ཟླ་རེའི་གསར་འགྱུར།

༄༅།།མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་བཞུགས་སོ།།

བསླབ་བྱ།

སློབ་དཔོན་ཀླུ་སྒྲུབ།

༄༅། །རྒྱ་གར་སྐད་དུ། དྭཱི་ད་ཤ་ཀཱ་ར་ནཱ་མ་ན་ཡ་སྟོ་ཏྲཾ། བོད་སྐད་དུ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།

གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས།།
བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་།།
དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི།།
མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི།།

ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས།།
ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ།།
རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི།།
ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ།།

ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི།།
བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ།།
ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི།།
བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ།།

གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས།།
ཨ་ག་མ་ག་དྷཱར་ནི་སྒྱུ་རྩལ་བསྟན།།
སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས།།
འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།།

འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་།།
ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི།།
འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས།།
རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ།།

འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས།།
ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་།།
མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད།།
རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།།

བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི།།
ནེེ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ།།
དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས།།
བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ།།

ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར།།
མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ།།
སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས།།
བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།།

ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི།།
བཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ།།
ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས།།
ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ།།

གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས།།
མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས།།
འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ།།
ཐུབ་པ་གཡུལ་ལས་རྒྱལ་མཛད་ཕྱག་འཚལ་ལོ།།

སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས།།
མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན།།
ལྷ་མི་འགྲོ་བ་ཀུན་ཀྱིས་རབ་མཆོད་པ།།
བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ།།

ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར།།
རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ།།
འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས།།
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ།།

ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་།།
མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར།།
དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས།།
ཆ་བརྒྱད་སྐུ་གདུང་མཛད་ལ་ཕྱག་འཚལ་ལོ་།།

དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི།།
མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི།།
དགེ་བས་འགྲོ་བ་ཀུན་ཀྱི་སྤྱོད་པ་ཡང་།།
བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག།

མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།
༼ཁོང་ནི་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ་ཏེ།སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་བེེ་དརྦྷའི་ཡུལ་དུ་བྲམ་ཟེ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས།དགུང་ལོ་ཆུང་ངུའི་དུས་ནས་གསང་སྔགས་ཀྱི་རྒྱུད་སྡེ་བཞི་དང་།སྡེ་སྣོད་གསུམ་སོགས་ཐུན་མིན་དང་ཐུན་མོང་གི་རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས།དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་གྲུབ་ཆེན་ས་ར་ཧ་པའི་སྐུ་མདུན་ནས་རབ་ཏུ་བྱུང་།མཚན་དགེ་སློང་དཔལ་ལྡན་དུ་གྲགས།མཐའ་བྲལ་དབུ་མ་རིགས་ཚོགས་དྲུག་དང་།རྒྱུད་ཀུན་ལས་བཏུས་པ་སོགས་སྟོབས་བཅུ་མངའ་བའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་མཛད།འཕགས་པ་ལྷ་སོགས་སློབ་མ་ཉི་རྡུལ་ལྟར་བསྐྱངས།སྤྱིའི་ལུགས་ལ་དགུང་ལོ་དྲུག་བརྒྱ་དང་།སྔ་འགྱུར་ལྟར་ན་ཆིག་སྟོང་བར་བཞུགས་ནས་འགྲོ་དོན་མཛད་པར་གྲགས།༽ (བསྟན་འགྱུར་རིན་པོའི་ཆེའི་ཀ་དུམ་བའི་བསྟོད་ཚོགས་ལས་བདམས།)

སྔོན་མ།
ཤེས་རིག་བཀའ་བློན་མཆོག་ནིའུ་ཡོཀ་དང་ཀ་ནཀ་ཊི་ཀར་ཕྱོགས་ཕེབས་གནང་བ།
ཕྱི་མ།
༄༅། །བོད་དང་བོད་ཀྱི་རིག་གནས།
Menu