིན་ཡོད་པ་གོར་མ་ཆག་ལ། ཡི་གེ་གསར་གཏོད་བྱས་པ་དེས་ཀྱང་གསལ་བཤད་བྱེད་ཐུབ། གཞན་ཡང༌། བཙན་པོའི་རྒྱལ་རབས་དུས་སུ་རྒྱ་དཀར་ནག་གཉིས་སུ་རིག་གནས་སློབ་པར་བོད་མི་མང་བོ་བཏང་བ་ཡིག་ཚང་མང་བོར་གསལ་བས་སྔར་ལས་ལྷག་པར་སློབ་གསོ་ལ་མཐོང་ཆེན་བྱས་པ་མཚོན་ལ། རྒྱལ་གཉེར་ཆེད་སྦྱོང་སློབ་གྲྭའང་བཙུགས་པ་ཡིན་ཏེ། རང་རེའི་ལྗོངས་སུ་སྒྲིག་འཛུགས་ཡོད་པའི་སློབ་གྲྭའི་སློབ་གསོའི་ལམ་ལུགས་ནི། ཐོག་མར་དུས་རབས་བརྒྱད་པའི་དུས་དཀྱིལ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་དགོན་པ་བཞེངས་རྗེས་བོད་མིས་ཆོས་ཁྲིམས་སྲུང་ཐུབ་མི་ཐུབ་བརྟག་པའི་ཆེད་དུ་སད་མི་བདུན་རབ་ཏུ་བྱུང་ནས་བསམ་ཡས་སུ་སྒྲ་བསྒྱུར་རྒྱ་གར་གླིང་དུ་ཡིག་སྒྱུར་ཁང་བཙུགས་པ་ནི་བོད་དུ་ཡིག་སྒྱུར་གྱི་ཆེད་ལས་བཙུགས་པའི་ཐོག་མ་ཡིན་པ་དང༌། སློབ་དཔོན་བཅུ་གསུམ་དང༌། སློབ་མ་ཉི་ཤུ་རྩ་ལྔ་ལས་སྒྲིག་འཛུགས་བྱས་པའི་ཆོས་ཀྱི་གྲྭ་དངོས་སུ་བཙུགས་པ་ནི་སྲིད་གཞུང་གིས་གཉེར་བའི་ཆེད་ལས་སློབ་གྲྭའི་ཐོག་མ་ཡིན། ཞེས་དུང་དཀར་རིན་པོ་ཆེས་གསུངས་པ་ལྟར་ལགས་པས། སློབ་གྲྭའི་སློབ་གསོ་བསྒྲུབས་པའི་འགོ་ཚུགས་ཀྱང༌། བོད་སིལ་བུར་འཐོར་བ་ནས་སྤྱི་ཚོགས་ཉམས་རྒུད་དུ་སོང་བ་ལ་བསྟུན་ནས་སློབ་གསོའི་ལས་ཀྱང་ཉམས་ཤིང་རྒུད་པར་གྱུར། དེའི་རྗེས་སུ་ས་གནས་བཅད་བཟུང་གི་སྤྱི་ཚོགས་རྒྱུན་ཆགས་སུ་སོང་བ་ལ་བརྟེན་ནས་ཆོས་ཀྱི་གྲྭ་སྟེ་དགོན་སྡེ་རིམ་གྱིས་ཇེ་མང་དུ་འཕེལ་ནས་བོད་བྱིངས་ཀྱི་སློབ་གསོའི་ལས་དོན་གྱི་འོས་འགན་ཁུར་བ་ཡིན། དེ་ཡི་བསླབ་བྱའི་ནང་དོན་དང་སློབ་གསོ་བྱེད་ཐབས་སོགས་ཐུན་མོང་མ་ཡིན་པའི་རྐྱེན་གྱིས་འབངས་ཡོངས་ལ་སློབ་གསོ་མྱོང་བའི་གོ་སྐབས་ཐོབ་མ་ཐུབ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་ཏང་གི་ཡང་དག་པའི་སྲིད་ཇུས་ལག་བསྟར་བྱས་པ་ནས་གྲོང་ཚོ་དང་གྲོང་སྡེ་སོ་སོར་རྒྱལ་གཉེར་སློབ་གྲྭ་བཙུགས་པ་བོད་ཀྱི་སློབ་གསོ་ལ་སྔ་ན་མེད་པའི་གོ་སྐབས་དང་གྲུབ་འབྲས་མངོན་གྱུར་བྱུང་སྟེ། མི་རིགས་ཁུལ་དུ་རྒྱ་ཡིག་དང་མི་རིགས་རང་གི་ཡི་གེ་བཅས་ཡིག་རིགས་གཉིས་ཀྱི་སློབ་གསོ་ལག་ལེན་བྱས་པས་གྲངས་ཉུང་མི་རིགས་ཀྱི་ཡི་གེ་བསླབ་པ་དང་བཀོལ་སྤྱོད་ཀྱི་དུས་ལ་སླེབས་ཀྱང༌། རང་རིགས་ཀྱི་གཟུགས་སུ་ཕབ་པའི་ཡི་གེ་ལ་ཕྲད་རྣམ་དབྱེ་སོགས་བརྡ་སྤྲོད་གཞུང་ལུགས་ཀྱིས་བཅིངས་པ་དམ་པས་ཕལ་ཆེར་གཅིག་གྱུར་དུ་གནས་ལ། ཁ་སྐད་ལ་གཅིག་གྱུར་གྱི་ཐུན་མོང་གི་སྤྱི་སྐད་ཅིག་མེད་དེ་ཐ་ན་ཀ་ཁ་ག་ང་བཞི་ཡི་ཀློག་ཚུལ་ཡང་མི་མཐུན་པས་སློབ་ཆུང་སློབ་མར་སྦྱོར་ཀློག་ཇི་ལྟར་འཁྲིད་རྒྱུ་ནི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་པར་མ་ཟད། སློབ་ཆུང་སློབ་མའི་ཤེས་རྟོགས་དང་བསམ་བློ་ཀུན་སྤྱོད་མཐོར་འདེགས་བྱེད་ཐུབ་མིན་ལ་རག་ལས་ཡོད། དེ་བས་ཉེ་བའི་ལོ་འགའི་རིང་ལ་ཀན་ལྷོ་དགེ་འོས་སློབ་གྲྭ་དང་གཙོས་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་གཉིས་ནས་ཨ་མདོའི་ཁ་སྐད་ཀྱི་ཚད་ལྡན་སྒྲ་གདངས་གཏན་འཁེལ་བྱས་པ་དང༌། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་གཞུང་ནས་ཆོག་མཆན་ཐོབ་པས་སློབ་ཆུང་སློབ་གསོའི་ཁ་སྐད་དུ་བཀོལ་སྤྱོད་བྱེད་མུས་ཡིན། དེ་ལས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཙམ་གྱི་སློབ་གསོའི་སྐད་ཆ་གཅིག་གྱུར་བྱས་པས་སློབ་ཆུང་སློབ་མའི་ཤེས་རིག་དང༌། བསམ་བློ་ཀུན་སྤྱོད། འབྲེལ་འདྲིས་བྱེད་ཐབས་བཅས་ཕྱོགས་ཡོངས་ནས་བདེ་བླག་ཏུ་འཚར་ལོངས་འབྱུང་བར་དགེ་མཚན་མི་དམན་པ་ལྡན་ཡང༌། དེ་ནི་ས་གནས་རང་བཞིན་དང་ཆེད་ལས་ཚན་ཁག་གི་སྐད་ཆ་གཅིག་གྱུར་གཏན་འཁེལ་བྱས་པ་ཙམ་ཡིན་པས། མདོ་དབུས་ཁམས་གསུམ་སོགས་བོད་སྤྱིའི་ཁ་སྐད་གཅིག་གྱུར་བྱུང་ན་ཅི་མ་རུང་གི་བསམ་པ་རྟག་ཏུ་སྐྱེས་ཤིང་དེ་ལྟ་བུ་འགྲུབ་ན་ལག་ལེན་མཐའ་འཁྱོལ་བྱེད་རྒྱུའི་ཆོད་སེམས་ཀྱང་ལྡན་པ་ཡིན།

གསུམ་པ། སློབ་གསོ་ལས་སྤྱི་སྐད་ཀྱི་དགོས་མཁོ།

    གོང་རིམ་དུ་བོད་སྐད་ཡིག་གི་ད་ལྟའི་གནས་བབ་དང་རང་རེའི་སློབ་གསོའི་གནས་བབ་ལ་དབྱེ་ཞིབ་མདོར་ཙམ་བྱས་ཟིན་པས། ད་ནི་བརྗོད་གཞི་དངོས་ཏེ་སློབ་གསོ་ལས་སྤྱི་སྐད་ཀྱི་དགོས་མཁོའི་རང་བཞིན་སྐོར་རགས་ཙམ་གླེང་ན།
    རྒྱལ་ཡོངས་ཀྱི་དགེ་འོས་སློབ་གྲྭ་ཚང་མར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་བཀའ་ཡིག་ལྟར་དེང་རབས་རྒྱ་ཡིག་ཤེས་བྱ་དང་དགེ་རྒན་གྱི་ཁ་སྐད་སོགས་རྒྱ་ཡིག་སྒྲ་སྦྱོར་ཀློག་སྟངས་ཚད་ལྡན་གྱི་སློབ་གསོ་སློབ་ཁྲིད་བྱེད་བཞིན་ཡོད་ལ། དེ་ཡང་མ་འོངས་པའི་ཚད་ལྡན་དགེ་རྒན་ཞིག་ལ་ངེས་པར་དུ་འཛོམས་དགོས་པའི་ཆ་རྐྱེན་ཡིན་ཏེ། རྒྱའི་སྤྱི་སྐད་རྒྱུགས་སྤྲད་ནས་དགེ་རྒན་གྱི་ཐོབ་ཐང་ཡི་གེ་ལེན་དགོས། རང་རེའི་བོད་ལྟ་བུ་མཚོན་ན། དེ་ལྟ་བུའི་ཚད་ལྡན་སྐད་ཆའི་སློབ་གསོ་དང་ཚད་གཞི་མེད་པར་ལུས་པས། དགེ་རྒན་གྱིས་རང་བདེའི་ཁ་སྐད་གཞིར་བཟུང་བས་སློབ་མར་སློབ་གསོ་ལེགས་པོ་གཏོང་མི་ཐུབ་ལ། སློབ་མས་ནི་རང་གི་དགེ་རྒན་གྱི་ཁ་སྐད་དེ་གཞིར་མི་འཛིན་ཐབས་མེད་བྱུང་བས་ནམ་ཡང་ཁ་སྐད་དང་ཁ་སྐད་ཀྱི་བར་ཁྱད་ཇེ་ཆེར་འགྲོ་བར་མ་ཟད། སློབ་མའི་བསམ་བློ་དང་ཀུན་སྤྱོད་སོགས་ཕྱོགས་ཡོངས་ནས་འཚར་ལོངས་འབྱུང་བར་གེགས་སུ་འགྱུར་བཞིན་ཡོད། དེ་བས་མི་རིགས་སློབ་གསོ་འཕེལ་རྒྱས་འགྲོ་དགོས་ན་ངེས་པར་དུ་གཅིག་གྱུར་ཚད་ལྡན་གྱི་སློབ་གསོའི་ཁ་སྐད་དགོས་ཏེ། ཁ་སྐད་ལས་དགེ་རྒན་ལས་རིགས་ཀྱི་ཁ་སྐད་ཚད་ལྡན་ནམ་ཅུང་ཚད་ལྡན་གྱི་སྤྱི་སྐད་ཀྱིས་མཚོན་ཞིང་སློབ་གསོའི་སློབ་ཁྲིད་ཀྱི་རྩ་དོན་དང་མཐུན་པའི་སྐད་ཆ་ཡིན། ཞེས་གསུངས་པ་ལྟར་རོ།།
    སྤྱིར་དགེ་རྒན་ནི་མིའི་རིགས་ཀྱི་རྣམ་ཤེས་སྐྲུན་པའི་མཁན་པོ་ཡིན་པས། མི་རྣམས་ལ་སློབ་གསོ་གཏོང་བ་དང་མི་སྣ་གསོ་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་འོས་འགན་ཁུར་ཡོད། དེ་བས་དགེ་རྒན་གྱི་ཁ་སྐད་ནི་དགེ་རྒན་གྱི་ལས་རིགས་གཉེར་བའི་བྱེད་ཐབས་གཙོ་བོ་ཡིན་ཏེ། དགེ་རྒན་ཞིག་གི་རིན་ཐང་ལྟ་ཚུལ་དང༌། ཀུན་སྤྱོད་ཚད་གཞི། རིག་གནས་ཡོན་ཚད། མི་གཤིས་རང་བཞིན། མཛེས་རྟོག་ལྟ་བ། བསམ་གཞིགས་བྱེད་ཐབས་སོགས་ཀྱང་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བའི་གོ་རིམ་ལས་ཁ་སྐད་ལ་བརྟེན་ནས་ཕྱིར་མངོན་ཞིང་སློབ་གསོ་གཏོང་ཡུལ་ལ་ཤུགས་རྐྱེན་ནམ་ནུས་པ་འདོན་པ་ཡིན། དེ་བས་དགེ་རྒན་ལས་རིགས་ཀྱི་ཁ་སྐད་ལ་རང་བཞིན་ལྔ་ཡོད་དེ། དེ་དག་གིས་རེ་རེ་བཞིན་སྤྱི་མཐུན་དང་ཚད་ལྡན་གྱི་སྐད་ཆ་ཞིག་དགོས་པར་བླང་བྱ་བཏོན་པ་ཡིན་ཏེ།

གཅིག ཚད་ལྡན་གྱི་རང་བཞིན།
    དགེ་རྒན་གྱི་ཁ་སྐད་ཀྱི་ཚད་ལྡན་རང་བཞིན་ནི་དགེ་རྒན་ལས་རིགས་ཀྱི་རང་བཞིན་གྱིས་གཏན་འཁེལ་བྱས་པ་ཡིན་ཏེ། མིའི་རིགས་ཀྱི་རྣམ་ཤེས་སྐྲུན་པའི་མཁན་པོར་བསྔགས་པའི་དགེ་རྒན་གྱི་ཁ་སྐད་ཀྱི་དཔེ་སྟོན་ནུས་པ་ནི་དགེ་རྒན་གྱི་སློབ་གསོ་ནུས་པའི་ཕྱོགས་གཙོ་བོ་ཞིག་ཡིན། ན་ཆུང་གཞོན་ནུ་རྣམས་ཀྱིས་དགེ་རྒན་ལ་གུས་སེམས་བཅངས་ཤིང་བསྟེན་ནས། དགེ་རྒན་གྱི་སྐད་ཆ་བཤད་སྟངས་དང་འགྲོ་འདུག་སྤྱོད་ལམ་ལ་སློབ་སྦྱོང་དང་ལད་ཟློས་བྱེད་པར་སྤྲོ་བས་དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མར་ཤུགས་རྐྱེན་ཐེབས་བཞིན་ཡོད། དགེ་རྒན་གྱི་སྤྱོད་ལམ་ནི་སྒྲ་མེད་པའི་སྐད་ཆ་གཟུགས་ལྡན་པའི་མིག་དཔེ་ཡིན་པར་བརྗོད་པ་ལྟར་ན། དགེ་རྒན་གྱི་སྐད་ཆ་ནི་སྒྲ་ལྡན་གྱི་སྤྱོད་ལམ་དང་གཟུགས་མེད་ཀྱི་མིག་དཔེ་རུ་བརྗོད་འོས། དེ་བས་དགེ་རྒན་གྱིས་ཚད་ལྡན་གྱི་སྐད་ཆས་སློབ་མར་བག་ཆགས་ཐེབས་པས། མི་རིགས་སྐད་ཡིག་གི་སྤུས་ཚད་མཐོར་འདེགས་གཏོང་བ་དོན་སྙིང་གལ་ཆེན་ལྡན། དེ་ཡང་ཐ་སྙད་ཀྱི་ཀློག་སྟངས་དང་ཚིག་གི་སྦྱོར་བ་སོགས་ཕྱོགས་ཡོངས་ནས་བརྡ་སྤྲོད་གཞུང་ལུགས་དང་མཐུན་དགོས་པར་མ་ཟད། གཅོད་མཚམས་འོས་ལ་སྨྲ་དག་ཅིང་བབ་དང་བསྟུན་དགོས་པ་ཡིན།

གཉིས། སློབ་གསོའི་རང་བཞིན།
    དགེ་རྒན་གྱི་ཁ་སྐད་ཀྱི་སློབ་གསོའི་རང་བཞིན་ནི་སློབ་གྲྭའི་བྱ་གཞག་གི་དམིགས་ཡུལ་དང་དགེ་རྒན་གྱི་འགན་འཁྲི་ཡིས་གཏན་འཁེལ་བྱས་པ་ཡིན་ཏེ། དགེ་རྒན་གྱི་རྩ་བའི་འགན་འཁྲི་ནི་སློབ་གསོ་བཏང་ནས་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་ཕྱིར། སློབ་གསོའི་བྱེད་ཐབས་གཙོ་བོར་གྱུར་བའི་དགེ་རྒན་ལས་རིགས་ཀྱི་ཁ་སྐད་ཀྱིས་མཚོན་པའི་ནང་དོན་དང༌། མཚོན་ཐབས་སོགས་ལ་ངེས་པར་དུ་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་དང་དམིགས་ཡུལ་གྱིས་བཀག་རྒྱ་ཐེབས་པ་ཡིན། དེ་ཡིས་སློབ་གསོ་སློབ་ཁྲིད་བརྒྱུད་རིམ་གྱི་སྐད་ཆ་མཐའ་དག་ལ་དངོས་ཤུགས་གང་རུང་ནས་སློབ་གསོའི་རང་བཞིན་མངོན་དགོས་པར་བསྟན་ཡོད།

གསུམ། ཚན་རིག་གི་རང་བཞིན།
    སློབ་གྲྭའི་བྱ་གཞག་ཁྲོད་དུ་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་དང་བྱེད་ཐབས་ཀྱི་ཚན་རིག་རང་བཞིན་གྱིས་དགེ་རྒན་ལས་རིགས་ཀྱི་ཁ་སྐད་ཀྱི་ཚན་རིག་རང་བཞིན་གཏན་འཁེལ་བྱས་པ་ཡིན། སློབ་གསོ་གཏོང་བའམ་སློབ་ཁྲིད་བྱེད་པ་སོགས་དགེ་རྒན་གྱི་ཁ་སྐད་མཐའ་དག་ནི་ངེས་པར་དུ་ཚིག་གི་སྒྲ་དག་པ་དང༌། དོན་གྱི་གོ་བ་གསལ་བ། གཏན་ཚིགས་དང་མི་འགལ་བ། འགྲེལ་བརྒྱབ་པ་གནད་ལ་འཁེལ་བ་བཅས་ཡིན་དགོས། གལ་སྲིད་སློབ་གསོ་སློབ་ཁྲིད་ཀྱི་ཁ་སྐད་ཚན་རིག་དང་མི་མཐུན་པའམ། གནད་མ་ཟིན་པ། ཐ་ན་ནོར་སྐྱོན་བྱུང་ན་དགེ་རྒན་ལས་རིགས་ཀྱི་སྐྱོན་ལ་བགྲང་འོས། དེ་བས་ཚན་རིག་གི་རང་བཞིན་དང་ལྡན་ཞིང་ཡང་དག་པ་ནི་དགེ་རྒན་ལས་རིགས་ཀྱི་ཁ་སྐད་ཀྱི་རྩ་བའི་བླང་བྱར་གཞག་པ་ཡིན།

བཞི། གསོན་ཉམས་ལྡན་པའི་རང་བཞིན།
    དགེ་རྒན་ལས་རིགས་ཀྱི་ཁ་སྐད་ནི་ངེས་པར་དུ་ན་ཆུང་གཞོན་ནུའི་སེམས་ཁམས་ཁྱད་ཆོས་དང་བསྟུན་དགོས་ཏེ། སློབ་ཆུང་སློབ་རིམ་དུ་སློབ་མའི་མངོན་འགྱུར་བསམ་གཞིགས་ཀྱི་འཕེལ་འགྱུར་ཆེས་མགྱོགས་པས། གསོན་ཉམས་ལྡན་པའི་བརྗོད་པ་ཡིས་སྐད་ཆའི་ཆ་འཕྲིན་སྐྱེལ་གཏོང་གི་བརྒྱུད་རིམ་དུ་བྱེད་ནུས་ཆེས་བཟང་བོ་སྔོག་འདོན་བྱེད་ཐུབ། གསོན་ཉམས་ལྡན་ཞིང་བརྩེ་སེམས་མངོན་པའི་དགེ་རྒན་གྱི་ཁ་སྐད་ཀྱིས་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་སེམས་དང་མདུན་སྐྱོད་ཀྱི་ཆོད་སེམས་ཇེ་བརྟན་གཏོང་ཐུབ་པར་མ་ཟད། ཁོ་ཚོའི་བློ་རིག་དང་སེམས་ཁམས་གྲུབ་ཆ་སྔོག་འདོན་བྱེད་པའི་དུས་མཚུངས་སུ་བློ་རིག་དང་སེམས་ཁམས་ཀྱི་གྲུབ་ཆར་མི་གཏོགས་པའི་ཆའང་སྔོག་འདོན་བྱེད་ཐུབ་པས། སློབ་གསོ་སློབ་ཁྲིད་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་ལེན་ཐུབ། ད་དུང༌། དགེ་རྒན་གྱིས་སྨྲ་དག་ཅིང་གསོན་ཉམས་ལྡན་པའི་རྗོད་པ་ཡིས་སློབ་ཆུང་སློབ་མའི་རྣམ་གཡེང་བཀག་ནས་བློ་རྩེ་གཅིག་སྒྲིམ་བྱེད་དུ་འཇུག་ཐུབ་པས། བློ་རིག་སྦྱོང་བ་དང་གོ་བ་ཟབ་མོ་ལེན་པར་དགེ་མཚན་ལྡན་པ་ཡིན །

ལྔ། དང་ལེན་ཐུབ་པའི་རང་བཞིན།
    དགེ་རྒན་ལས་རིགས་ཀྱི་ཁ་སྐད་ལ་ངེས་པར་དུ་དང་ལེན་བྱེད་ཐུབ་པའི་རང་བཞིན་གྱི་ཁྱད་ཆོས་ལྡན་དགོས། རྒྱུ་མཚན་ནི་དགེ་རྒན་གྱི་ཁ་སྐད་ཀྱིས་མཚོན་པའི་གྲུབ་འབྲས་ཀྱི་བཟང་ངན་ནི་སློབ་མས་དང་ལེན་བྱེད་པར་སྤྲོ་བ་དང༌། དང་ལེན་བྱེད་སླ་བ་ཡིན་དགོས་པས་ངེས་པར་དུ་དང་ལེན་ཐུབ་པའི་རང་བཞིན་ལྡན་པ་ཡིན། དཔེར་ན། དམའ་རིམ་སློབ་ཆུང་སློབ་མ་རྣམས་ནི་མངོན་གྱུར་བསམ་གཞིགས་ལ་མོས་པས་དགེ་རྒན་གྱི་ཁ་སྐད་ཀྱང་གོ་སླ་བ་ཡིན་དགོས་པ་དང༌། མཐོ་རིམ་སློབ་ཆུང་གི་སློབ་མར་ལྐོག་གྱུར་གྱི་བསམ་གཞིགས་ནུས་པ་ལྡན་པས་སྨྲ་བརྗོད་ལ་གཏན་ཚིགས་ལྡན་པ་དང་ཅུང་གཏིང་ཟབ་ཡིན་དགོས།
    དེ་ལྟར་ཚད་ལྡན་དགེ་རྒན་ཞིག་གི་ཁ་སྐད་ཀྱི་རང་བཞིན་ལྔ་ཡོད་པར་རེ་རེ་བཞིན་དབྱེ་ཞིབ་གསལ་བཤད་བྱས་ཟིན་ཏེ། དེ་ནི་སློབ་ཆུང་སློབ་མའི་བློ་རིག་དང་ཤེས་རྟོགས་སོགས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པར་དགེ་རྒན་ལ་མཁོ་ངེས་ཀྱི་བླང་བྱ་ལྔ་ཡིན་པར་མ་ཟད། སློབ་ཆུང་སློབ་མ་རང་གིས་དཔེར་བལྟ་ས་དང་ལད་ཟློས་བྱེད་ས་སྟེ་འབྲེལ་འདྲིས་བྱེད་ཐབས་བྲལ་བས། ཐད་ཀར་སློབ་མའི་སྦྱངས་འབྲས་ལེགས་པོ་ལེན་ཐུབ་མིན་དང་སློབ་མ་བདེ་བླག་ཏུ་འཚར་ལོངས་འབྱུང་ཐུབ་མིན་ལ་རག་ལས། དེ་བས་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་མ་འོངས་འཛུགས་སྐྲུན་བྱེད་མཁན་སློབ་ཆུང་སློབ་མ་གསོ་སྐྱོང་གི་བརྒྱུད་རིམ་ཡོངས་རྫོགས་སུ་སྤྱི་མཐུན་དང་ཚད་ལྡན་གྱི་སྐད་ཆ་མེད་ཐབས་མེད་པ་ཁོ་བོ་དགེ་འོས་སློབ་གསོ་གཉེར་བ་ཞིག་གི་མྱོང་ཚོར་ལས་གྲུབ་པ་ཡིན་པས། རྩོམ་ཐུང་འདི་ཙམ་སྤེལ་ནས་བོད་ཀྱི་སྤྱི་མཐུན་ཚད་ལྡན་ཁ་སྐད་འགྲུབ་པའི་རྒྱུའམ་ཡང་ན་སྐུལ་སློང་གི་ནུས་པ་ཙམ་འདོན་ཐུབ་པའི་སྨོན་འདུན་ཞུ་བ་ཡིན་ནོ།།

སྔོན་མ།
དགེ་རྒན་གྱིས་རང་དོན་དུ་སློབ་ཐུན་ལ་གེགས་བྱ་མི་རུང་།
ཕྱི་མ།
དམའ་འབྲིང་དང་སློབ་ཆུང་གི་སྐད་ཡིག་རྒྱུགས་གཞི་བཟོ་ཐབས་སྐོར་བཤད་པ།
Menu